བཀའ་ཤག་གིས་གྲོས་ཚོགས་ལ་འགན་ཡག་པོ་འཁྱེར་གྱི་མེད་ཚུལ།

གྲོས་ཚོགས་ཀྱི་སྒྲིག་གཞི་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད་རེད། སྤྱིར་བཏང་ནས་གྲོས་ཚོགས་རིང་ལུགས་ཅན་གྱི་མང་གཙོའི་ནང་གྲོས་ཚོགས་ལས་གཙོ་ཆེ་བའི་སྒྲིག་འཛུགས་དང་སྡེ་ཚན་གཞན་མེད་པ་ཞིག་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཡོངས་རྫོགས་ཀྱི་དགོངས་དོན་དུ་ཁྲིམས་ལུགས་རང་གི་ཐོག་ནས་བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་དང༌། ལན་བརྒྱབ་དགོས་པ་དེ་ཧ་ཅང་གསལ་པོ་ཡོད་སྟབས། གྲོས་ཚོགས་ལམ་ལུགས་ཅན་གྱི་རྒྱལ་ཁབ་གཞན་དག་ཁ་ཤས་ལས་ལྷག་པ་ང་ཚོའི་བཙན་བྱོལ་གཞུང་གི་བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁུར་བྱེད་དགོས་པ་ཆགས་ཡོད་རེད། བཀའ་ཤག་གི་ཕྱག་ལས་ཀྱི་ཐོག་དངོས་ཡོད་ཀྱི་སྐུ་ངལ་དེ་དག་གྲོས་ཚོགས་ཀྱིས་མཁྱེན་གྱི་ཡོད་རེད། རྒྱུན་ལས་ཀྱིས་མཁྱེན་གྱི་ཡོད་རེད། ང་རང་སྒེར་གྱིས་ཀྱང་ཤེས་ཀྱི་ཡོད། འོན་ཀྱང་ཡང་ཡང་བསམ་ཚུལ་ཡོང་རྒྱུ་ཞིག་ལ་གྲོས་ཚོགས་ལ་འབྲེལ་བ་གནང་སྟངས་ཀྱི་ཐད་བཀའ་ཤག་སྤྱི་ཡོངས་དང་བཀའ་བློན་སྒེར་སོ་སོའི་ཐོག་ནས་ཐུགས་སྣང་ད་དུང་ཡང་ཆེ་རུ་གཏོང་དགོས་པ་ཞིག་དང༌། ཐུགས་འགན་ཆེ་ཙམ་བཞེས་དགོས་པ་ཞིག་འདུག ལྷག་པར་དུ་ཡང་གཤམ་འོག་གི་ལས་བྱེད་ཚོ་ལ་འདིའི་སྐོར་འགན་ཡག་པོ་ཞིག་དཀྲི་དགོས་པ་དེ་ང་ཚོར་ཚོར་བ་ཤུགས་ཆེན་པོ་ཡོང་གི་འདུག གཅིག་བྱས་ན་ཚོགས་དུས་སྔ་མ་འགའ་ཤས་ནང་ཚོགས་གཙོའི་ལམ་སྟོན་གྱི་ཐོག་ནས་ཞུས་མྱོང་ཡོད་མདོག་ཁ་པོ་རེད། དྲི་བ་དྲིས་ལན་ནི་གྲོས་ཚོགས་ཀྱི་མི་ཚེའི་ནང་གལ་གནད་ཆེ་བའི་ལས་རིམ་ཞིག་རེད། ཡིན་ནའང་སྤྱི་འཐུས་རྣམ་པས་དྲི་བ་དེ་ཚད་ལྡན་ཞིག་གནང་ཐུབ་ཀྱི་ཡོད་དམ་ཞེས་དྲིས་ན་སྤྱི་འཐུས་རྣམ་པ་ཚོའི་དྲི་བ་དེ་ཚད་མཐོ་པོ་ཞིག་མེད་པ་ང་རང་གིས་ངོས་ལེན་ཞུ་གི་ཡོད། དྲི་བ་ཚད་མཐོ་པོ་མེད་པ་དང༌། དྲི་བ་འདྲི་སྟངས་ཡན་ལག་ཡོངས་སུ་མ་ཚང་བ་དང༌། དྲི་བའི་སྔོན་བརྡ་དུས་ཐོག་ཏུ་སླེབས་མི་ཐུབ་པ་བཅས་ཀྱི་དཀའ་ངལ་ཡོང་གི་ཡོད་རེད། འོན་ཀྱང་དེ་ལ་ལྟོས་ཏེ་བཀའ་ཤག་གིས་ལན་གནང་སྟངས་དེ། དྲི་བའི་གནས་ཚད་ལས་ལན་གྱི་གནས་ཚད་མཐོ་བ་ཞིག་ཡོང་དགོས་པའི་རེ་བ་བྱེད་ཀྱི་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། གྲོས་ཚོགས་ཀྱི་འཐུས་མི་ཚོ་ལ་གཤམ་འོག་གི་ལས་བྱེད་ཡོད་མ་རེད། ཡི་གེ་འབྲི་མཁན། ལྕགས་པར་རྒྱག་མཁན། བརྗོད་བྱ་འགྲིགས་མིན་ལྟ་མཁན། ཟིན་བྲིས་ཟོ་མཁན་སུའང་ཡོད་མ་རེད། གྲོས་ཚོགས་འཐུས་མི་སོ་སོའི་རང་གི་བོད་ཡིག་གི་གནས་ཚད་མཐོ་དམན་ཇི་ལྟར་ཡོད་པ་དེ་རང་བེད་སྤྱོད་ཀྱིས་སོ་སོས་ལག་བསྟར་ཏེ་བྲི་རྒྱུ་དང༌། ཡང་ན་སྤྱི་འཐུས་ཕྱག་སྦྲེལ་ཞིག་ལ་རོགས་རམ་བཙལ་རྒྱུ་མ་གཏོགས་མེད་པ་ཡིན་དུས་ཚོགས་གཙོའི་ངོས་ནས་དྲི་བ་ཚད་ལྡན་ཞིག་ཡོང་དགོས་པའི་ཨུ་ཚུགས་བརྒྱབ་པ་ཡིན་ནའང་དེ་འདྲ་ཡོང་རྒྱུ་ཁག་པོ་རེད། བཀའ་ཤག་གི་ངོས་ནས་ལན་གནང་རྒྱུའི་ཐད་བཀའ་བློན་ཡོངས་སུ་རྫོགས་པ་སོ་སོའི་ལས་ཁུངས་ཆ་ཚང་རེ་རེ་ཡོད་པ་ཡིན་སྟབས། ལས་ཁུངས་དེ་ནས་གྲོས་ཚོགས་ཀྱི་དྲི་བར་ལན་བརྒྱབ་རྒྱུ་དེ་གལ་ཆེན་བརྩིས་ཏེ་གྲོས་ཚོགས་དབུ་འཁོར་མི་ཐེབས་པ་དང༌། གོ་རྟོགས་བྱུང་ཚུལ་ལ་ནོར་འཁྲུལ་མི་འགྲོ་བའི་ཆེད་དུ་དངོས་ཡོད་ཀྱི་གནས་ཚུལ་གསལ་སྟོན་ཐུབ་པ་དང༌། དེ་དང་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་སྦས་གསང་མེད་པར་ཆ་ཚང་བ་ཞིག་དགོས། འོན་ཀྱང་ཚོགས་གཙོའི་མཐོང་སྣང་ག་འདྲ་ཞིག་ཡོང་གི་ཡོད་ཅེ་ན། ལན་མང་ཆེ་བ་དུས་ཚོད་འཕུལ་ཐབས་དང་འཕྲོ་དོན་གྱི་དྲི་བ་མང་པོ་མི་ཡོང་བའི་ཐབས་ཤེས་ཤིག་དམིགས་ཡུལ་ལ་བཞག་སྟེ་དངོས་ཡོད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་དེ་ཆ་ཚང་གསལ་པོ་ཞིག་ལབ་མི་དགོས་པ་གཙོ་འདོན་དང༌། ལན་དེ་དག་ག་པར་འཐེན་འཐེན་དང་འགྲེལ་བཤད་ག་འདྲ་རྒྱག་རྒྱག་འཇུ་ས་གཏད་ས་མེད་མཁན་གྱི་བཟོ་འདྲ་པོ་དེ་འདྲའི་ཡོང་ཐབས་འབད་བརྩོན་གནང་གི་ཡོད་པ་ལྟ་བུའི་མཐོང་སྣང་བྱུང༌། ངའི་མཐོང་སྣང་དེ་ནོར་བ་ཡིན་ན་ང་ཧ་ཅང་དགའ་པོ་ཡོང་བ་འདུག གལ་ཏེ་ངའི་མཐོང་སྣང་དེ་ནོར་མེད་ཚེ་བློ་འཚབ་བྱེད་དགོས་པའི་གནས་ཚུལ་ཞིག་རེད། མང་གཙོའི་གཞི་རྩ་གཙོ་བོ་དེ་སྒྲིག་འཛུགས་གཙང་མ་དགོས་པ་ཞིག་དང༌། ཕྱི་གསལ་ནང་གསལ་དགོས་པ་དེ་རེད། སྒྲིག་འཛུགས་གཙང་མ་ཞིག་དང༌། ཕྱི་གསལ་ནང་གསལ་ཡོང་རྒྱུར་འཛིན་སྐྱོང་གི་ནང་དུ་ཡོད་པའི་མི་ཡོངས་རྫོགས་ཀྱི་བསམ་བློའི་གཏིང་ནས་དེའི་ཆེད་དུ་སྲིད་དོན་གྱི་འདུན་པ་ཞིག་མེད་པ་ཡིན་ན། དེ་འདྲའི་གང་ཟག་དེ་མང་གཙོའི་རིང་ལུགས་ཀྱི་ལས་དོན་བྱེད་མཁན་གྱི་འོས་ཆོས་ཤིག་ཚང་གི་ཡོད་མེད་ཀྱི་དྲི་བ་ཞིག་སླེབས་ཀྱི་ཡོད་པ་རེད། དེས་ན་ཡང་ཡང་བསྐྱར་ལྡབ་བྱས་ཏེ་ཞུ་རྒྱུར། དྲང་བདེན་ཡིན་པ་དང༌། ཕྱོགས་ལྷུང་ཆགས་སྡང་བྱས་མེད་པ། འགོ་འདྲེན་ལ་བལྟས་ནས་ལས་ཀ་བྱས་མེད་པ། སྒྲིག་གཞི་དང་འགལ་བའི་ལས་ཀ་བྱས་མེད་པ་དེ་སུས་བལྟས་ཀྱང་མཐོང་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད་མ་གཏོགས། འགྲེལ་བཤད་བརྒྱབ་དགོས་པ་ཞིག་ཆགས་ན་ག་ཚོད་དྲང་བདེན་ཡིན་རུང༌། ཇི་ཙམ་ཡང་དག་པ་ཞིག་ཡིན་རུང༌། དེ་བཤད་པ་བརྒྱབས་ནས་མ་གཏོགས་མིས་བལྟས་པ་ཙམ་གྱིས་མཐོང་མ་ཐུབ་པ་ཞིག་ཡིན་ན་དགོས་དོན་གཅིག་མ་ཚང་བ་རེད།
ལས་ཁུངས་དང་སྡེ་ཚན་སུ་དང་འབྲེལ་བ་ཡོད་པའི་སྤྱི་འཐུས་ཀྱི་གྲོས་ཆོད་དང་ལམ་སྟོན་ཇི་ཡོད་ཚོགས་འདུ་བར་མཚམས་བཞག་འཕྲལ་ལས་ཁུངས་སོ་སོར་ཁ་ཤོག་དང་བཅས་ཏེ་གཏང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། བཏང་བ་ཙམ་མ་ཟད་བྱུང་འཛིན་ཡང་ལེན་གྱི་ཡོད་རེད། འོན་ཀྱང་དྲི་བ་འགའ་ཤས་ཀྱི་ལན་དུ་ཚོགས་དྲུང་ལས་ཁུངས་ནས་ལན་མ་བསྐྱལ་བར་གྲོས་ཚོགས་ཀྱི་གསར་ཤོག་གཟིགས་ཏེ་མཁྱེན་རྟོགས་བྱུང་བའི་བཟོ་འདྲ་པོ་དེ་འདྲའི་བརྗོད་ཚིག་བྱུང་བ་དེ་འགྲེལ་བཤད་གཞན་པ་ཞིག་བརྒྱབ་ན་གྲོས་ཚོགས་ཀྱི་དམིགས་བསལ་ཐོབ་ཐང་ལ་རྩིས་མེད་བྱས་པ་རེད་ཅེས་ལབ་པ་ཡིན་ནའང་འགྲིག་པ་འདྲ་པོ་ཞིག་ཆགས་ཀྱི་རེད།
ཚོགས་གཙོའི་ལས་འགན་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། དམིགས་བསལ་ང་ཚོ་བོད་པའི་སྒྲིག་འཛུགས་ཀྱི་ནང་ལ་ཚོགས་གཙོའི་ལས་འགན་དེ་ཁག་པོ་རེད། ཚོགས་གཙོའི་ཐད་ཀའི་ལས་འགན་གཅིག་གྲོས་ཚོགས་ཀྱི་ཆེ་མཐོང་དང་འགན་དབང་སྲུང་སྐྱོབ་བྱེད་རྒྱུ་དང༌། གྲོས་ཚོགས་ཀྱི་ལས་དོན་ཡོངས་རྫོགས་ཡན་ལག་ཚང་བ་བཟོ་རྒྱུ་དེ་ཡིན་པས། ཚོགས་གཙོའི་འགྲེལ་བརྗོད་དེ་སྙན་པོ་ཞིག་ཆགས་ཀྱི་ཡོད་ཀྱང་རུང༌། མི་སྙན་པ་ཞིག་ཆགས་ཀྱི་ཡོད་ཀྱང་རུང༌། མ་བྱས་ཐབས་མེད་པ་ཞིག་རེད། ད་རིང་ཕྱི་ཟླ་བརྒྱད་པའི་ཕྱི་ཚེས་ཉེར་གསུམ་སྔ་དྲོའི་ཚོགས་ཐེངས་འདིའི་ནང་ནང་སྲིད་བཀའ་བློན་དང་འབྲེལ་བ་ཡོད་པའི་དྲི་བ་གཉིས་དང༌། བཀའ་བློན་ཁྲི་པ་དང་འབྲེལ་བ་ཡོད་པའི་དྲི་བ་གཉིས་བཅས་ལས་རིམ་ནང་བཀོད་ཡོད་རེད། དྲི་བ་དེ་ཚོའི་སྔོན་བརྡ་ཡང་ཕྱིན་པ་རེད། གློ་བུར་དུ་བཀོད་པ་མ་རེད། དྲི་བ་སྔོན་བརྡ་ཕྱིན་པ་ལྟར་བཀའ་བློན་ལས་ཁུངས་སོ་སོ་ནས་དྲིས་ལན་ཡང་ཚེས་གྲངས་དེའི་ཐོག་ལ་འདོན་རྒྱུའི་ཆེད་དུ་འབྱོར་ཡོད་རེད། བཀའ་བློན་ཁྲི་པ་ལ་གློ་བུར་གྱི་ཕྱག་ལས་གལ་ཆེན་པོ་ཡོང་མ་སྲིད་པ་མ་རེད། གློ་བུར་དུ་གྲོས་ཚོགས་སུ་ཕེབས་མ་ཐུབ་པ་ཡོང་སྲིད་པ་རེད། དེ་ལ་བསམ་འཆར་གང་ཡང་མེད། འོན་ཀྱང་དེ་འདྲའི་ཚོགས་འདུ་ཕེབས་མ་ཐུབ་པའི་སྐབས་ལ་བཀའ་དྲུང་ལས་ཁུངས་ཀྱི་ལས་འགན་གཅིག་ག་རེ་ཆགས་ཀྱི་ཡོད་དམ་ཞེ་ན། བཀའ་བློན་འདི་དང་འདི་ད་རིང་གྲོས་ཚོགས་སུ་ཕེབས་ཐུབ་ཀྱི་མི་འདུག་ཅེས་ཚོགས་དྲུང་ལས་ཁུངས་ལ་བརྡ་ལན་ཞིག་ངེས་པར་གནང་དགོས་པ་ཞིག་རེད། དེ་འདྲའི་གསུང་ལན་ཞིག་གནང་རྒྱུར་སྐུ་ངལ་ཡོད་པ་ཞིག་ངས་མཐོང་ཐུབ་ཀྱི་མི་འདུག ང་ཚོར་དུས་ཚོད་མང་པོ་མེད་པའི་ཐོག་ལ་ད་རིང་དྲི་བ་དྲུག་འགྲོ་རྒྱུའི་ཆེད་དུ་འཕྲོས་དོན་དྲི་བ་ཡང་ཉུང་དུ་བཏང་བ་རེད། བཀའ་བློན་ཁྲི་པ་ནང་སྲིད་བཀའ་བློན་གཅིག་ལྕོགས་ད་རིང་ཚོགས་འདུར་ཕེབས་མ་ཐུབ་པ་རེད། མ་ཐུབ་པའི་རྒྱུ་མཚན་བརྩད་གཅོད་ཆེད་ད་ལྟ་ཚོགས་དྲུང་ལས་ཁུངས་ནས་བཀའ་དྲུང་ལས་ཁུངས་སུ་དྲི་བ་ཞུས་འདུག་ཀྱང་བཀའ་བློན་ཚོགས་འདུར་ཕེབས་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ལན་གསལ་བྱུང་མི་འདུག གནས་ཚུལ་འདིའི་ཐོག་བཀའ་བློན་ཁྲི་པའམ་ཡང་ན་བཀའ་དྲུང་ལས་ཁུངས་ནས་གྲོས་ཚོགས་ཀྱི་དམིགས་བསལ་ཐོབ་ཐང་ལ་བརྡལ་བཤིག་བཏང་བ་རེད་ཅེས་ངས་དོན་གནས་ཤིག་བཟོས་པ་ཡིན་ན་དོན་གནས་ཆུང་ཆུང་ཞིག་ལ་རྙོག་དྲ་ཆེན་པོ་བཟོས་སོང་ཞེས་ཚང་མས་མཉེས་པོ་གནང་མདོག་ཁ་པོ་མ་རེད། དོན་གནས་ཤིག་མ་བཟོས་པ་ཡིན་ན་མ་འོངས་པར་འདི་འདྲའི་གནས་ཚུལ་བསྐྱར་ལྡབ་བྱུང་བ་ཡིན་ན། སྐབས་བཅིུག་པའི་ཚོགས་གཙོའི་བཏང་འཛིན་བྱེད་སྟངས་དེ་ལུང་དྲང་རྒྱུ་དང་དཔེར་བཀོད་རྒྱུ་ཞིག་ཆགས་འགྲོ་གི་རེད། བཀའ་བློན་ཁྲི་པ་རྒྱུ་མཚན་མེད་པར་ཚོགས་འདུ་མ་ཕེབས་པ་རྩ་བ་ནས་ཡིན་གྱི་མ་རེད་སྙམ་ངས་ཡིད་ཆེས་ཞུ་གི་ཡོད། ཏན་ཏན་ཕྱག་ལས་གལ་ཆེ་ཞིག་བྱུང་ནས་ཕེབས་མ་ཐུབ་པ་ཡིན་གྱི་རེད། འོན་ཀྱང་རྒྱུ་མཚན་དེ་ཚོགས་དྲུང་ལ་གསུངས་མ་ཐུབ་པ་དེ་ལ་འགྲེལ་བཤད་ག་རེ་བརྒྱབ་རྒྱུ་ཡོད་དམ། དེས་ན་བྱུང་བ་འདི་ལ་ཚོགས་གཙོས་གཏིང་ནས་དགའ་པོ་མ་བྱུང་བའི་གནས་ཚུལ་འདི་ངས་གྲོས་ཚོགས་ཀྱི་དེབ་ཐེར་ནང་ཡིག་ཆ་གསལ་པོ་བཞག་ཐབས་མེད་པ་ཞིག་བྱུང་སོང༌། དེའི་ཆེད་དུ་ད་ལྟ་ངས་འབོད་བསྐུལ་འདི་ཞུས་པ་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥