བཀའ་ཤག་གསར་པའི་ལས་འཆར་ཁག་ངོ་སྤྲོད།

མཆོག་ཏུ་བཀུར་བར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག བཀའ་ཤག་གིས་གསལ་བཤད་ཞུ་ཆེད་ལས་རིམ་བཀོད་བསྒྲིགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀའ་ཤག་གསར་པས་གསལ་བཤད་ཡིག་ཐོག་ཏུ་ཕུལ་བ་གཞིར་བཟུང་མདོར་བསྡུས་མ་གཏོགས་མེད་པས་སྙན་སྒྲོན་ཞུ་ཆོག་པ་ཞུ།ད་ལྟ་བཀའ་ཤག་ལས་ཁུར་དུ་ཞུགས་མ་ཐག་པ་ཡིན་སྟབས། ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་གང་གི་ཐོག་ཏུའང་ཞིབ་འཇུག་དང་གོ་བསྡུར་བྱེད་ལོངས་མ་བྱུང་བའི་དབང་གིས་ད་རེས་གྲོས་ཚོགས་སུ་ཆབ་སྲིད་དང་འཛིན་སྐྱོང་གི་སྐོར་ངེས་གཏན་འཁེལ་བའི་བྱེད་འཆར་འདི་ཡིན་གྱི་གསལ་བཤད་ཞུ་རྒྱུ་མེད། འོན་ཀྱང་བཀའ་ཤག་གསར་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་རིམ་གཏན་འབེབས་སྐབས་ལྟ་གྲུབ་ཀྱི་གཞི་རྟེན་མཐར་ཐུག་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་ལྟར་བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་གསུམ་ཡིན་ཞིང༌། འདི་ནི་ནམ་ཡང་འདའ་མི་རུང་བའི་བཀའ་བཏགས་ཀྱི་ཕྱག་རྒྱ་ཞིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད།
སྤྱིར་བཏང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལྟར་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལས་རིམ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་འཁྲོལ་བསྩལ་བ་ལ་གཞི་བཟུང་སྟེ་ལག་བསྟར་བྱ་རྒྱུའི་འགན་དབང་འཛིན་སྐྱོང་བཀའ་ཤག་ལ་ཡོད་པ་བཞིན་གྲོས་ཚོགས་ཀྱི་ལམ་སྟོན་ཇི་མཛད་ཀྱི་འོག་གོང་ཞུས་གཞི་རྩའི་ལྟ་གྲུབ་གསུམ་དང་འགལ་བ་མེད་ཚེ་ཤར་བསྐྱོད་ཞུ་རྒྱུ་ཡིན།
ྋགོང་ས་མཆོག་གི་ལམ་སྟོན་ལྟར་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་མཐའ་མའི་སྐབས་བསྐྱར་བཅོས་མཛད་པའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་བཀའ་བློན་ཁྲི་པ་བོད་མི་མང་ཚོགས་ཀྱིས་ཐད་ཀར་སྤྱི་ཡོངས་འོས་བསྡུའི་ལམ་ནས་ཡོང་རྒྱུ་དང༌། དེའི་ལས་རོགས་བཀའ་བློན་གཞན་བཀའ་བློན་ཁྲི་པས་མིང་འདོན་བྱ་རྒྱུ་བཅས་ཀྱི་ལམ་སྟོན་གསར་གཏོད་མཛད་པ་འདི་སྔར་སྲོལ་དང་མི་འདྲ་བར་བཀའ་བློན་ཁྲི་པར་ཐད་ཀར་མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་གནས་བབས་ཤིག་བྱུང་ཡོད་ནའང༌། བཅའ་ཁྲིམས་ནང་གྲོས་ཚོགས་དང་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞིར་འགྱུར་བ་གང་ཡང་ཕྱིན་མེད་སྟབས། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་ཁུར་དང༌། རྩིས་རྒྱག ལན་འདེབས་ཞུ་དགོས་པའི་གནས་ཚུལ་ད་ལྟའི་བཀའ་ཤག་གིས་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། ཁ་དོན་མཚུངས་པའི་ལག་ལེན་བསྟར་རྒྱུའི་ཆོད་སེམས་བརྟན་པོ་ཡོད། དེ་དང་ཆབས་ཅིག་གྲོས་ཚོགས་ནས་ཀྱང་བཀའ་ཤག་གི་ངོས་ནས་ཁྲིམས་འཆར་རམ་ལས་འཆར། ཆབ་སྲིད་དམ་འཛིན་སྐྱོང་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་རྒྱབ་གཉེར་ཞུས་རིགས་ལ་མང་ཚོགས་ཀྱི་བཀའ་ལུང་ཡོད་པའི་སྡེ་ཚན་ཞིག་ནས་ཕུལ་བའི་བསམ་ཚུལ་ཞིག་ཡིན་པའི་ངོས་འཛིན་ཆ་མཐོང་གནང་རྒྱུའི་ཡིད་ཆེས་ཡོད། ཡོང་རྒྱུའི་ཟླ་དྲུག་ནང་བཀའ་བློན་ལས་ཁུངས་ཁག་ཚང་མའི་སྲིད་བྱུས་དང་ལས་རིམ་ལ་བསྐྱར་ཞིབ་ཟིན་པར་བྱས་ཏེ་མ་འོངས་པའི་ལས་དོན་བྱེད་ཕྱོགས་ཀྱི་འཆར་གཞི་ཁ་གསལ་ཁམས་དྭངས་ཚོགས་དུས་རྗེས་མའི་ནང་གྲོས་ཚོགས་སུ་འབུལ་ལམ་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་ཀྱི་སྤྱི་ཡོངས་ལམ་སྟོན་ཐོབ་སླད་བསམ་གཞིགས་དང་ཞིབ་འཇུག་བྱ་རྒྱུའི་དོན་ཚན་གལ་ཆེ་འགའ་ཤས་སྙན་འབུལ་ཞུ་རྒྱུ་ཡིན་ཞིང༌། དེ་དག་གི་ཐོག་གྲོས་ཚོགས་ཀྱིས་མཐའ་གཅིག་ཏུ་དགག་བྱ་ཡོད་པའི་རིགས་ཐོག་མ་ནས་ལམ་སྟོན་གསལ་པོ་བྱུང་ན་དེའི་ཐོག་ཉམས་ཞིབ་དང་འཆར་འགོད་སླད་དུས་ཚོད་དང༌། འབད་རྩོལ། རྒྱུ་གྲོན་བཅས་དོན་མེད་དུ་གཏོང་མི་དགོས་པའི་ཁྱད་པར་ཡོང་རྒྱུར་བརྟེན། དོན་ཚན་སོ་སོའི་ཐོག་བགྲོ་གླེང་དང༌། མཐའ་མར་གྲོས་ཚོགས་ཀྱི་དགོངས་ཚུལ་གསལ་པོ་མ་བྱུང་བའི་རིགས་ལ་འོས་བསྡུའི་ཐག་གཅོད་གནང་དགོས་རིགས་ཀྱང་གནང་སྐྱོང་ཡོང་བ་ཞེས་དཔལ་ལྡན་བཀུར་འོས་ཚོགས་གཙོ་མཆོག་ལ་རེ་འདུན་ཞུ་རྒྱུ་ཡིན།

ཆབ་སྲིད།
༡ ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་འོག་དབུ་མའི་ལམ་གྱི་འཇུག་ངོགས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཞུ་རྒྱུ་བཙན་བྱོལ་གཞུང་གི་རྩ་འཛིན་སྲིད་བྱུས་ཡིན་པ་དེ་ཉིད་འཕྲལ་མྱུར་ལག་ལེན་འཁེལ་ཐབས་སུ་རྒྱལ་སྤྱིའི་མཐུན་འགྱུར་གོང་མཐོར་སྤེལ་ཐབས་དང༌། རྒྱ་དམར་དབུ་ཁྲིད་རྣམས་དང་ཐད་འབྲེལ་སླར་གསོ་ཡོང་ཐབས། གཞིས་བྱེས་བོད་མི་རང་ངོས་ནས་འོས་ཤིང་འཚམས་པའི་ལས་འགུལ་སྤེལ་ཐབས་ཇི་དགེ་བཅས་ལ་བསམ་ཞིབ་གྲོས་བསྡུར་ཞུ་རྒྱུ།
༢ འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་ྋགོང་ས་མཆོག་གི་ཡང་དག་པའི་ལམ་སྟོན་ལྟར་བོད་མི་རྣམས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་ནས་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་མ་ཟད། ལྷག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུ་འཚེ་བ་མེད་པའི་ལམ་ལ་མཐའ་གཅིག་ཏུ་དམ་ཚིག་བཟུང་ཟིན་པ་དེ་ལྟར་ཡང༌། འཚེ་བ་ལ་མ་ཞུགས་པ་ཙམ་མ་གཏོགས། འཚེ་བ་མེད་པའི་ལམ་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཐབས་ལམ་དང༌། ལས་རིམ། བྱ་ཐབས་རྣམ་གྲངས་ཇི་ཡོད་བཅས་ཀྱི་ཉམས་ཞིབ་དང་སྦྱོང་བདར་ཇི་བཞིན་མ་བྱུང་བ་མ་ཟད། ལྷག་པར་བོད་གཞིས་བྱེས་གཉིས་སུ་འཚེ་བ་མེད་པའི་ལས་འགུལ་ནུས་ལྡན་སྤེལ་ཐབས་ཀྱི་སྤྱི་ཡོངས་གཞི་རྒྱ་ཆེ་བའི་འཆར་གཞི་ངེས་པ་རྙེད་པ་ཞིག་ད་བར་བཟོ་འགོད་བྱུང་མི་འདུག་སྟབས། ལོ་ཤས་སྔོན་ནས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་འཆར་བཀོད་ཀྱིས་ཨ་རིའི་ནང་ཡོད་ཨལ་བ་ཊ་ཨ་ཡིན་སི་ཊིན་ཉམས་ཞིབ་ཁང་དང་མཉམ་འབྲེལ་གྱིས་འཆར་གཞི་བཟོ་རྒྱུའི་ལས་འཆར་ཞིག་ཡོད་པ་དེ་དག་བཀའ་ཤག་སྔོན་མས་དགོངས་མཐུན་དང་མི་འགྲོའི་བཀའ་འཁྲོལ་ཡང་ཟིན་པ་ཞིག་ཡིན་རུང༌། འགྲོ་གྲོན་མཐུན་རྐྱེན་གྱིས་མ་འདེང་བར་ད་བར་ནར་འགྱངས་སུ་སོང་བ་དེ་དག་ད་ཆ་མཐུན་རྐྱེན་ཐབས་འཚོལ་དང༌། མཐའ་མ་བཀའ་ཤག་ངེས་མེད་དགོས་དངུལ་ནས་འགྲོ་སོང་གཏོང་དགོས་བྱུང་ཡང་བཏང་སྟེ་འཆར་འགོད་ལས་གཞི་དེ་དག་ལག་བསྟར་ཐུབ་ཐབས་བྱ་རྒྱུ་དང༌། དེ་བཞིན་གཞིས་སྒར་ཁག་གིས་མཚོན་པའི་བོད་མི་གནས་ཡུལ་རྣམས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་དང༌། དེའི་ལམ་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཐབས་ཀྱི་ཟབ་སྦྱོང་མུ་མཐུད་སྤྲོད་རྒྱུའི་འདུན་པ་ཡོད།
༣ རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་སྤེལ་ཕྱོགས་ཐད་གཅིག་གྱུར་དང༌། ཕན་ཚུན་འབྲེལ་མཐུད་དམ་ཟབ་འཆར་གཞི་ཞིབ་ཕྲ་ཡོང་ཐབས་བཅས་ལ་སྔར་ལྷག་འབད་བརྩོན་བྱ་རྒྱུ་མ་ཟད། རེ་བ་ཆེ་བའི་རྒྱལ་ཁབ་འགའ་ཤས་ནང་དམིགས་བཀར་གྱིས་ལས་འགུལ་སྤེལ་རྒྱུ་དང༌། དེའི་བརྒྱུད་ཁོ་ཚོས་རྒྱ་ནག་དང་མཉམ་གཉིས་ཕྱོགས་ཀྱི་འབྲེལ་བ་བྱེད་སྐབས་བོད་དོན་སྐོར་གླེང་སློང་འཆར་ཅན་ཙམ་མིན་པར། གྲུབ་དོན་ཞིག་མ་བྱུང་གི་བར་ཨུ་ཚུགས་རྒྱུན་སྐྱོང་ཡོང་ཐབས་བྱེད་ཐུབ་མིན་ཞིབ་འཇུག་དང་ལས་འཆར་འགོད་རྒྱུ།
༤ རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་འདས་པའི་ལོ་ལྔ་ཙམ་གྱི་རིང་བརྩམས་པའི་ལས་འགུལ་རྣམས་ལ་བསྐྱར་ཞིབ་ཀྱིས་གྲུབ་འབྲས་ཆེ་བའི་ལས་འགུལ་འགའ་ཤས་ངོས་འཛིན་གྱིས་དེའི་ཐོག་མུ་མཐུད་ཤུགས་གནོན་བསྐྱེད་རྒྱུའི་ཐོག་ཞིབ་འཇུག་དང་ལས་འཆར་བཀོད་རྒྱུ།
༥ ད་ཕན་ལོ་མང་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ནང་བོད་དུ་མིའི་ཐོབ་ཐང་བརྡལ་བཤིག་ལ་སྐྱོན་བརྗོད་གྲོས་ཆོད་འཇོག་ཐབས་སུ་མི་རྒྱུ་དུས་གསུམ་གྱི་འགྲོ་གྲོན་དང༌། ངལ་རྩོལ་ཆེན་པོ་བསྟེན་ཡོད་ཀྱང༌། ལོ་ལྟར་རྒྱལ་ཁ་མ་ལོན་པའི་གནས་ཚུལ་དེ་དག་རྒྱ་དམར་གྱི་བློ་སྤོབས་སྐྱེ་གཞི་ཙམ་དུ་འགྱུར་དྭོགས་ལ་བརྟེན་འབྱུང་འགྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཁག་ལ་ཞུ་གཏུག་བྱ་རྒྱུའི་ལས་འགུལ་མུ་མཐུད་བྱ་གལ་ཆེ་མིན་ཞིབ་འཇུག་གཏིང་ཟབ་དང༌། བགྲོ་གླེང་གནད་སྨིན་བྱ་རྒྱུ།
༦ རྒྱ་གར་ནང་མང་ཚོགས་བསྐུལ་སློང་དང་འབྲེལ་མཐུད་ཀྱི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་བཀའ་ཤག་སྔོན་མས་ཐུགས་སྣང་ཆེར་བསྐྱེད་ཀྱིས་དྷི་ལི་དོན་ཁང་དུ་རྒྱ་གར་སྡེ་ཚན་གསར་འཛུགས་དང༌། དགོས་དངུལ་ཟུར་བཅད་བཀའ་འཁྲོལ་གནང་ཡོད་རུང༌། ད་ལྟ་ལས་དོན་བྱེད་ཕྱོགས་གསལ་ཁ་མེད་པ་ལྟ་བུ་ཞིག་འདུག་སྟབས། སྡེ་ཚན་དེ་བཞིན་དྷི་ལི་དོན་ཁང་དུ་བཞག་འོས་ཆེ་མིན་དང༌། མ་འོངས་པར་ལས་དོན་ནུས་ཐོན་ཡོང་ཐབས་ཀྱི་བྱེད་ཕྱོགས་ཇི་དགེ་ཞིབ་འཇུག་དང་གོ་བསྡུར་བྱ་རྒྱུ།
༧ སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་གཏོད་མཛད་པའི་འཛམ་གླིང་གྲོས་ཚོགས་ཁག་གི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གསུམ་བསྐོང་ཚོགས་ཟིན་རུང༌། ད་བར་ཚོགས་ཆེན་བཞི་པ་བསྐོང་ཚོགས་མ་ཐུབ་པ་དང༌། ལྷག་པར་རྒྱ་གར་གྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གསར་འཛུགས་མ་ཐུབ་པ་དེ་དག་བསྐྱར་གསོ་བྱེད་ཐབས་དང༌། གྲོས་ཚོགས་ཁག་གི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཆེ་རུ་གཏོང་ཐབས་ཇི་དགེ་བསམ་ཞིབ་བྱ་རྒྱུ།
༨ དབུས་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་བོད་དོན་རྒྱབ་སྐྱོར་ཚོགས་པ་མེད་པའི་ས་ཁག་ཏུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་བྱེད་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༩ ཕྱི་རྒྱལ་དོན་གཅོད་ཁག་གི་ཁྱབ་ཁོངས་ཡུལ་གྲུ་སོ་སོའི་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དང༌། མ་འོངས་བྱེད་འཆར་རྣམས་ལ་བསྐྱར་ཞིབ་དང༌། ད་དུང་ལེགས་སྤེལ་བྱེད་ཕྱོགས་ཇི་དགེ་བསམ་ཞིབ་བྱ་རྒྱུ།

འཛིན་སྐྱོང༌།
ཀ སྤྱི་ཡོངས།
༡ འཛིན་སྐྱོང་གི་ལས་དོན་ཡོངས་རྫོགས་ཁྲིམས་ཀྱི་དབང་སྒྱུར་འོག་ཤར་བསྐྱོད་ཐུབ་ཐབས་སུ་སྲི་ཞུ་བ་རྣམས་ལ་ཁྲིམས་དང་སྒྲིག་གཞིའི་སྦྱོང་བདར་དང༌། ཁྲིམས་སྒྲིག་གལ་ཆེར་བརྩི་བའི་གོམས་གཤིས་སྤེལ་ཐབས། ལས་བྱེད་གོང་རིམ་གསར་འཇུག་དང༌། གནས་སྤར་སྐབས་སྒྲིག་གཞི་ཁག་གི་ཐོག་རྒྱུགས་སྤྲོད་བླང་རྒྱུའི་ལམ་སྲོལ་གསར་གཏོད་བྱ་ཐབས་བཅས་ཀྱི་སྐོར་བསམ་ཞིབ་བྱ་རྒྱུ།
༢ གཞུང་དངུལ་རྩིས་ཆད་དང༌། རྩིས་ཞིབ་སྙན་ཐོའི་ལན་འདེབས་ཇི་བཞིན་མ་བྱུང་བའི་རིགས་དུས་ཚོད་ངེས་ཅན་གྱི་ནང་དག་སེལ་དགོས་པའི་བཀོད་ཁྱབ་བཏོན་རྒྱུ་དང༌། དུས་ཐོག་དག་སེལ་མ་ཐུབ་པའི་རིགས་ལ་སྒྲིག་གཞི་གཞིར་བཟུང་བཏང་འཛིན་ནན་པོ་བྱ་ཕྱོགས་སྐོར་བསམ་ཞིབ་བྱ་རྒྱུ།
༣ ལས་འབོར་ཉམས་ཞིབ་ཚོགས་ཆུང་ཞིག་འཕྲལ་འཛུགས་ཀྱིས་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་ལས་འབོར་ཉམས་ཞིབ་ཚན་རིག་དང་མཐུན་པ་ཞིག་བྱས་ཐོག་ད་ཡོད་ས་མིག་ཁག་ལ་སྣོན་འཕྲི་དགོས་རིགས་གཏན་འབེབས་བྱ་རྒྱུའི་ཐོག་ས་མིག་དང་མི་འགྲོའི་གནས་རིམ་མ་མཐུན་པ་མེད་པ་བཟོ་རྒྱུ་དང༌། ཁྱད་ལས་ཀྱི་སྦྱོང་བདར་ཡོད་རིགས་སྦྱོང་བདར་དང་ལས་འགན་མ་མཚུངས་པའི་རིགས་མི་འབྱུང་བའི་ཐབས་ལམ་ཇི་དགེ་བཅས་བསམ་ཞིབ་བྱ་རྒྱུ། དེ་བཞིན་གཞུང་བསྐོས་དང་རང་ཁོངས་ལས་བྱེད་ཀྱི་སྡེ་ཚན་གཉིས་དགོས་གལ་ཆེ་མིན་བསྐྱར་ཞིབ་དང༌། གཞུང་བསྐོས་ལས་བྱེད་རྣམས་ཁྱད་ལས་དང་མཐུན་པའི་སྒྲིག་གྲལ་དབྱེ་ན་དགེ་མཚན་ཡོད་མེད་དང༌། ལག་ལེན་ཐུབ་མིན་བསམ་ཞིབ་བྱ་རྒྱུ།
༤ སྲི་ཞུ་བ་རྣམས་ཀྱི་ཁེ་ཕན་སྲུང་སྐྱོབ་དང་དྲང་བདེན་ཡོང་སླད་སྲི་ཞུ་བའི་ལག་དེབ་དང་སྒེར་གྱི་ཡིག་སྣོད་བཅས་བསྐྱར་ཞིབ་ཐོག་འབྱུང་འགྱུར་ཡིག་རིགས་འདི་དག་འཇོག་སྟངས་དང་བདག་ཉར་བྱེད་ཕྱོགས་ཚན་རིག་དང་མཐུན་པ་བཟོ་ཐབས་བསམ་ཞིབ་བྱ་རྒྱུ།
ཁ བཀའ་དྲུང་ཡིག་ཚང༌།
༡ བཀའ་དྲུང་ཡིག་ཚང་ནི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཐད་ནས་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྡེ་ཚན་ནང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་སྟབས། འདིའི་ལས་དོན་བྱེད་ཕྱོགས་དང་ལས་བྱེད་པའི་ས་མིག་སོགས་བསྐྱར་ཞིབ་ནན་པོའི་ཐོག་ལས་དོན་ནུས་ཐོན་ཚགས་ཚུད་ཡོང་ཐབས་ཇི་དགེ་བསམ་ཞིབ་བྱ་རྒྱུ།
༢ འབྱུང་འགྱུར་བཀའ་བློན་ཁྲི་པར་ཆབ་སྲིད་དང༌། འཛིན་སྐྱོང༌། མང་ཚོགས་འབྲེལ་མཐུད་སོགས་ཀྱི་ལས་འབོར་སྔར་ལྷག་ཡོང་རྒྱུར་བརྟེན། བཀའ་དྲུང་ལས་ཁུངས་ཀྱི་ཆ་ཤས་སུ་བཀའ་ཁྲིའི་སྒེར་དྲུང་དང་ལས་བྱ། བཀའ་ཁྲིའི་ཤག་གི་ལས་ཁུངས་བཅས་གསར་གཏོད་བྱ་རྒྱུར་བསམ་ཞིབ་བྱ་རྒྱུ།
༣ བཙན་བྱོལ་གཞུང་གི་ལས་ཁུངས་མ་ལག་མང་ཆེ་བ་ཉིན་མོའི་ལས་ཀའི་དུས་ཚོད་མ་གཏོགས། ལས་ཁུངས་གྲོལ་རྗེས་དང༌། གུང་སེང་སོགས་ཀྱི་སྐབས་འབྲེལ་མཐུད་བྱ་ས་མེད་པ་ལྟ་བུ་སྣང་བས་རེས་གཟའ་སྤེན་ཉི་དང༌། གཞུང་འབྲེལ་གུང་སེང་སྡེབ་འཛོམས་ལྟ་བུའི་ཉིན་བསྟུད་ལས་ཁུངས་མེད་སྐབས་ལས་དོན་ཛ་དྲག་ཆེ་ཡང་འབྲེལ་མཐུད་མ་ཐུབ་པའི་ཉམས་མྱོང་ཡོང་འདུག་པར་བརྟེན་རྒྱུན་ལྡན་ཉིན་མཚན་ཁོར་ཡུག་དང༌། འཆར་འཕར་གྱི་གུང་སེང་སོགས་ཇི་འདྲ་ཞིག་ཡིན་རུང་རྒྱུན་དུ་ཁ་པར་དང༌། མྱུར་འཕྲིན། གློག་འཕྲིན། བང་མི་ཐུག་བཅར་སོགས་བྱ་ཡུལ་གྱི་འབྲེལ་མཐུད་ཁང་ཞིག་བཀའ་དྲུང་ཡིག་ཚང་གི་ཆ་ཤས་སམ། ཡང་ན་འབྲེལ་ཡོད་སྡེ་ཚན་གང་རུང་གི་ནང་གསར་འཛུགས་བྱ་ཕྱོགས་སྐོར་བསམ་ཞིབ་བྱ་རྒྱུ།
༤ བཀའ་ཤག་གིས་སྣེ་ལེན་བྱ་འོས་ཕྱི་ནང་གི་སྐུ་མགྲོན་སྤྱི་དང༌། ལྷག་པར་རྒྱ་གར་གྱི་སྐུ་མགྲོན་རིགས་རྒྱུན་དུ་ཤངས་ལེན་ཞུ་དགོས་ཡོང་གནས་ཀྱང་རྡ་སའི་མགྲོན་ཁང་ཁག་ཏུ་འགྲོ་གྲོན་ཆེ་བ་དང༌། དེ་སྔོན་བཀའ་ཤག་གི་མགྲོན་ཁང་དམིགས་སྒོ་ཞིག་ཡོད་འདུག་ཀྱང་མཐུན་རྐྱེན་མ་ཚང་བས་ད་ཆ་ལས་བྱེད་པའི་ལས་ཤག་ཏུ་ག་བསྒྱུར་ཟིན་འདུག་སྟབས། ཁང་ཁུལ་གང་འོས་ཤིག་ཏུ་སྐུ་མགྲོན་དཀྱུས་མ་རྣམས་གོ་སྒྲིག་ཞུ་འོས་ཀྱི་བཀའ་ཤག་མགྲོན་ཁང་རུང་ཁང་དང་ལས་བྱེད་ཆ་འགྲིགས་ཤིག་གོ་སྒྲིག་བྱ་རྒྱུར་བསམ་ཞིབ་བྱ་རྒྱུ།
༥ བཀའ་དྲུང་ཡིག་ཚང་གི་ལས་རིགས་ཁག་བསྐྱར་ཞིབ་ཀྱི་ཐོག་འབྲེལ་ཡོད་བཀའ་བློན་ལས་ཁུངས་སོ་སོས་གནང་འོས་ཀྱི་ལས་དོན་རིགས་བཀའ་དྲུང་ཡིག་ཚང་ནས་ཞུ་མ་དགོས་པར་འབྲེལ་ཡོད་སོ་སོར་རྩིས་སྤྲོད་བྱེད་རྒྱུའི་སྐོར་བསམ་ཞིབ་བྱ་རྒྱུ།
༦ བཀའ་དྲུང་གི་གོ་གནས་དང༌། འགན་དབང༌། འོས་ཆོས། བསྐོ་གཞག་བྱེད་ཕྱོགས་སོགས་ཀྱི་སྒྲིག་གཞི་བསྐྱར་ཞིབ་དང་གསར་གཏོད་ཀྱི་ལམ་ནས་འཛིན་སྐྱོང་ཁྱབ་ཁོངས་ཀྱི་སྲི་ཞུ་བ་ཡོངས་ཀྱི་བླང་དོར་སྒྲིག་གཞི་བཏང་འཛིན་བྱ་ཕྱོགས་སྔར་ལྷག་ཚགས་ཚུད་ནུས་པ་ཐོན་པ་ཡོང་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༧ གློ་བུར་སྐྱོབ་གསོ་དང༌། ངལ་སེལ་དགོས་རིགས་ཆེད་བཀའ་བློན་ཁྲི་པའི་སྐྱོབ་གསོའི་མ་དངུལ་ཞིག་འཛུགས་ཐབས་བྱ་རྒྱུ་དང༌། དེའི་སྒྲིག་གཞི་གཏན་འབེབས་ཞུ་ཕྱོགས། དེ་བཞིན་བཀའ་བློན་ཡོངས་ལ་མཚན་གནས་རྗེས་འབྲེལ་གྱི་དགོངས་དཔྱད་འགྲོ་སོང་གཏོང་དམིགས་ཀྱི་རྩིས་འགོ་ཞིག་ཀྱང་རྗེས་ལོའི་སྔོན་རྩིས་ནས་གསར་གཏོད་བྱ་ཕྱོགས་དང༌། དེའི་སྒྲིག་གཞི་བཅས་ཀྱི་སྐོར་བསམ་ཞིབ་བྱ་རྒྱུ།
ཆོས་རིག་ལས་ཁུངས།
༡ ཆོས་དོན་ལས་ཁུངས་ཀྱི་གྲུབ་ཆ་དང༌། དམིགས་ཡུལ། ལས་དོན་བྱེད་ཕྱོགས་བཅས་ལ་བསྐྱར་ཞིབ་གཏིང་ཟབ་ཀྱི་ཐོག་བཙན་བྱོལ་གཞུང་དང༌། བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་གི་དབར་འབྲེལ་ལམ་གྱི་ངོ་བོ་ཇི་ཡིན། སྲིད་གཞུང་གི་ངོས་ནས་ཆོས་ལུགས་ཁག་ལ་སྲི་ཞུ་ཞུ་ཕྱོགས་ཀྱི་ས་མཚམས་དང་ལམ་སྲོལ་ཁ་གསལ་ཡོང་ཐབས་སྐོར་ཁྲིམས་སྲོལ་དང་མཐུན་ཞིང་ལག་ལེན་ཐུབ་པའི་བྱེད་སྒོ་ལམ་སྟོན་ཞིག་གཏན་འབེབས་ཞུ་རྒྱུའི་ཐད་བསམ་ཞིབ་བྱ་རྒྱུ།
༢ ཆོས་དོན་ལྷན་ཁང་འདི་བཞིན་སྲིད་གཞུང་གི་འཆར་ཅན་ལས་ཁུངས་ཙམ་དུ་མ་གནས་པར་ཆོས་ལུགས་ཆོས་བརྒྱུད་ཡོངས་ཀྱི་དབང་ལྡན་སྐུ་ཚབ་ཡོད་པའི་ཆོས་དོན་ལྷན་ཚོགས་ཤིག་ཏུ་བསྒྱུར་ཏེ། ཆོས་ཕྱོགས་ཀྱི་གནས་ཚུལ་ཡོངས་རྫོགས་ལ་ལྟ་རྟོག་བཏང་འཛིན་དང་རྒྱབ་སྐྱོར་ཞུ་རྒྱུའི་འགན་དབང་མང་ཚོགས་ཀྱི་བཀའ་ལུང་དང་ལྡན་པ་ཞིག་ཏུ་སྒྱུར་ཐབས་དང༌། དེའི་བརྒྱུད་ཆོས་ལུགས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་ཆིག་བསྒྲིལ་གོང་མཐོར་སྤེལ་བ་ལ་ནུས་པ་དང་ལྡན་པ་ཞིག་ཡོང་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༣ ཆོས་བྱེད་དགེ་འདུན་པ་སུ་ཡང་ཆོས་སྡེ་སོ་སོའི་བཀའ་འཁྲོལ་དང༌། དགོས་དབང་གི་ཕྱོགས་བཞུགས་དགོས་རིགས་མ་གཏོགས། ཆོས་སྡེ་སོ་སོའི་སྒྲིག་འཛུགས་སམ་དགོན་གནས་རང་དུ་བཞུགས་རྒྱུ་ལས། འཇིག་རྟེན་ཁྱིམ་པའི་ཁྲོད་མཉམ་བསྲེས་མི་ཡོང་བའི་ཐབས་ལམ་ཇི་དགེ་བླ་ཆེན་མཁན་ལས་མཉམ་གོ་བསྡུར་ཞུ་རྒྱུ།
༤ བོད་ཀྱི་ཡུལ་མི་ཕལ་མོ་ཆེ་ལས་འབྲས་ལ་ཡིད་ཆེས་བྱེད་མཁན་ཡིན་སྟབས། བོད་དོན་བདེན་མཐའ་གསལ་ཐབས་སུ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་འཆར་གཞི་དང་ལྡན་པའི་རྣམ་དཀར་ཚོགས་བསགས་ཀྱི་བྱ་བ་གཞི་རྒྱ་ཆེ་བ་ཞིག་སྒྲུབ་ཐབས་དང༌། དེ་འབྲེལ་ལྷ་སྲུང་ཁག་གི་འཕྲིན་ལས་བསྐུལ་བའི་ལས་རིམ་རྒྱ་ཆེ་སྒྲུབ་ཐབས་ཀྱི་སྐོར་བསམ་ཞིབ་བྱ་རྒྱུ།
ནང་སྲིད།
༡ བཅའ་ཁྲིམས་རིན་པོ་ཆེའི་ནང་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་གསལ་བ་བཞིན་བོད་མིའི་གཞིས་ཆགས་ཁག་བརྟན་ལྷིང་རྒྱུན་གནས་ཐུབ་ཐབས་ཆེད་གཞིས་ཆགས་ཁག་སོ་སོའི་སོ་ནམ་དང་བཟོ་ལས་གང་ཡིན་འཚེ་བ་མེད་ཅིང་ཁོར་ཡུག་ལ་མི་གནོད་པ། ངལ་རྩོལ་ཆུང་ཞིང་ཐོན་སྐྱེད་ཆེ་བའི་སྲོལ་རྒྱུན་གྱི་ཐབས་ལམ་བདག་ཉིད་ཆེན་པོ་གཱན་དྷི་དང༌། མ་ས་ནོ་བུ་ཕུ་ཀོ་ཝོཀ ཤུ་མ་ཀར་སོགས་ཀྱིས་བསྟན་པའི་ལམ་སྟོན་འོག་གཞི་རྒྱ་ཆེ་ཞིང་ཕུགས་གཏན་འཁེལ་བའི་འཆར་འགོད་དང་ཚོད་བལྟ། ལག་བསྟར་བྱ་ཕྱོགས་བསམ་ཞིབ་བྱ་རྒྱུ།
༢ གཞིས་ཆགས་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་དང༌། རྩི་ཤིང་འདེབས་འཛུགས། ལྷག་པར་ས་བབས་དང་བསྟུན་པའི་སྔོ་སྨན་རིགས་འདེབས་ལས་བྱ་ཐབས་དང༌། སྲོལ་རྒྱུན་སྒོ་ཕྱུགས་གསོ་སྐྱོང་གི་ལམ་ནས་རྫས་སྦྱོར་མེད་པའི་ལུད་དང༌། འབུ་སྲུང༌། ལྕི་རླངས་ཀྱི་མེ་རྒྱུ་དང་བཞུ་མར་སོགས་ཀྱི་མཐུན་རྐྱེན་སྐྲུན་ཐབས་སྐོར་བསྐྱར་ཞིབ་བྱ་རྒྱུ།
༣ གཞིས་ཆགས་བརྟན་གནས་སླད་ན་གཞོན་སློབ་ཐོན་རྣམས་གཞིས་ཆགས་རང་དུ་གནས་སྡོད་ཐུབ་ཐབས་ཀྱི་ཐབས་ལམ་བཙལ་རྒྱུ་དང། དེའི་སླད་འཕྲལ་སེལ་གཞིས་ཆགས་རྣམས་སུ་འོས་འཚམས་ལས་རིགས་གང་མང་འཐོན་ཐབས་དང༌། ནམ་ཕུགས་ཀྱི་དཀའ་ངལ་སེལ་སླད་སློབ་སྦྱོང་གི་ལམ་སྲོལ་ཐོག་གཞི་རིམ་གྱི་འགྱུར་བ་གཏོང་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༤ ན་གཞོན་སློབ་ཐོན་དང་སློབ་ཐོན་མིན་པའི་ལས་མེད་རྣམས་དང༌། དྭང་ཞབས་ཟུར་པ་ཁ་འཐོར་བ་གཞིས་ཆགས་ཀྱི་མཐུན་རྐྱེན་མེད་རིགས་རྣམས་ཀྱི་དཀའ་ངལ་སེལ་ཐབས་འཕྲལ་སེལ་དང་ཕུགས་འཕེར་གྱི་ལས་འཆར་ཇི་དགེ་བསམ་ཞིབ་བྱ་རྒྱུ།
༥ གངས་སྐྱིད་ཀྱིས་མཚོན་གཞུང་ཁང་ཁག་གི་འཛིན་སྐྱོང་དང་ཉམས་གསོ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སླད་བྱེད་ཐབས་ཇི་དགེ་བསམ་ཞིབ་བྱ་རྒྱུ།
༦ རྡ་ས་བཞུགས་སྒར་གྱི་གནས་བབས་ཡར་རྒྱས་གཏོང་སླད་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལམ་དང༌། ཡུལ་མིའི་མཐུན་རྐྱེན་གཞན་དག་འདེང་ངེས་བཟོ་སླད་རྡ་ས་འཛུགས་སྐྲུན་གྱི་ལས་འཆར་ཞིག་རྒྱ་གར་དབུས་སའི་གཞུང་དང༌། རོགས་ཚོགས་གཞན་བརྒྱུད་སྒྲུབ་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༧ ནང་འཕྲོད་ཤེས་གསུམ་གྱི་ཉམ་ཐག་རྟོག་ཞིབ་ཚོགས་ཆུང་ཟུར་འཛུགས་ཡོད་པ་ནས་ད་བར་ཉམ་ཐག་གཟིགས་སྐྱོང་གནང་མུས་དེ་དག་ད་དུང་གནད་སྨིན་དང༌། ཕུགས་འཕེར་ཡོང་ཐབས། ལྷག་པར་ཁ་ཐོར་དུ་གནས་པའི་བོད་མིའི་ནང་ཉམ་ཐག་རྟོག་ཞིབ་ཀྱི་ལས་རིམ་གྱིས་ཁྱབ་པ་ཡོང་ཐབས་བསམ་ཞིབ་བྱ་རྒྱུ།
༨ མེའོ། ཏེ་ཛུ། མན་སྤར། ཨོ་རི་ས། སྦན་ད་ར་ལྟ་བུའི་དཀའ་ངལ་ཆེ་བའི་གཞིས་ཆགས་ཁག་དམིགས་བསལ་ཡར་རྒྱས་གཏོང་ཐབས་དང༌། གཞིས་ཆགས་དེ་ཚོའི་ནང་གི་དམིགས་བསལ་དཀའ་ངལ་ཡོད་རིགས་སེལ་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༩ བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་ཏཻ་མི་ལོ་ ༤༢ ལྷག་སོང་ཡང་ད་དུང་སྐྱོབ་གསོ་དང་རོགས་དངུལ་ལ་བརྟེན་རྐྱང་བྱེད་པའི་གོམས་གཤིས་ངན་པ་ཞིག་ཆགས་འདུག་པ་དེ་དག་རིམ་པས་བསལ་ཏེ་བོད་རིགས་རྣམས་རང་ཁ་རང་གསོ་ཐུབ་པའི་འཚོ་ཐབས་དང་སེམས་སྤོབས་སྐྲུན་ཐབས་བྱ་རྒྱུ་མ་ཟད། ད་ཡོད་སློབ་ཡོན་དང་སྐྱོབ་གསཽའི་རིགས་ཀྱང་མིག་སྨན་མིག་ཐོག་ཏུ་འགྲོ་བ་མ་གཏོགས་ག་བསྒྱུར་དང་ཆུད་ཟོས་མི་འབྱུང་བའི་ཐབས་ལམ་ཇི་དགེ་བསམ་ཞིབ་བྱ་རྒྱུ།

དཔལ་འབྱོར།
༡ བཙན་བྱོལ་གཞུང་གི་གཞི་རིམ་དཔལ་འབྱོར་གྱི་སྲིད་བྱུས་ྋགོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའམ། འཚེ་བ་མེད་པའི་དཔལ་འབྱོར་གྱི་ལྟ་གྲུབ་ལ་གཞི་བཅོལ་ཏེ་སྐབས་བབས་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་ཤིང༌། མཐར་ཐུག་མ་འོངས་བོད་ཀྱི་དཔལ་འབྱོར་སྲིད་བྱུས་ཀྱི་ལམ་སྟོན་ཐུབ་པ་ཞིག་གཏན་འབེབས་བྱ་རྒྱུུའི་འབད་བརྩོན་བྱ་རྒྱུ།
༢ ད་ལྟ་བཙན་བྱོལ་བོད་གཞུང་གིས་ཐད་འཛིན་བྱེད་པའི་བཟོ་ཚོང་ལས་རིགས་གྱོང་གུན་ཆེ་བ་ཁག་བཞི་ཙམ་སྒོ་བརྒྱབ་རྒྱུའི་ལས་རིམ་འཕྲལ་དུ་འགོ་འཛུགས་བྱ་རྒྱུ་དང༌། དེ་མིན་གྱོང་གུན་མེད་པའི་སྡེ་ཚན་རྣམས་འབྱུང་འགྱུར་ལོ་ལྔའམ་བཅུའི་ནང་སྒེར་བདག་ཅན་དུ་སྒྱུར་ཐབས་ཀྱི་འཆར་གཞི་བརྟན་པོ་བཀོད་དེ་རིམ་པས་ལག་བསྟར་བྱེད་ཐབས་ཀྱི་ཐབས་ལམ་གཏན་འབེབས་བྱ་རྒྱུ།
༣ གཞུང་འཛིན་དཔལ་འབྱོར་སྡེ་ཚན་སྒེར་བདག་ཅན་དུ་བསྒྱུར་བ་དང་ཆབས་ཅིག་གཞུང་གི་མ་དངུལ་རྣམས་ཉེན་ཁ་མེད་པའི་མ་འཛུགས་ཁག་ཏུ་གཏན་བཞག་གིས་ལོ་རེའི་སྐྱེད་འབབ་ཀྱི་ཐོག་ནས་གཞུང་གྲོན་འདང་ངེས་བཟོ་ཐབས་དང༌། ད་ཡོད་མང་ཚོགས་ཀྱི་མ་བཅོལ་རྣམས་དུས་ཡུན་ངེས་ཅན་གྱི་ནང་མ་སྐྱེད་ཆ་ཚང་ཕྱིར་སློག་བྱེད་ཕྱོགས་ཀྱི་འཆར་གཞི་བརྟན་པོ་བཀོད་རྒྱུ།
༤ གཞུང་དངུལ་འདུ་འགོད་རྣམས་གནས་ཡུལ་སོ་སོའི་ཡུལ་ཁྲིམས་དང་མཐུན་པ་དང༌། སྲི་ཞུ་བའི་ཕོགས་འབབ་ནས་ཡུལ་སྲོལ་ཁྲལ་འབབ་ཐོབ་རིགས་ཁྲིམས་མཐུན་ཁྲལ་བསྡུ་བྱ་རྒྱུ།
༥ སྤྱི་ཡོངས་གཞུང་གྲོན་བསྲི་ཚགས་ཡོང་ཐབས་སུ་དབུས་དང་ས་གནས་གང་སར་ཁྱད་ལས་པ་ཆེད་འཛུགས་ཀྱིས་ཞིབ་འཇུག་དོ་ནན་ཐོག་ཐབས་ལམ་གང་ཡོད་ལག་བསྟར་བྱ་རྒྱུ་དང༌། སྣུམ་འཁོར་དང༌། དེ་མཚུངས་ཀྱི་མཐུན་རྐྱེན་ཁག་གི་ཐོབ་ཐང་གཏན་འབེབས་ཀྱིས་སྲིད་བྱུས་དང་སྒྲིག་གཞི་བཟོ་རྒྱུ།
༦ གཞུང་བདག་ས་ཁང་དང༌། སྤོ་རུང་གི་དངོས་རྫས་རྣམས་ཁྲིམས་མཐུན་དང༌། ཆུད་ཟོས་མི་འགྲོ་བའི་འཛིན་སྐྱོང་བྱ་ཕྱོགས་ཀྱི་ལམ་སྲོལ་ངེས་གཏན་བཟོ་རྒྱུ།
༧ བཙན་བྱོལ་བོད་མིའི་དཔྱ་ཁྲལ་དང་ངེས་ཅན་བསྡུ་དངུལ་རྣམས་ཆ་ཚང་དུས་ཐོག་བསྡུ་རུབ་ཐུབ་ཐབས་དང༌། དེ་སྔ་དཔྱ་ཁྲལ་འབུལ་ཆད་གྱུར་རིགས་ཀྱང་དཔྱ་ཁྲལ་འབུལ་འགོ་ཚུགས་ཐུབ་ཐབས་ཀྱི་སྲིད་བྱུས་གཏན་འབེབས་བྱ་ཕྱོགས་བསམ་ཞིབ་བྱ་རྒྱུ།
༨ ལོ་འཁོར་སྔོན་རྩིས་འབུལ་ཕྱོགས་སྤྱི་དང༌། ཁྱད་པར་དམིགས་བཀར་སྔོན་རྩིས་འབུལ་ཕྱོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཀྱི་ལམ་སྟོན་གཞི་བཟུང་བའི་ཐོག་ད་དུང་ལེགས་སྤེལ་བྱེད་ཕྱོགས་ཇི་དགེ་སྤྱི་འཐུས་གྲོས་ཚོགས་ཀྱི་ལམ་སྟོན་དང་བཀའ་སློབ་ཞུས་ཏེ་རྗེས་ལོ་ནས་སྔོན་རྩིས་འབུལ་ཕྱོགས་ཀྱི་ལམ་སྲོལ་གཏན་འབེབས་ཀྱིས་དེ་དང་མཐུན་པར་འབུལ་ཐབས་བྱ་རྒྱུ།
༩ འཆར་འགོད་སྡེ་ཚན་འདི་འཆར་འགོད་ཁོ་ནའི་ཁྱད་ལས་ཐོག་རྒྱ་བསྐྱེད་ཀྱིས་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་འཆར་གཞི་ཡོངས་རྫོགས་ཀྱི་མཚམས་སྦྱོར་དང༌། ཁྱད་ལས་ཀྱི་མཐུན་འགྱུར། ལྷག་པར་མ་འོངས་བོད་ཀྱི་འཆར་གཞི་གཞི་རྒྱ་ཆེ་ཙམ་ཞིག་བཟོ་འགོད་བྱ་ཆེད་རྩལ་འདོན་ཞུ་རྒྱུ་དང༌། དེའི་སླད་འཆར་གཞི་ལག་བསྟར་གྱི་ལས་རིམ་འཆར་འགོད་ནས་ཞུ་མ་དགོས་པར་འབྲེལ་ཡོད་ལས་ཁུངས་ལ་ཟླ་བསྒྲིལ་བྱ་ཕྱོགས་བསམ་ཞིབ་བྱ་རྒྱུ།
ཤེས་རིག
༡ བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་སྲིད་བྱུས་ཚད་ལྡན་ཞིག་གཏན་ལ་ཕབ་ཆེད་འདས་པའི་ལོ་ཤས་ནང་ཚོགས་ཆུང་ཆེད་འཛུགས་ཀྱིས་ཟིན་བྲིས་བཀོད་ཟིན་པ་དེ་དག་བསྐྱར་ཞིབ་ཀྱིས་རིང་མིན་གཏན་འབེབས་བྱ་རྒྱུ།
༢ བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཏུ་ཤེས་ཡོན་གྱི་གནས་ཚད་ཇེ་ཞན་དུ་འགྲོ་བཞིན་པའི་གནས་ཚུལ་ཐོག་གནས་ཚད་ཡར་རྒྱས་གཏོང་ཐབས་ཀྱི་ཐབས་ལམ་བཙལ་ཕྱོགས་ཐད་ཉམས་ཞིབ་གཏིང་ཟབ་དང་འབྲེལ་ཕན་གནོད་འདྲེས་པའི་ལས་འགུལ་ལག་བསྟར་བྱ་རྒྱུ།
༣ དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང༌། འཛིན་སྐྱོང་དེའི་འོག་སློབ་གྲྭ་ཁག་ཏུ་ཡོད་པའི་དཀའ་ངལ་རྣམས་སེལ་ཐབས་ཀྱི་ཐབས་ལམ་བཙལ་རྒྱུ།
༤ གཞི་རིམ་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་སློབ་སྦྱོང་གི་སྐད་ཡིག་བོད་ཡིག་ཏུ་སྒྱུར་ཐབས་དང༌། དེའི་དགོས་མཁོ་སློབ་དེབ་སོགས་གོ་སྒྲིག་བྱེད་ཕྱོགས་ཀྱི་སྐོར་བསམ་ཞིབ་བྱ་རྒྱུ།
༥ བོད་ཀྱི་བརྡ་དག་རིག་པའི་སྲོལ་རྒྱུན་ཉམས་དམས་སུ་འགྲོ་བཞིན་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་ཐབས་ཀྱི་ལས་གཞིར་བསམ་ཞིབ་བྱ་རྒྱུ་དང༌། དེ་མཚུངས་དེང་རབས་ཚན་རིག་དང་འཕྲུལ་ཆའི་མིང་ཚིག་བོད་སྐད་དུ་མེད་པ་རྣམས་ཐ་སྙད་གསར་སྒྲིག་གི་ལས་གཞི་ཚུགས་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༦ བོད་ཀྱི་བྱུང་བ་སྤྱི་དང༌། ཁྱད་པར་སྲིད་དོན་གྱི་བྱུང་བ་དེང་རབས་ཀྱི་བྱུང་བ་རིག་པའི་ཚད་དང་ལྡན་པ་ཞིག་མེད་པ་མ་ཟད། གཞན་གྱིས་འགྲེལ་བཤད་ལོག་པའི་དབང་གིས་ཕྱི་མི་མང་པོ་ཐེ་ཚོམ་གྱི་གཞིར་བཀོད་པ་དེ་དག་དྭོགས་སེལ་ཕུ་ཐག་ཆོད་པ་ཞིག་མེད་སྟབས། བོད་ཀྱི་བྱུང་བའི་ཐོག་ཉམས་ཞིབ་དང༌། འབྲི་རྩོམ་གྱི་སླད་ལས་གཞི་ཆེ་ཙམ་ཞིག་བཀོད་ཕྱོགས་ཐད་བསམ་ཞིབ་བྱ་རྒྱུ།
༧ རྒྱལ་ཁབ་ཀྱི་དཔེ་མཛོད་དང༌། ཁྱད་པར་ཡིག་ཆ་གསོག་མཛོད་ཅིག་མེད་སྟབས་གལ་ཆེའྀ་ཡིག་ཆ་རིམ་བརླག་འགྲོ་བཞིན་སྟབས། གང་མྱུར་རྒྱལ་ཁབ་ཀྱི་དཔེ་མཛོད་དང༌། ཡིག་ཆ་གསོག་མཛོད་ཀྱི་ཁྲིམས་གཞི་བཟོས་ཏེ་ལག་བསྟར་བྱ་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
བདེ་སྲུང༌།
༡ བདེ་སྲུང་གི་ལས་འགན་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུའི་ཉེན་སྲུང་གི་ལས་དོན་ཐོག་སྔར་ལྷག་ཚགས་ཚུད་ཡོང་སླད་སྐུ་སྲུང་ཞུ་སྒོ་ཁེར་རྐྱང་རིགས་གཅིག་རྐང་འཛིན་གྱི་འགན་ཁུར་ཡོང་སླད་དྲུང་ཆེ་གཅིག་གི་འོག་སྡེ་ཚན་ཟུར་བཅད་དང༌། དེ་མིན་ཉམས་ཞིབ་དང་སྣེ་ལེན་སོགས་ཞུ་སྒོ་གཞན་དག་འགན་འཛིན་ཟུར་བཙུགས་ཀྱིས་སྡེ་ཚན་མ་འདྲེས་པ་བྱེད་ན་དགེ་མཚན་ཡོད་མིན་བསམ་ཞིབ་བྱ་རྒྱུ།
༢ བདེ་སྲུང་ཉམས་ཞིབ་ཀྱི་ལས་དོན་རྒྱ་བསྐྱེད་དང༌། ཉམས་ཞིབ་སྡེ་ཚན་གཞན་དག་ཁག་ཀྱང་དེ་དང་ཟླ་བསྒྲིལ་ལམ། ཡང་ན་འབྲེལ་མཐུད་དམ་ཟབ་ཀྱིས་གནས་ཚུལ་འབྱུང་ཁུངས་ཐམས་ཅད་ཉམས་ཞིབ་བསྟི་གནས་གཅིག་ཏུ་འབབ་རྒྱུ་དང༌། དེ་ནས་བསྐྱར་ཞིབ་ཀྱིས་ཁུངས་སོ་སོར་དུས་སྤྲོད་ཐུབ་ཐབས་སོགས་ཀྱི་སྐོར་བསམ་ཞིབ་དང་ཚོད་བལྟ་བྱ་རྒྱུ།
ཕྱི་དྲིལ།
༡ ད་ཡོད་དོན་གཅོད་ཁག་གི་ནང་ལས་དོན་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དང༌། ལྷག་པར་ྋགོང་ས་མཆོག་གི་ཆིབས་བསྒྱུར་སྐབས་མི་སྣ་མཇལ་འཕྲད་སོགས་ཀྱི་ལམ་ནས་འབྲེལ་བ་གསར་བྱུང་རྣམས་མཇུག་སྐྱོང་སོགས་ལས་དོན་ཚགས་ཚུད་ཡོང་ཐབས་ཀྱི་ཐབས་ལམ་བཙལ་རྒྱུ་དང༌། དོན་ཁང་ཁག་ཆབ་སྲིད་ཀྱི་སྐུ་ཚབ་ཙམ་མིན་པར། བོད་ཀྱི་ཆོས་དང་རིག་གཞུང་གི་སྐུ་ཚབ་མཚོན་ཐུབ་པ་ཡོང་ཐབས་སྐོར་བསམ་ཞིབ་བྱ་རྒྱུ།
༢ ཕྱི་དྲིལ་ལས་ཁུངས་གཞི་རྒྱ་ཆེ་ཞིང༌། ལས་རིགས་མང་བས་སྤྱི་ཡོངས་སྒྲིག་འཛུགས་བསྐྱར་ཞིབ་ཀྱིས་ལས་དོན་རྣམས་དམིགས་ཡུལ་མ་བརླག་པ་ཡོང་ཆེད་སྒྲིག་འཛུགས་བསྐྱར་བཅོས་བྱ་ཕྱོགས་ལ་བསམ་ཞིབ་བྱ་རྒྱུ།
འཕྲོད་བསྟེན།
༡ བོད་ཀྱི་གསོ་བ་རིག་པས་མཚོན་སྲོལ་རྒྱུན་གྱི་སྨན་སྦྱོར་དང༌། རྩ་རླུང་དང་རྣལ་འབྱོར་སོགས་ཀྱི་ལམ་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་ཚད་ལྡན་ཡོང་ཐབས་བྱ་རྒྱུ།
༢ བོད་རིགས་ཕྲུ་གུ་གསར་སྐྱེ་རྣམས་ཀྱི་ཤེས་རབ་དང་ལུས་སྟོབས་ཚད་ལྡན་ཡོང་ཆེད་འཕགས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནས་བྱུང་བའི་སྦྲུམ་མའི་འཕྲོད་བསྟེན་དང༌། ཕྲུ་གུ་བཙའ་ཐབས། བྱིས་པ་གསོ་སྐྱོང༌། ཤེས་རབ་བློ་འཕེལ་གྱི་སྨན་སྔགས་རྫས་སྦྱོར་རིགས་བོད་མི་ཡོངས་ཀྱིས་ལག་ལེན་དང་བེད་སྤྱོད་ཐུབ་ཐབས་བྱེད་ཕྱོགས་ཇི་དགེ་བསམ་ཞིབ་བྱ་རྒྱུ། བཀའ་ཤག་ནས་ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༤ ལ། ཞེས་འདོན་གནང་མཛད་དེ། སླར་ཡང་ངག་ཐོག་ནས། དེ་བཞིན་བཀའ་ཤག་གི་གསལ་བཤད་འདིའི་ཐོག་ལ་མཆན་གྱི་ཚུལ་དུ་ཚིག་རེ་གཉིས་ཞུ་ན། བཀའ་ཤག་གསར་པས་སེམས་ཐག་ཆོད་པའི་སྲིད་བྱུས་ངེས་ཅན་ཡོད་པ་རྣམས་ལ་ལག་ལེན་བསྟར་རྒྱུའམ་ཞུ་རྒྱུ་ཞེས་ཐག་བཅད་ནས་ཞུས་ཡོད། གཞི་ནས་བསམ་ཞིབ་བྱ་དགོས་པ་དང་བརྟག་དཔྱད་བྱས་ནས་ཡོང་ན་བྱ་དགོས་པ་དང༌། མ་ཡོང་ན་གཞག་རྒྱུའི་རིགས་ལ་བསམ་ཞིབ་བམ་བརྟག་དཔྱད་བྱ་རྒྱུ་ཞེས་ཞུས་ཡོད། དེས་ན་བྱེད་རྒྱུ་བྱེད་རྒྱུ་ཞེས་ཐག་བཅད་པའི་རིགས་ལ་ཅི་སྟེ་གྲོས་ཚོགས་ནས་དགག་བྱ་མ་བྱུང་ན་ངེས་པར་དུ་བྱེད་པའི་ཁོངས་ལ་ཡིན་པ་དང༌། བསམ་ཞིབ་བྱ་རྒྱུ་ཞེས་པ་བསམ་ཞིབ་དང་བརྟག་དཔྱད་བྱས་ནས་བྱེད་ཐུབ་པ་ཞིག་ཡིན་ན་བྱེད་རྒྱུ་དང༌། བྱེད་མི་ཐུབ་པ་ཡིན་ན་མ་ཐུབ་པའི་རྒྱུ་མཚན་འདི་འདྲ་ཞིག་འདུག་ཅེས་རྗེས་ལ་གསལ་འདེབས་ཞུ་རྒྱུ་ཡིན། བཀའ་ཤག་དམ་འབུལ་ཞུས་ནས་ཚོགས་རྒྱུའི་གོ་སྐབས་ཉི་མ་གཉིས་མ་གཏོགས་མ་བྱུང་བས། བསམ་བློའི་ནང་དུ་གློ་བུར་གང་ཤར་རྣམས་འདིར་བཀོད་བསྒྲིགས་བྱས་ཡོད། གལ་ཏེ་མ་ཤར་བའི་རིགས་ཡོད་ཚེ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་བརྒྱུད་ནས་ལམ་སྟོན་དང་དགོངས་འཆར་ཡོད་ན། བཀའ་ཤག་གི་ངོས་ནས་ངེས་པར་དུ་བསམ་ཞིབ་ཞུ་རྒྱུ་ཡིན། དེ་བཞིན་བཀའ་ཤག་གིས་གསལ་བཤད་གནང་སྐབས་སྤྱི་འཐུས་ཚང་མས་ཐུགས་སྣང་ཆེན་པོས་གསན་བཞེས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨