བཀའ་རྩ་ཁྱབ་བསྒྲགས་ཀྱི་གནས་སྟངས།
བཀའ་རྩ་ཁྱབ་བསྒྲགས་ཀྱི་གནས་སྟངས་དང༌། དེ་ཁྲིམས་སུ་ཆགས་སྟངས་སྐོར།
བཅའ་ཁྲིམས་དོན་ཚན་ང་ལྔ་པའི་ནང་ྋགོང་ས་མཆོག་གིས་བཀའ་རྩ་ཁྱབ་བསྒྲགས་གནང་རྒྱུའི་ཆ་རྐྱེན་དེ་འཁོད་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་མ་གནང་བའི་བར་ལ་ཛ་དྲག་ཆེ་བའི་དོན་གནད་བྱུང་ན། ྋགོང་ས་མཆོག་ནས་སྤྱི་འཐུས་རྒྱུན་ལས་ལ་བཀའ་བསྡུར་གནང་རྗེས་བཀའ་རྩ་གནང་ཆོག་པ་རེད། བཀའ་རྩའི་ཟིན་བྲིས་དེ་འགྲིག་མིན་རྒྱུན་ལས་ལ་བཀའ་བསྡུར་གནང་གི་ཡོད་པ་རེད། རྒྱུན་ལས་ནས་འདི་འགྲིགས་པའི་རྒྱབ་གཉེར་ཞུས་ན་བཀའ་རྩ་གནང་གི་ཡོད་པ་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་ནང་སྡེ་ཚན་འདི་འདྲ་ཞིག་གིས་བཀའ་རྩ་ཞུ་ཆོག་དང་མི་ཆོག་པའི་སྐོར་གསལ་མེད། ྋགོང་ས་མཆོག་གི་སྐུ་དབང་ཁྱབ་བསྒྱུར་མཛད་སྟངས་དེ། མང་ཆེ་བ་གཤམ་འོག་ལས་ཁུངས་ནས་རྒྱབ་གཉེར་སྙན་ཞུ་ཞུས་པ་བཞིན་ཡེ་ཤེས་དབྱིངས་དཔྱད་གནང་གི་ཡོད་རེད། དེར་བརྟེན་བཀའ་རྩ་ཞུ་རྒྱུ་དེ་ཁྲིམས་དང་འགལ་བ་དང་ཞུ་མ་ཆོག་པ་མ་རེད། དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་དེ་མ་ཞུས་ན་ཁྲིམས་འགལ་ཆགས་ཀྱི་རེད་སྙམ། འོས་བསྡུ་བྱེད་མ་ཐུབ་པ་དེ་ཁྲིམས་འགལ་མི་ཆགས་པའི་ཆེད་དུ་ལྷན་ཚོགས་ལ་བཀའ་རྩ་ཁྱབ་བསྒྲགས་ཞུ་དགོས་ཀྱི་ཡོད། ད་ལྟའི་སྐབས་ལ་འོས་བསྡུ་དང་འབྲེལ་བ་ཡོད་སྟབས། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་ཞུས་ནས་གནང་བ་རེད། དེ་ལུགས་དང་ཁྲིམས་མཐུན་རེད་སྙམ། ད་ལྟའི་བཀའ་རྩ་དེ་གྲོས་ཚོགས་འདི་ནས་བཀའ་བསྡུར་གྱིས་ཁྲིམས་སུ་ཆགས་སམ། འགྱུར་བ་ཆགས། ཡང་ན་ཕྱིར་བསྡུ་གནང་རྒྱུ་གང་རུང་གི་ཆ་རྐྱེན་ཡོད་པ་རེད། དེའི་སྐོར་ལ་བརྗོད་པ་གཉིས་པ་གནང་བཞིན་པ་རེད།
དེ་ག་དུས་ཁྲིམས་སུ་ཆགས་ཀྱི་རེད་ཅེ་ན། བརྗོད་པ་གསུམ་པ་མཇུག་སྡུད་ཟིན་ནས། ྋགོང་ས་མཆོག་གི་ཆོག་མཆན་ཞུ་དགོས་པ་རེད། ཆོག་མཆན་གནང་བའི་རྗེས་ལ་ཁྲིམས་ཡིག་ཆགས་ཀྱི་ཡོད་རེད། དེ་ཡང་ཉིན་བཅུ་བཞིའི་ནང་ྋགོང་ས་མཆོག་ནས་ཆོག་མཆན་བསྩལ་བའམ། ཕྱིར་བསྡུ་གནང་བ། ཡང་ན་གསུང་འཕྲིན་གནང་བ་གང་རུང་ཞིག་གནང་རྒྱུའི་ཆ་རྐྱེན་ཡོད། དེ་རིང་བགྲོ་གླེང་མཇུག་བསྡོམས་པ་དང་ཁྲིམས་ཡིག་ཆགས་ཀྱི་མེད། ཁྲིམས་ཡིག་ཆགས་པའི་དུས་ཚོད་དེ་དོན་ཚན་ང་ལྔ་པའི་ནང་གསལ་ཡོད། ཆོག་མཆན་མ་རག་བར་བཀའ་རྩ་དེ་ག་རང་ཁྲིམས་ཀྱི་ངོ་བོ་ལ་གནས་རྒྱུ་རེད། དེ་ཁྲིམས་ཀྱི་ནུས་ཤུགས་དེ་ཆོག་མཆན་གནང་བའི་རྗེས་ལ་མ་གཏོགས་སྔོན་ལ་ཁྲིམས་ཀྱི་ནུས་ཤུགས་མེད། དེ་ཁྲིམས་ཀྱི་ནུས་ཤུགས་སླེབས་རྗེས་ཚོགས་འདུ་མ་གྲོལ་གོང་ལ་འོས་བསྡུ་ལས་ཁང་ནས་སྙན་འབུལ་ཞུ་ཐུབ་པ་དགོས། དེ་རིང་ཁྲིམས་ཡིག་ཆགས་ནས་དེ་མ་ཐག་ཏུ་སྙན་འབུལ་མ་ཐུབ་ན་ཁྲིམས་འགལ་ཆགས་རྒྱུའི་ཚིག་བརྗོད་གང་གིས་ཀྱང་གསལ་མེད། དེ་ནང་བཞིན་ཐག་གཅོད་བྱུང་བ་ཡིན་ན། ལྷན་ཚོགས་གནང་བཞིན་པའི་སྐབས་ཡིན་སྟབས་ཚོགས་དུས་འདིའི་ཐོག་ལ་གནང་དགོས་པ་རེད། ཚོགས་དུས་ཞེས་པ་དེ་ཡང་ངེས་མེད་བར་མཚམས་བཞག་སྐབས། ཚོགས་དུས་རྫོགས་མེད་པ་རེད། ཚོགས་དུས་དེ་ཡང་ྋགོང་ས་མཆོག་ལ་བཀའ་ཁྲོལ་ཞུས་ཏེ་ཚོགས་དྲུང་ལས་ཁུངས་ནས་དུས་ཚོད་འདི་འདྲ་ཞིག་ལ་ཚོགས་འདུ་བསྒྲུབས་པ་ཡིན་ཞེས་ཚོགས་འདུ་གྲུབ་པའི་བརྡ་ཁྱབ་གནང་གི་རེད། དེ་ནས་ཚོགས་དུས་རྫོགས་པ་རེད། ངེས་མེད་བར་མཚམས་སྐབས་ཚོགས་གཙོས་དབང་ཚད་ཀྱི་ཐོག་ནས་ཚོགས་འདུ་སླར་བསྡུ་བསྐོང་ཆོག་པ་རེད། དེ་རིང་ཁྲིམས་ལ་ཆགས་ནས་ཚོགས་འདུ་མ་གྲོལ་བར་བཀའ་ཁྲོལ་མ་ཞུས་ན་ཁྲིམས་འགལ་ཆགས་པ་རེད། དེ་སྔོན་དྭོགས་འདྲི་གནང་བའི་ཐོག་འགྲེལ་བརྗོད་བྱེད་དགོས་རྒྱུ་དེ་ཙམ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༥/༠༢/༠༡ ་་་ ༡༩༩༥/༠༢/༡༤