བཀའ་བློན་འོས་འདེམས་བྱེད་ཕྱོགས་ཀྱི་ལམ་སྲོལ་ལ་འགྱུར་བ་གཏོང་ཕྱོགས་ཐོག་ཚོགས་ཆུང་ཁག་བགོས་པའི་དགོས་དམིགས།

འདི་ཡན་ཆད་ཁག་བཞི་ལ་བགོས་པའི་ཚོགས་ཆུང་ཁག་གི་སྙན་ཐོ་རྣམས་གྲོས་ཚོགས་ལ་སྙན་སྒྲོན་ཞུས་ཟིན་པ་ཡིན། ད་ལྟའི་བཀའ་བློན་འོས་འདེམས་བྱེད་ཕྱོགས་ཀྱི་ལམ་སྲོལ་འདི་བཙན་བྱོལ་བོད་མིའི་མངོན་འདོད་ཀྱི་དགོས་མཁོ་ཆ་ཚང་སྒྲུབ་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་པ་དང༌། དེར་བརྟེན་འདིའི་སྐོར་མ་འོངས་པར་འགྱུར་བ་གཏོང་ཕྱོགས་བསམ་ཞིབ་བྱ་དགོས་རྒྱུ་ཐུགས་གལ་ཆེན་པོ་ཡིན་པར་གཟིགས་ནས་ད་རིང་ྋསྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་ཕེབས་ནས་དེའི་ཐོག་ང་ཚོས་ཁ་སང་བགྲོ་གླེང་གནང་བ་རེད། ཚོགས་ཆུང་ཁག་གི་སྙན་ཞུ་ད་ལྟ་འདིར་ཞུས་པ་རེད། ད་དུང་ང་རང་གི་མཐོང་ཚུལ་བྱས་ན། ང་ཚོའི་བགྲོ་གླེང་འདི་ཆ་ཚང་མཐའ་འཁྱོལ་བ་དང་འདེང་བ་ཞིག་ད་དུང་ཡང་བྱུང་ཡོད་པ་བསམ་གྱི་མི་འདུག སྐབས་བཅིུག་པའི་ཐོག་བཅའ་ཁྲིམས་གཏན་འབེབས་གནང་སྐབས་སུ་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་ཉམས་མྱོང་མེད་སྟབས་གནས་ཚུལ་མང་པོ་ཞིག་ཚོད་དཔག་བྱས་ཐུབ་མེད། འདས་པའི་ལོ་བདུན་དང་ཟླ་བ་ཁ་ཤས་ཤིག་གི་རིང་ལ་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་བཅའ་ཁྲིམས་བསྐྱར་བཅོས་ལན་གསུམ་ཕྱིན་པའི་འོག་ནས་ང་ཚོས་ཉམས་མྱོང་གང་ཙམ་བསགས་པ་རེད། ཉམས་མྱོང་དེར་བརྟེན་ནས་ད་ཆ་གནས་ཚུལ་མང་པོ་ཞིག་ལ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད། ཁ་ཤས་གསལ་པོ་བྱས་ནས་ཉམས་མྱོང་བྱུང་ཟིན་པ་རེད། དེ་བས་ད་ལྟ་ང་ཚོས་བསྐྱར་བཅོས་བཏོན་ཏེ་ཕྲ་ཞིང་ཕྲ་བ་དང༌། སྐྱོན་ཡོན་གང་ཡོང་སྲིད་པ་རྣམས་སྔོན་ཚུད་ནས་ཚོད་དཔག་བྱས་ཏེ་ཞིབ་ཚགས་པོ་ཞིག་བྱུང་ན་དགོས་གལ་ཆེན་པོ་རེད་སེམས། ཞིབ་ཚགས་པོ་བྱེད་རྒྱུའི་དུས་ཚོད་ཀྱང་ཡོད་ལ། ཞིབ་ཚགས་པོ་དགོས་རྒྱུ་ཡང་ཆགས་ཡོད། རྒྱུ་མཚན་འདི་འདྲར་བརྟེན་ད་ལྟ་ཚོགས་ཆུང་ཁག་བཞིའི་ནང་བཀའ་བསྡུར་གནང་བའི་སྙིང་དོན་འདིར་སྙན་ཞུ་འབུལ་བ་འདིའི་ཐོག་བསྐྱར་དུ་ཞིབ་ཚགས་ཀྱིས་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་འབུལ་དགོས་ཀྱི་རེད་སེམས། ཁ་སང་གོ་བརྡ་མི་འཕྲོད་པ་འདྲ། ཚོགས་ཆུང་ཁག་བཞིར་བགོས་ནས་བཀའ་བསྡུར་གནང་རྒྱུ་དམིགས་ཡུལ་གང་ལ་ཐུག་ཅེ་ན། སྤྱི་འཐུས་མི་རེ་ངོ་རེའི་དགོངས་འཆར་གང་ཡོད་པ་དེ་ཆ་ཚང་གསལ་པོར་བཏོན་རྒྱུ་དང༌། དེ་ལ་སྤྱི་འཐུས་གཞན་རྣམས་ཀྱིས་བགྲོ་གླེང་བྱས་ནས་བརྡར་ཤ་གཅད་རྒྱུའི་གོ་སྐབས་བྱུང་ན་བསམ་པ་རེད་མ་གཏོགས། སྤྱི་མོས་མང་མོས་ཀྱི་ཐག་གཅོད་གནང་སྟེ་ལམ་སེང་རྡོག་ཏུ་བསྒྲིལ་ཆོག་ཆོག་འགྲོ་རྒྱུའི་དམིགས་ཡུལ་ཆེད་བཞག་མེད། རྩ་བའི་ཐག་གཅོད་ནི་གྲོས་ཚོགས་རང་གི་སྤྱི་མོས་མང་མོས་ཐག་གཅོད་ཐོག་ནས་འགྲོ་རྒྱུ་ཡིན། ཚོགས་ཆུང་སོ་སོའི་ནང་དུ་སྤྱི་འཐུས་མི་རེ་ངོ་རེའི་དྭོགས་པ་དང༌། ཐེ་ཚོམ། དགོངས་ཚུལ་གང་ཡིན་པ་ཆ་ཚང་གསལ་པོར་བཏོན་ཐུབ་པ་བྱུང་ན་ཁེ་ཕན་ཡོང་གི་རེད་དྲན་པ་རེད། དེ་བས་ལས་རིམ་གཉིས་པའི་ཐོག་མ་འགྲོ་སྔོན་དུ་འདིའི་ཐོག་བསྐྱར་དུ་བགྲོ་གླེང་གནང་རྒྱུའི་གོ་སྐབས་འབུལ་རྒྱུ་ཡིན། དུས་ཚོད་ཕྲན་བུ་མང་དུ་ཕྱིན་ན་བཟོད་བསྲན་ཞུས་ཏེ་བསམ་འཆར་གང་ཞུ་རྒྱུ་ཡོད་ན་ཞུ་རོགས་ཞེས་འབོད་སྐུལ་ཡང་ཞུ་གི་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥