བཀའ་བློན་ཁྲི་པའི་བཀའ་བློན་ལས་རོགས་ཀྱི་འོས་གཞིར་གྲོས་ཚོགས་ཀྱི་གནང་སྟངས་ཤིག་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཕུལ་བར་གསལ་བཤད།

བཅའ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་གཅིག་གཞུང་འབྲེལ་གྱི་ཐོག་ནས་ཕེབས་པ་ཡིན་ཙང་རྩ་ཆེན་པོ་ཞིག་རེད། བཀའ་ཤག་གི་བསམ་ཚུལ་ཞིག་མ་ཞུས་པ་ཡིན་ན། བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་ལ་འགན་མ་འཁྱེར་བ་ཞིག་ཆགས་ཀྱི་རེད་བསམས་ནས་གོ་སྐབས་ཞུས་པ་ཡིན་མ་གཏོགས། བསྐྱར་བཅོས་འདི་ཕྱིན་པ་ཡིན་ནའང་ད་ལྟའི་བཀའ་ཤག་ལ་ཕན་གནོད་གང་ཡང་ཡོད་མ་རེད། མ་འོངས་པའི་བཀའ་ཤག་རིམ་བྱོན་ལའང་ཕན་གནོད་འགྲོ་བའི་གཞི་རྩ་ཞིག་མཐོང་གི་མི་འདུག གཞུང་འབྲེལ་གྱིས་བསྣམས་ཕེབས་པ་ཡིན་སྟབས་ངེས་པར་དུ་ཐོན་མདོག་ཁ་པོ་རེད། ཐོན་པའི་རྗེས་སུའང་གནམ་རྡིབ་པ་དང༌། རི་རལ་བ་ལྟ་བུའི་ཉེན་ཁ་ཞིག་ཡོད་མདོག་ཁ་པོ་མ་རེད། ཡིན་ནའང་སྤྱི་འཐུས་རྣམ་པ་ཚང་མས་དགོངས་པར་མངའ་གསལ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་པ་ནས་བཟུང་སྟེ་བསྐྱར་བཅོས་མང་ཤོས་དོན་ཚན་གང་གི་ཐོག་ལ་བཏང་དགོས་བྱུང་ཡོད་རེད་ཅེས་གསུངས་པ་ཡིན་ན། དོན་ཚན་ ༢༡ པ་དང་ ༢༢ པའི་ཐོག་ལ་བྱུང་ཡོད་རེད། བསྐྱར་བཅོས་དང་པོ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་རྩ་ཁྱབ་བསྒྲགས་ཀྱི་ལམ་ནས་གནང་དགོས་བྱུང་ཡོད་རེད། དེ་ནས་རིམ་པས་ཡང་ཡང་གནང་དགོས་བྱུང་བ་རེད། དེ་ང་ཚོའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་ནང་གཟི་བརྗིད་ལྡན་པའི་གནས་སྟངས་ཤིག་མ་ཡིན་པར་ཞན་ཆའི་གནས་ཚུལ་ཞིག་ཡིན་པ་ཐག་ཆོད་པོའི་སྒོ་ནས་ཞུས་ཐུབ་ཀྱི་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་མང་གཙོའི་རིང་ལུགས་གསོལ་བསྩལ་གནང་བའི་རྗེས་ལའང་འཛིན་སྐྱོང་བཀའ་ཤག་དེ་མུ་མཐུད་ནས་ྋསྐྱབས་མགོན་རིན་པོ་ཆེས་བསྐོ་གཞག་གནང་བ་ཡིན་ནའང་མ་འགྲིག་པ་དང་མི་ཆོག་པ་ཞིག་རྩ་བ་ནས་ཡོད་མ་རེད། བཀའ་ཤག་གིས་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་བཟོས་ཚར་བའི་རྗེས་ལ་བཀའ་བློན་བསྐོ་མཁན་སུ་ཡིན་དང་མིན་གྱི་ཁྱད་པར་གང་ཡང་ཡོད་མ་རེད། ཆབ་སྲིད་ཀྱི་ཚོགས་པ་མང་པོ་མེད་པའི་མང་གཙོའི་ལམ་སྲོལ་ཁྱད་པར་བ་ཞིག་ད་ལྟ་ང་ཚོས་ལག་བསྟར་བྱེད་བཞིན་པའི་སྐབས་འདི་ལ་གང་ལྟར་འཛིན་སྐྱོང་འདི་གྲོས་ཚོགས་ལ་འགན་ཁུར་དགོས་པ་དང༌། ལན་རྒྱག་དགོས་པ། རྩིས་རྒྱག་དགོས་པ་དེ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་སྟབས། དེ་འདྲའི་འགན་ཁུར་ཞུ་མཁན་གྱི་མི་དེ་ག་ནས་ཡོང་དང་མ་ཡོང་ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཆེན་པོ་མེད་པ་ཞིག་རེད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེས་མུ་མཐུད་ནས་བཀའ་བློན་བསྐོ་གཞག་གནང་རྒྱུ་དེ་འགྲིག་གི་མི་འདུག་ཅེས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ལ་བཀའ་སློབ་ཕེབས་པ་རེད། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་མ་ཚུགས་པའི་སྔོན་ནས་བར་བརྒལ་གྱི་བཀའ་ཤག་དམིགས་བསལ་ཚོགས་ཆེན་ནས་འོས་བསྡུ་བྱེད་བཅུག་གནང་བ་རེད། དེ་ནས་བཟུང་སྟེ་བཀའ་བློན་རྣམས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་འོས་འདེམས་གནང་རྒྱུའི་ལམ་སྲོལ་དེ་བསྩལ་གནང་བ་རེད། ལམ་སྲོལ་དེའི་ཐོག་ཡང་དག་པའི་སྒོ་ནས་ཕེབས་ཡོད་པ་ཡིན་ན། དེ་ལ་བསྐྱར་ལྡབ་ཡང་ལྡབ་ཀྱིས་བསྐྱར་བཅོས་བྱེད་མ་དགོས་པར་ད་ལྟའང་ལམ་སྲོལ་དེ་བསྡད་ཡོད་ཀྱི་རེད་བསམ་གྱི་འདུག འགྱུར་བ་གཏོང་དགོས་དོན་ཡོད་མ་རེད། ཡིན་ནའང་གང་ལྟར་རིམ་པས་གྲོས་ཚོགས་ནས་བཀའ་བློན་གྲངས་ཚང་འོས་འདེམས་མ་ཐུབ་པར་ྋགོང་ས་མཆོག་ནས་འོས་གཞི་བཏོན་གནང་མཛད་དགོས་དང༌། མཐའ་མར་གྲོས་ཚོགས་ཀྱི་ལམ་ལུགས་འདི་ལ་འགྱུར་བ་མ་བཏང་བཞིན་དུ་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་ཕྱིན་པ་རེད། དེ་ཡང་བཀའ་བློན་ཁྲི་པའི་འོས་འདེམས་བྱེད་སྟངས་ལ་འགྱུར་བ་ཕྱིན་པ་མ་གཏོགས་བཀའ་བློན་ཁྲི་པས་གྲོས་ཚོགས་ལ་འགན་ཁུར་ལན་འདེབས་ཞུ་སྟངས་ལ་ཁྱད་པར་གང་ཡང་ཕྱིན་ཡོད་པ་མ་རེད། གྲོས་ཚོགས་ལམ་ལུགས་ཅན་གྱི་མང་གཙོའི་ལམ་སྲོལ་ག་པར་གཟིགས་ནའང་ང་ཚོའི་གནས་ཚང་རྒྱ་གར། ཡང་ན་ང་ཚོའི་གནས་ཚང་གི་དགེ་རྒན་དབྱིན་ཇི་ལུང་པ་སོགས་གང་ལ་གཟིགས་པ་ཡིན་ནའང་གྲོས་ཚོགས་ཀྱི་ནང་དུ་མང་མོས་ཡོད་པའི་སྲིད་དོན་ཚོགས་པས་སྲིད་བློན་འོས་འདེམས་བྱས་རྗེས་སུ་ཁོང་གི་ལས་རོགས་བློན་ཆེན་སུ་དང་སུ་བཞག་ལ་གྲོས་ཚོགས་དང་ཆབ་སྲིད་ཀྱི་ཚོགས་པ་གཉིས་ཀས་བྱུས་གཏོགས་བྱེད་ཀྱི་ཡོད་མ་རེད། དེ་སྲིད་བློན་སྒེར་གྱི་དམིགས་བསལ་གྱི་སྐུ་དབང་དབྱིན་སྐད་དུ་ Prerogative ཞེས་པ་དེར་ངོས་འཛིན་བྱེད་ཀྱི་ཡོད་རེད། སྲིད་འཛིན་ལམ་སྲོལ་ཅན་གྱི་ཨ་རི་ལྟ་བུ་ཞིག་ལ་མཚོན་པ་ཡིན་ནའང༌། སྲིད་འཛིན་ཐད་ཀར་འོས་འདེམས་བྱས་ནས་ཡོང་བའི་རྗེས་ལ་ཁོ་རང་གི་ལས་བྱེད་ཀྱི་རུ་ཚོགས་ནང་སུ་དང་སུ་བཞག་གྲོས་ཚོགས་ལ་སྙན་གསན་ཞུ་དགོས་པ་དང༌། གྲོས་ཚོགས་ནས་དགག་བྱ་གནང་ཆོག་ཀྱང་དང་ཐོག་ནས་འོས་ཤོག་བསྡུ་རྒྱུའི་ལམ་སྲོལ་ཡོད་མ་རེད། བཀའ་བློན་ཁྲི་པ་ཐད་ཀར་འོས་བསྡུ་བྱ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་རྒྱག་པའི་སྐབས་བསམ་གཞིགས་མང་པོ་ཞིག་བྱས་པའི་རྗེས་ལ་ཁོང་གི་ཕྱག་རོགས་ཀྱི་བཀའ་བློན་དེ་ཚོ་ཡང་བཀའ་ཁྲིས་འོས་གཞི་གྲོས་ཚོགས་ནས་བཀའ་འཁྲོལ་ཞུ་དགོས་པ་བཟོས་ཡོད་རེད། ཆ་རྐྱེན་དེའི་ནང་སྤྱི་མོས་ཀྱི་ཐོག་ནས་འགྲོ་ལམ་ཡོད་པ་དང༌། སྤྱི་མོས་མ་བྱུང་བར་མི་གཅིག་གི་དགག་པ་བྱུང་བ་ཡིན་ནའང་འོས་བསྡུ་བྱ་རྒྱུའི་ལམ་ཡོད་རེད། ཆ་རྐྱེན་དེས་མ་འདང་བ་ཞིག་སུས་བལྟས་ཀྱང་ཡོད་པ་མ་རེད། སྤྱི་མོས་འགྲོ་བའི་ཆ་རྐྱེན་དེ་མ་བཀག་ན་གནོད་སྐྱོན་གང་ཡོད། བཀག་ན་དགེ་མཚན་ཇི་ཡོད། བཀག་པ་ལ་བརྟེན་ནས་གྲོས་ཚོགས་དང་མང་གཙོའི་ལམ་སྲོལ་ལ་ཕན་ཐོགས་གང་ཡོད་བཅས་གསལ་པོ་བཟོ་གནང་དགོས་པ་ཞིག་རེད། དེ་འདྲ་མེད་པར་དོན་རྩ་ཆུང་ཆུང་ཞིག་གི་ཆེད་དུ་བསྐྱར་བཅོས་དེ་འདྲ་ང་ཚོས་བཅའ་ཁྲིམས་དང་མང་གཙོའི་ལམ་སྲོལ་གཉིས་ཀ་ལ་ཧ་ཅང་ལས་སླ་པོ་དང་ག་དུས་ཡིན་ནའང་རྩེད་མོ་རྩེད་ཆོག་ཆོག་ཅིག་ལ་རྩིས་གནང་བ་ཡིན་ན་འགྲིག་གི་ཨེ་ཡོད་ཅེས་ཞུས་ན། གྲོས་ཚོགས་སུ་ཞུ་མི་རུང་བའི་ཚིག་ཅིག་མ་ཡིན་པའི་རེ་བ་ཡོད། གོང་དུ་ཞུས་པ་དེ་ཚོ་བཀའ་ཤག་གོ་བསྡུར་བྱས་པའི་བསམ་ཚུལ་ཞིག་མ་གཏོགས་བཀའ་བློན་ཁྲི་པ་སྒེར་གྱི་བསམ་ཚུལ་ཙམ་མིན། གྲོས་ཚོགས་ཀྱི་དེབ་ཐེར་གྱི་ནང་དུ་འཁོད་རྒྱུ་དང༌། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ཀྱི་ནང་དུ་བསྡད་པའི་ཆེད་དུ་ཞུས་པ་ཡིན་མ་གཏོགས་བསྐྱར་བཅོས་འདི་མ་བཏང་རོགས་གནང་ཞེས་རྩ་བ་ནས་ཞུས་པ་མིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣