བཀའ་བློན་ཁྲི་པ་དང་བཀའ་ཤག་འོས་འདེམས་གནང་ཕྱོགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གསལ་བཤད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༦༠ ནང་གསེས་ ༣ པ་ནང་གསལ་གྱི་གྲོས་འཆར་འབུལ་རྒྱུའི་ལས་རིམ་དེ་མི་དགོས་པར་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་གྲོས་ཚོགས་ཀྱི་ཚོགས་ཐེངས་རྗེས་མ་རེས་གཟའ་ཟླ་བའི་ཉིན་ཐད་ཀར་བགྲོ་གླེང་གནང་རྒྱུ་ཡིན། ཁྲིམས་འཆར་འདི་དེ་རིང་རེས་གཟའ་སྤེན་པའི་སྔ་དྲོར་འབུལ་དགོས་དོན་ནི་དེ་རིང་ཕྱི་དྲོ་དང་སང་ཉིན་ཉིན་གང་པོ་སྤྱི་འཐུས་རྣམ་པ་ཚོར་ལྗགས་ཀློག་གནང་རྒྱུ་དང༌། དགོངས་པ་བཞེས་རྒྱུ། བཀའ་བསྡུར་གནང་རྒྱུ་སོགས་ཡོང་རྒྱུའི་ཆེད་དུ་ཡིན། ཁྲིམས་འཆར་འདི་སྤྱིར་བཏང་ནས་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། ལྷག་པར་དུ་ད་ནང་སྔ་དྲོ་ྋགོང་ས་མཆོག་གིས་གྲོས་ཚོགས་སུ་བསྩལ་བའི་བཀའ་སློབ་ཀྱི་ནང་དོན་ལ་བལྟས་ནའང་བཀའ་བློན་ཁྲི་པ་དང་བཀའ་ཤག་འོས་འདེམས་གནང་ཕྱོགས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། དེར་བརྟེན་སྤྱི་འཐུས་ཚང་མས་ཁྲིམས་འཆར་དེའི་ཐོག་འཆར་ཅན་དང་གཡམ་རྒྱུགས་ཙམ་མིན་པར་དགོངས་པ་གཏིང་ཟབ་བཞེས་ཏེ་རང་རང་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ཐམས་ཅད་བཏོན་ནས་ཆ་ཤས་བཞེས་རོགས་གནང་ཞེས་ཞུ་རྒྱུ་ཡིན། རེས་གཟའ་ཟླ་བའི་སྔ་དྲོའི་དྲི་བ་དྲིས་ལན་གྱི་རྗེས་སུ་གཅིག་བྱས་ན་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གནང་བའི་བཀའ་ལན་ཡོང་སྲིད། དེའི་མཇུག་ཏུ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཡོང་རྒྱུ་ཡིན། དེ་ནས་ལམ་སེང་ཁྲིམས་འཆར་འདིའི་ཐོག་བགྲོ་གླེང་འགོ་འཛུགས་བྱ་རྒྱུ་ཡིན་ལ། བགྲོ་གླེང་གི་ཆེད་དུ་སྤྱི་འཐུས་རྣམ་པ་ཐུགས་བློ་མ་ཁེངས་ཀྱི་བར་དུ་དུས་ཚོད་འབུལ་རྒྱུ་ཡིན། དགོངས་འཆར་གནང་མཁན་ཚོར་ངོས་ནས་ནན་ཏན་བྱས་ནས་སྙན་གསན་ཞུ་རྒྱུར། བཟོ་བཅོས་གྲོས་འཆར་གང་ཡོད་པ་དེ་དག་ཡིག་ཐོག་ཏུ་བཀོད་ནས་ཚོགས་དྲུང་ལས་ཁུངས་སུ་བྱུང་ན་རེས་གཟའ་ཉི་མའི་ཕྱི་དྲོ་ཚུན་ཚད་དང༌། ག་ཚོད་འགྱངས་རུང་རེས་གཟའ་ཟླ་བའི་ཉིན་གུང་གསོལ་ཚིགས་བར་སེང་ཚུན་ཚད་དུ་གནང་ཚེ་ང་ཚོའི་བགྲོ་གླེང་ཐོག་ཕན་ཐོགས་ཡོང་རྒྱུ་རེད། དེའི་རྗེས་དུས་ཚོད་ངེས་མེད་ཀྱི་བར་བཟོ་བཅོས་གྲོས་འཆར་བླང་རྒྱུ་ཁག་པོ་རེད། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་གཏན་ལ་ཕབ་སྟེ་གཞུང་འབྲེལ་གྲོས་འཆར་གྱི་ཚུལ་དུ་འབུལ་བ་རེད། དེ་ནི་ྋགོང་ས་མཆོག་གི་གསུང་འཕྲིན་ནང་འདེམས་ཁ་གསུམ་ཡོད་པའི་ནང་ནས་དང་པོ་ལ་གཞི་རྩ་བཞག་སྟེ་བཟོས་པ་ཞིག་ཡིན། ཡིན་ནའང་གསུང་འཕྲིན་ནང་འཁོད་པའི་ཚིག་འབྲུ་ཇི་མ་ཇི་བཞིན་ཆ་ཚང་སླེབས་ཡོད་དམ་ཞེ་ན། བཅའ་ཁྲིམས་ཀྱི་འགྲོ་སྟངས་དང་བསྟུན་དགོས་པས་སླེབས་མེད། འདིའི་ནང་འགྱུར་བ་ཆེ་ཤོས་གང་དང་གང་འགྲོ་ཡོད་པ་རྣམས་ཟུར་ཙམ་ཞུས་ན། སྔ་མ་ཡིན་ན་བཀའ་བློན་ཡོངས་རྫོགས་ཀྱི་འོས་གཞི་ྋགོང་ས་མཆོག་ནས་གནང་གི་ཡོད། ད་ལྟའི་ཆར་བཀའ་བློན་ཁྲི་པའི་འོས་གཞི་མ་གཏོགས་གཞན་ྋགོང་ས་མཆོག་གིས་བསྩལ་དགོས་ཀྱི་མེད། བཀའ་ཁྲིའི་འོས་གཞི་དེ་ཡང་གཉིས་ལས་མ་ཉུང་བ་ཞིག་བསྩལ་དགོས་པ་ལས་དེ་ལས་མང་བ་ག་ཚོད་བསྩལ་ཀྱང་བསྩལ་ཆོག་རྒྱུའི་ཚིག་བརྗོད་བཀོད་ཡོད། འོས་གཞི་ཇི་ཙམ་བསྩལ་བ་དེ་ཚོའི་ཐོག་གྲོས་ཚོགས་ནང་ནས་འོས་བསྡུ་བྱས་ཏེ་འོས་གྲངས་མང་ཤོས་ཐོབ་མཁན་དེ་ཡར་སྙན་གསན་ཞུས་ཏེ་དེ་ལ་ྋགོང་ས་མཆོག་གིས་བཀའ་བློན་ཁྲི་པར་བསྐོ་གཞག་བསྩལ་རྒྱུ་ཡིན། སྔ་མ་འོས་ཤོག་བསྡུ་བ་ཙམ་ལས་བསྐོ་གཞག་གནང་དགོས་མེད། ད་ལྟ་འོས་ཤོག་ཐོན་པའི་ཐོག་ྋགོང་ས་མཆོག་གིས་བསྐོ་གཞག་གནང་བ་གཉིས་ཚོགས་དགོས་པ་དེ་གནས་ཚུལ་གསར་པ་ཡིན། གནས་ཚུལ་གསར་པ་གཞན་ནི་ད་ལྟ་ཡིན་ན་བཀའ་ཤག་ནང་བཀའ་བློན་བརྒྱད་ངེས་པར་དུ་དགོས་པ་དང༌། བཀའ་བློན་བརྒྱད་ཀྱི་ནང་ས་མིག་སྟོང་པ་བྱུང་ཚེ་ཟླ་དྲུག་ནང་ཚབ་གསར་བསྐོ་དགོས་པ་བཅའ་ཁྲིམས་རྙིང་པའི་དགོངས་དོན་རེད། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ནང་བཀའ་བློན་ཁྲི་པ་འོས་འདེམས་བྱས་རྗེས་བཀའ་བློན་ཁྲི་པ་དེས་བཀའ་ཤག་ཏུ་བཀའ་བློན་མང་ཉུང་ཇི་དགོས་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད། བཅའ་ཁྲིམས་ཀྱི་ནང་བཀའ་བློན་བདུན་ལས་མི་མང་བ་དགོས་པའི་མང་མཐའི་མཚམས་བཟུང་བྱས་ཡོད། དེ་མིན་བཀའ་བློན་གསུམ་མམ། བཞི། ལྔ། དྲུག་བཟོ་རྒྱུ་དང༌། ས་སྟོང་བྱུང་ན་ཟླ་དྲུག་ནང་བཀང་དགོས་པའི་ཆ་རྐྱེན་མེད། ཡང་བཀའ་བློན་གཞན་བདུན་གྱི་འོས་གཞི་དེ་བཀའ་བློན་ཁྲི་པས་བཏོན་རྒྱུ་དང༌། བཀའ་བློན་ཁྲི་པ་འོས་འདེམས་བྱུང་ནས་ཉིན་ ༢༠ ནང་བཀའ་བློན་གཞན་རྣམས་ཀྱི་མཚན་འོས་དམིགས་གྲོས་ཚོགས་ནང་བཏོན་ཟིན་པ་དགོས་ཞེས་འཁོད་ཡོད། འོས་གཞི་བཏོན་པའི་སྐབས་འདེམས་ཁ་བྱ་རྒྱུའི་འོས་གཞི་མང་པོ་བཏོན་མི་དགོས། རང་ཉིད་ཀྱི་བཀའ་ཤག་ཏུ་བཀའ་བློན་ཇི་ཙམ་དགོས་པ་དེ་ཙམ་གྱི་འོས་གཞིའི་མཚན་ཐོ་དང༌། ལོ་རྒྱུས། འོས་ཆོས་ཚང་ཚུལ་བཅས་གྲོས་ཚོགས་སུ་འབུལ་རྒྱུ་དང༌། གྲོས་ཚོགས་ནས་དགག་བྱ་མེད་པར་སྤྱི་མོས་བྱུང་ན་དེ་ཚོ་བཀའ་བློན་འོས་ཐོན་དུ་བརྩིས་ཏེ། ྋགོང་ས་མཆོག་ནས་བཀའ་བློན་དུ་བསྐོ་གཞག་གནང་རྒྱུ་དང༌། འོས་གཞི་ཡོངས་རྫོགས་སམ་གང་རུང་གཅིག་ལ་གྲོས་ཚོགས་ནས་དགག་བྱ་བྱུང་ཚེ་མི་རེ་རེའི་ཐོག་སྤྱི་འཐུས་རྣམས་ཀྱིས་འོས་ཤོག་བསྡུས། འོས་ཤོག་བརྒྱ་ཆ་ ༥༠ ལས་ལྷག་ཐོབ་མཁན་དེ་འོས་ཤོག་ཐོན་པ་དང༌། བརྒྱ་ཆ་ ༥༠ ལས་ལྷག་པ་མ་ཐོབ་པ་རྣམས་འོས་ཤོག་མ་ཐོབ་པར་བརྩིས་ཏེ་འོས་གཞི་དེ་ཕྱིར་འཐེན་གྱིས་འོས་གཞི་གསར་པ་བཏོན་དགོས།
ཡང་དེ་མ་ཡིན་པའི་གནས་ཚུལ་གསར་པ་གཞན་ཞིག་ནི་ད་ལྟ་ཕན་ཆད་ལ་བཀའ་བློན་དང་བཀའ་བློན་ཁྲི་པའི་འོས་བསྡུ་རྣམས་འོས་བསྡུའི་ལས་རིམ་ནང་འོས་བསྡུ་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་གནང་གི་ཡོད། དེ་ད་ལྟ་ཕན་གྱི་ཉམས་མྱོང་ནང་མི་འགྲིགས་པ་དེ་འདྲ་བྱུང་མེད། ཡིན་ནའང་ད་ལྟའི་འོས་བསྡུ་བྱེད་ཚུལ་དེ་གྲོས་ཚོགས་ཀྱི་ལས་རིམ་ནང་འོས་བསྡུ་བྱེད་ཚུལ་དང་ཐག་ཉེ་བ་ཆགས་གཤིས། འོས་བསྡུ་དེ་གྲོས་ཚོགས་ཀྱི་ལས་རིམ་ནང་བྱེད་དེ། འོས་བསྡུ་ལས་ཁང་གི་སྟངས་འཛིན་འོག་བྱེད་མི་དགོས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་འོག་ཚོགས་གཙོའི་སྟངས་འཛིན་འོག་བྱེད་རྒྱུ་བཟོས་ཡོད། དེ་དག་སྔ་མ་དང་མི་འདྲ་བའི་འགྱུར་བ་ཆེ་ཤོས་རྣམས་ཡིན། དེ་མ་ཡིན་པའི་འགྱུར་བ་རྣམས་གོང་སྨོས་འགྱུར་བ་ཕྱིན་པའི་དབང་གིས་བཅའ་ཁྲིམས་ཀྱི་ཚིག་བརྗོད་ལ་འགྱུར་བ་གཏང་དགོས་པ་ལས་རིམ་བཞིན་སླེབས་ཡོང་བ་ཞིག་ཡིན། དེར་བརྟེན་གནད་དོན་དེ་ཚོ་སྤྱི་འཐུས་རྣམ་པས་གསལ་པོ་མཁྱེན་པའི་ཆེད་དུ་འགྲེལ་བཤད་ཞུ་རྒྱུའི་འབད་བརྩོན་ཞུས་པ་ཡིན། གང་ལྟར་སྤྱི་འཐུས་རྣམ་པས་འཆར་ཅན་ནམ་གོ་དོན་ཡག་པོ་མ་རྟོགས་པའི་ཐོག་གཡམ་རྒྱུགས་སུ་ཕྱིན་པ་དང༌། གལ་ཆེན་པོ་མ་བརྩི་བར་ལྷོད་ཡངས་སོང་བ་དེ་འདྲ་མིན་པར་ཚང་མས་ཐུགས་སྣང་ཆེན་པོས་ཆ་ཤས་བླང་རོགས་གནང་ཞེས་སྙན་གསན་ཞུ་རྒྱུ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༠/༠༩/༠༦ ་་་ ༢༠༠༠/༠༩/༡༦