བཀའ་ཁྲིས་ལས་རོགས་བཀའ་བློན་གྱི་འོས་དམིགས་བཏོན་པ།

ཤིན་ཏུ་བཀུར་བར་འོས་པའི་དཔལ་ལྡན་ཚོགས་གཙོ་མཆོག་ལ་གུས་འདུད་ཞུ་བ་དང་ཆབས་ཅིག་ཚོགས་གཙོ་མཆོག་གི་བརྒྱུད་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ལྷན་རྒྱས་ལ་གུས་འདུད་དང་འཚམས་འདྲི་ཞུ་རྒྱུ་ཡིན། ད་རིང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་གསར་པས་གྲོས་ཚོགས་སུ་བཅར་བའི་ལས་དོན་གྱི་ཐོག་ལ། ལས་རོགས་བཀའ་བློན་གཞན་དག་གི་འོས་མིང་ལ་གྲོས་ཚོགས་ཀྱི་དགོངས་མཐུན་ངོས་ལེན་ཞུ་རྒྱུ་དེ་ཡིན། བཀའ་ཁྲིའི་འོས་ཐོན་གསལ་བསྒྲགས་བྱུང་བ་ནས་བཟུང་བཀའ་བློན་འདེམས་ཕྱོགས་སྐོར་དགོངས་འཆར་བཀའ་སློབ་གནང་མཁན་མང་པོ་བྱུང་བ་མ་ཟད་རང་ངོས་ནས་ཀྱང་བསམ་ཞིབ་ནན་ཏན་ཞུས་པ་ཡིན། སྤྱིར་བཏང་བཀའ་ཤག་བཟོ་ཕྱོགས་ཐད་གཟིགས་ཚུལ་དང་ལྟ་གྲུབ་མི་འདྲ་བ་སྣ་ཚོགས་ཤིག་འདུག་ཅིང༌། འགའ་རེས་བཀའ་བློན་རྣམས་ཉམས་མྱོང་གལ་ཆེ་བས་བཀའ་ཟུར་དང་གཞུང་ཞབས་དྲུང་ཆེ་ལས་ཟུར་རྣམས་ནས་གདམ་ན་ལེགས་པ་དང༌། ལ་ལས་གསར་གཏོད་དང་ལས་དོན་ནུས་ཤུགས་ཐོན་པའི་འགྱུར་བ་ཡོང་ཆེད་ན་གཞོན་ནས་གདམ་དགོས་པ་དང༌། ཁ་ཅིག་གིས་མི་མང་གི་རྒྱབ་སྐྱོར་ཡོང་ཆེད་སྤྱི་འཐུས་ནས་གདམ་དགོས་པ་དང༌། ཡང་གཞན་དག་གིས་མང་ཚོགས་མཐུན་བསྒྲིལ་ཡོང་ཆེད་ཆོལ་ཁ་ཆོས་ལུགས། སྡེ་ཚན་ཤོག་ཁག་ཕོ་མོ་སྐྱ་སེར་ཚང་མའི་སྐུ་ཚབ་འཛོམས་པ་དགོས་ལུགས་སོགས་གསུང་མཁན་འདུག་པ་མ་ཟད། འོས་གཞིའི་མཚན་ཐོ་གནང་མཁན་ཡང་མང་པོ་བྱུང༌། འོན་ཀྱང་ང་རང་གི་བསམ་ཚུལ་དུ་ད་རེས་བཅའ་ཁྲིམས་བསྐྱར་བཅོས་མཛད་དེ་བཀའ་བློན་རྣམས་ཀྱི་འོས་དམིགས་བཀའ་བློན་ཁྲི་པས་བཏོན་རྒྱུའི་ཆ་རྐྱེན་གསར་གཏོད་གནང་བའི་དགོས་དམིགས་གཙོ་བོ་ནི། བཀའ་བློན་རྣམས་བཀའ་བློན་ཁྲི་པའི་ལྟ་གྲུབ་དང་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་གྱི་བློ་མཐུན་པ་ཤ་སྟག་ཅིག་བྱུང་ན་ལས་དོན་ཐོག་ནུས་པ་ཐོན་པའི་རུ་ཁག་བཟང་པོ་ཞིག་ཡོང་ཆེད་ཡིན་སྟབས་བཀའ་བློན་འདེམས་ཕྱོགས་དེ་ང་རང་གི་གདོད་མའི་བློ་ལ་གང་བབས་ཤིག་མ་གཏོགས་དགོངས་འཆར་བཀའ་སློབ་དེ་ཚོའི་རྗེས་སུ་མ་འབྲངས་ན་ལེགས་པ་མཐོང་སོང༌། དེར་བརྟེན་དགོངས་འཆར་དང་མཚན་ཐོ་གནང་མཁན་ཚང་མ་ལ་དགོངས་འཆར་དེ་ཚོ་ང་རང་གི་བསམ་བློའི་དཔྱད་གཞི་ལ་ཕན་ཐོགས་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མཐའ་དོན་རང་གི་བསམ་བློས་རང་དབང་གིས་ཐག་གཅོད་བྱས་པའི་བཀའ་བློན་འོས་དམིགས་གསུམ་གྱི་མཚན་དང་ལོ་རྒྱུས་ད་ལྟ་གྲོས་ཚོགས་སུ་འབུལ་ལམ་ཞུ་རྒྱུ་ཡིན། སྤྱིར་བཏང་བཀའ་བློན་བདུན་གྱི་ས་མིག་ཡོད་ནའང༌། སྔ་འཕྲོས་ས་མིག་ཚང་མ་བསྐང་མ་དགོས་པར་གྲངས་ཚད་ཉུང་བའི་བཀའ་ཤག་ཆུང་ཆུང་ཞིག་བཙུགས་ཏེ། ཟླ་བ་དྲུག་རིང་ཚོད་བལྟ་ཞུ་རྒྱུ་ཡིན། ང་རང་རྒྱུན་ལྡན་ནས་བློ་ཁོག་ཆུང་རྐྱེན་ལས་དོན་གང་འདྲ་ཞིག་ཡིན་རུང་འགོ་འཛུགས་ཆུང་ཆུང་ཞིག་ནས་མ་གཏོགས་བྱེད་པའི་སྤོབས་པ་མེད་ལ། ལར་ནས་བཙན་བྱོལ་གཞུང་གི་ལས་དོན་ལ་ཞིབ་འཇུག་བྱེད་སྐབས་ལས་བྱེད་པ་ཉུང་སྐྱོན་མ་གཏོཌ་བཀའ་བློན་ཉུང་སྐྱོན་མེད་པའི་མཐོང་སྣང་ཞིག་བྱུང༌། བྱས་ཙང་ད་ལན་ཐབ་ཆུང་ཆུང་ཞིག་བརྒྱབས་པ་ཡིན། གཅིག་བྱས་ན་ཤུ་མེ་ཀར་གྱིས་བཤད་པ་ལྟར་ཆུང་ཆུང་དེ་སྙིང་རྗེ་པོ་ཆགས་པའི་རེ་བ་ཡོད། འོས་དམིགས་གསུམ་གྱི་མཚན་དང་ལོ་རྒྱུས་ཞུ་རྒྱུ་གཤམ་གསལ།

དང་པོ། སྤྱི་འཐུས་ཐུབ་བསྟན་ལུང་རིགས།
གཉིས་པ། དྲུང་ཟུར་བློ་བཟང་ཉི་མ།
གསུམ་པ། སྤྱི་ཟུར་བློ་བཟང་སྙན་གྲགས་བཅས་ཡིན།
ཁོང་གསུམ་གྱི་འོས་ཆོས་དང་ལོ་རྒྱུས་རྣམས་ཡིག་ཐོག་ཏུ་ཡོད་པས་བསྐྱར་ཀློག་གིས་དུས་ཚོད་འཕྲོ་བརླག་བཏང་མི་དགོས་པའི་ཐོག་ནས་བསྡོམས་བརྒྱབས་ནས་ཞུ་ན་ད་ལྟ་ངས་ཕུལ་བའི་མི་གསུམ་པོ་འདི་ལ་བཅའ་ཁྲིམས་དང་སྒྲིག་གཞིའི་ནང་དུ་གཏན་ལ་ཕབ་པའི་འོས་ཆོས་ཡོངས་སུ་རྫོགས་པ་བརྒྱ་ཆ་བརྒྱ་ཐམ་པ་ཚང་གི་ཡོད་ཅེས་ཞུ་རྒྱུ་ཡིན། དེས་ན་ད་རིང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པས་སྤྱི་འཐུས་གྲོས་ཚོགས་སུ་དགོས་འདུན་དང་པོ་བཏོན་པ་འདིའི་ཐོག་ལ་སྤྱི་འཐུས་ཚང་མས་སྤྱི་མོས་ཀྱི་ཐོག་ནས་དགོངས་མཐུན་དང་བཀའ་ཁྲོལ་ཡོང་བའི་རེ་བ་ཞུ་གི་ཡོད། མང་ཚོགས་ཀྱི་མང་གཙོའི་ཐོབ་ཐང་གི་འགྲོ་སྟངས་ཀྱི་ཆ་ནས་དགག་བྱ་གནང་མཁན་གྱི་རིགས་ཡོད་ན་ངེས་པར་དུ་གནང་ཆོག་པ་ཞིག་ཡིན་པས། ཅི་སྟེ་དེ་རིགས་བྱུང་ཚེ་སྒྲིག་གཞི་གཞིར་བཟུང་གསང་བའི་འོས་ཤོག་གི་ཐོག་ནས་བལྟ་རྒྱུ་ཞིག་རེད། དེ་ལ་ཁོ་བོས་ནན་ཏན་བྱས་ནས་ཞུ་དགོས་པ་མི་འདུག་སྟེ། དེ་རིགས་མི་དགོས་པའི་ཐོག་ནས་སྤྱི་མོས་ཀྱིས་ཕེབས་ཐུབ་པ་ཡིན་ན་དགའ་པོ་ཞེ་དྲགས་ཡོང་ས་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨