ཕྱི་ལོ་༡༩༩༡ ཟླ་༦ ཚེས་༡༠ ཉིན་ཞུས་པའི་བཅར་འདྲི་དང་བཀའ་ལན་ཁག
དྲི་བ། ཐོག་མར་རིན་པོ་ཆེ་ཐད་བསྐོས་སྤྱི་འཐུས་དང༌། དེ་རྗེས་སྤྱི་འཐུས་ཀྱི་བཅའ་ཁྲིམས་གཏན་འབེབས་ཀྱི་ཚོགས་གཙོ་ལས་ཚབ་ཏུ་མང་མོས་འོས་འདེམས་བྱུང་བར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ྋརྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་སྐབས་ཐུགས་ལ་ཚོར་སྣང་གང་བྱུང་ཡོད་དམ།
ལན། ངའི་སེམས་ཀྱི་ཚོར་བ་དེ་ཁ་སང་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ནང་ཟུར་ཙམ་ཞུས་ཡོད། ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེ་ཆུ་བཟང་རི་ཁྲོད་ནས་བཀའ་འགུགས་གནང་སྐབས་སྡེ་ཁྲི་ཡོངས་འཛིན་རིན་པོ་ཆེས་འགྲེལ་བརྗོད་ཀྱི་ཚིག་ཅིག་གསུངས་ཡོད། དེ་དང་གཅིག་པ་འདྲ་པོ་ཞིག་ངའི་སེམས་ནང་ཚོར་སྣང་དེ་བྱུང༌། འགྲེལ་བརྗོད་དེ་གང་གནང་ཡོད་ཅེ་ན། ཁོང་གིས་ཨ་མདོའི་གསུང་མཁྲེགས་པོ་ཞིག་ནང་ྋརྒྱལ་བ་དོན་གྱི་བདག་པོས་ནི་བདག་རྐྱེན་འདི་ལྷག་མ་ཆེ་བ་ཞིག་གནང་བྱུང༌། ང་གྲྭ་པ་གྲྭ་རྐྱང་ལ་ནི་བཀའ་བཀྱོན་འདི་ལྷག་མ་ཆེ་བ་ཞིག་ཐོབ་སོང་ཞེས་གསུངས་པ་རེད། བྱས་ཙང་ང་གྲྭ་པ་གྲྭ་རྐྱང་ལ་ནི་བཀའ་བཀྱོན་ཕེབས་པ་འདྲ་པོ་ཞིག་བྱུང་བ་རེད་དེ། བླ་མའི་བཀའ་ཡིན་ཙང་མ་སྒྲུབ་པ་ཐབས་ཡོད་མ་རེད།
དྲི་བ། རིན་པོ་ཆེ་ཁྱེད་རང་གི་མཚན་ཆོས་ལུགས་དང་ཆོལ་ཁ་གཉིས་ཀའི་སྔོན་འགྲོའི་འོས་གཞིའི་ནང་ཐོན་ཡོད་ནའང༌། དེ་ནས་ཕྱིར་འཐེན་གནང་བ་རེད། ད་རེས་ཐད་བསྐོས་གནང་བར་ཞལ་བཞེས་གནང་དགོས་པའི་དམིགས་བསལ་གྱི་རྒྱུ་མཚན་ཡོད་དམ།
ལན། རྒྱུ་མཚན་གཞན་དག་གང་ཡང་མེད། ད་རེས་ཀྱང་ཐད་བསྐོས་མིན་ན་དགོངས་པ་ཞུ་རྒྱུ་རང་རེད། ཆོས་ལུགས་དང་ཆོལ་ཁ་ནས་ད་རེས་ཙམ་མིན་པར་སྔོན་མ་ནས་ངས་ཡོང་བ་མི་འདུག་ཞུས་ཡོད། ངའི་བསམ་བློའི་འགྲོ་སྟངས་དང་སྤྱི་འཐུས་ཀྱི་ངོ་བོ་གཉིས་མཐུན་ཐབས་མེད་པར་བརྟེན། ངས་ཞབས་འདེགས་སྒྲུབ་ཀྱི་མ་རེད་དྲན་གྱི་ཡོད། ད་རེས་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་དུས་དེ་སྔོན་ལས་དོན་མང་པོ་ཞིག་ནས་དགོངས་པ་ཞུ་དགོས་བྱུང་བ་རེད། མུ་མཐུད་ནས་དགོངས་པ་ཞུས་ན་དགོངས་པ་འགལ་བ་དེ་འདྲ་མི་ཡོང་ངམ་སྙམ་ནས་ད་རེས་དགོངས་པ་ཞུ་མ་ནུས་པ་རེད། འོས་འདེམས་བྱས་ནས་སླེབས་ན་ངེས་པར་དུ་དགོངས་པ་ཞུ་གི་རེད།
དྲི་བ། འོས་འདེམས་ནས་དགོངས་པ་ཞུ་དགོས་རྐྱེན་དེ་སྤྱི་འཐུས་ཡོང་ཁུངས་དེར་ཐུགས་མོས་མེད་པའི་དབང་གིས་ཡིན་ནམ།
ལན། སྤྱི་འཐུས་ཡོང་ཁུངས་ཙམ་མ་རེད། ངའི་མི་ཚེའི་འགྲོས་དེས་མི་མང་གི་འཐུས་མི་བྱས་ནས་སྲིད་དོན་དང་འབྲེལ་བའི་ལས་ཀའི་ཐོག་ཞབས་འདེགས་སྒྲུབ་ཐུབ་ཀྱི་མ་རེད་དྲན་གྱི་ཡོད། དེའི་རྒྱུ་མཚན་ནི་མི་མང་ལ་ཞབས་འདེགས་ཞུ་འདོད་མེད་པ་དང་མི་མང་ལ་བརྩེ་བ་མེད་པ་མ་རེད། ངའི་བསམ་བློ་གཏོང་སྟངས་དང་ལྟ་བ་འཁྱེར་སྟངས་དེ་བོད་མི་ཚོའི་ནང་ཚོས་གཞི་འདྲེས་ཐུབ་པ་མེད། ང་རང་ལ་བསམ་ཚུལ་མི་འདྲ་བ་ཞིག་ཡོད། དེ་ནི་དགེ་རྒན་དང༌། ཉམས་ཞིབ། འབྲི་རྩོམ་བཅས་ཀྱི་ལས་ཀ་བྱས་ན་གང་དུའང་གནོད་སྐྱོན་འགྲོ་རྒྱུ་མེད། དེའི་ཐོག་ནས་ང་རང་དཔག་ཚོད་ཀྱི་ཞབས་འདེགས་ཤིག་སྒྲུབ་ཐུབ་ཀྱི་རེད་དྲན་གྱི་ཡོད།
སྲིད་དོན་ཐོག་མཉམ་རུབ་ཀྱིས་འགན་འཁྱེར་རྒྱུའི་ལས་ཀའི་ནང་ཁོང་ཚོའི་མཉམ་དུ་མཐུན་གྱི་མ་རེད་དྲན་གྱི་ཡོད། དེའི་རྒྱུ་མཚན་ནི་ངའི་བསམ་ཚུལ་དང་མི་མཐུན་པ་ཞིག་བྱུང་ན། ངའི་བསམ་ཚུལ་དེ་བཞག་ནས་མཐུན་སྒྲིག་རྒྱག་ཐུབ་ཀྱི་མ་རེད་དྲན་གྱི་ཡོད། གནས་ཚུལ་ཆུང་ཆུང་ཐོག་ཡིན་ན་གང་ཡང་མེད་རུང༌། སོ་སོའི་ལྟ་བ་དང་འབྲེལ་བ་ཡོད་པ་དཔེར་ན། འཛམ་གླིང་མི་ཡོངས་རྫོགས་ཀྱིས་བོད་རང་བཙན་དེ་འཚེ་བ་བསྟེན་ན་མ་གཏོགས་ཡོང་གི་མ་རེད་ཟེར་བ་ཡིན་ནའང༌། ངས་ཁོང་ཚོ་དང་མཐུན་སྒྲིག་བྱེད་མ་ཐུབ་པར་སོ་སོ་གཅིག་པུ་འཚེ་བ་མེད་པའི་ཐོག་བསྡད་ཀྱི་རེད། དེ་བཞིན་འཛམ་གླིང་མི་ཡོངས་རྫོགས་ཀྱིས་བོད་ནང་མ་འོངས་པར་ཚོང་ཁེའི་ངོ་བོ་ཅན་ཞིག་ཐོག་ནས་མ་གཏོགས་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་ཀྱི་མ་རེད་ཟེར་བ་ཡིན་ནའང༌། ངས་དེར་མོས་མཐུན་བྱེད་ཐུབ་ཀྱི་མ་རེད།
ང་རང་ཚོའི་དགོས་མཁོ་དང་མཐུན་པའི་ཆོག་ཤེས་ཀྱི་གཞི་རྩར་བརྟེན་པའི་དཔལ་འབྱོར་གྱི་སྲིད་བྱུས་ཤིག་དགོས་ཀྱི་རེད། མ་བྱུང་ན་བོད་པ་བརླག་འགྲོ་གི་རེད་ཟེར་རྒྱུ་རེད། བྱས་ཙང་དེ་འདྲའི་གནས་ཚུལ་འོག་སུ་དང་ཡང་མཐུན་སྒྲིག་བྱེད་ཐུབ་ཐབས་མེད་པ་སོང་ཙང༌། མང་ཚོགས་དང་མཉམ་དུ་ལས་ཀ་བྱེད་རྒྱུ་དེ་ངས་ཡོང་གི་མ་རེད་ཟེར་གྱི་ཡོད། དེ་ནི་ངས་བསམ་བློའི་ནང་དྲན་པ་བཞིན་ཉིན་ཤས་ནང་གསལ་པོ་འཐོན་ཡོང་གི་རེད། ད་ལྟ་འགོ་ཚུགས་ཙམ་ཡིན་ཙང་མི་ཚང་མས་ང་ལ་དགའ་པོ་བྱེད་ཀྱི་ཡོད། ཚོར་བ་འདི་ཟླ་བ་གཅིག་གཉིས་མཉམ་དུ་ལས་ཀ་བྱས་རྗེས་བརླག་འགྲོ་གི་རེད། དེའི་སྐབས་མི་ཚང་མས་མི་དེ་མེད་ན་སྙམ་པ་དྲན་གྱི་རེད།
དྲི་བ། ད་བར་རིན་པོ་ཆེ་ཤེས་ཡོན་གྱི་ཚན་པའི་ནང་ཕྱག་ལས་གནང་བཞུགས་པ་རེད། ད་རེས་གློ་བུར་དུ་སྲིད་ཀྱི་ལས་ཀའི་ནང་ཞུགས་པར་རྒྱུ་མཚན་གང་ཡོད་དམ།
ལན། དམིགས་བསལ་གྱི་རྒྱུ་མཚན་གང་ཡང་མེད། ྋརྒྱལ་བ་རིན་པོ་ཆེས་བྱེད་དགོས་གསུངས་པ་ཡིན་ཙང་ཡོང་བ་རེད། ང་རང་ལ་རང་དབང་ཡོད་ན། ད་ལྟའང་སྲིད་དོན་ནང་ཞུགས་ཀྱི་མ་རེད། འདིའི་ནང་ངས་མང་ཚོགས་ལ་དོན་དམ་གྱི་ཞབས་འདེགས་སྒྲུབ་ཐུབ་ཡོང་སྙམ་པའི་ཡིད་ཆེས་དེ་ང་ལ་ཡོང་གི་མི་འདུག
དྲི་བ། དམ་འབུལ་མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་སྤྱི་འཐུས་རྣམ་པར་སྤྱི་པའི་མི་བྱེད་དགོས་པའི་བཀའ་སློབ་ནན་ཏན་ཕེབས་ཡོད། རིན་པོ་ཆེའི་དགོངས་པར་ད་ལྟའི་དུས་སྐབས་འདིར་སྤྱི་པའི་མི་དེ་གང་འདྲ་ཞིག་དགོས་ཀྱི་ཡོད་དམ།
ལན། སྤྱི་པའི་མི་ཟེར་བ་དེ་སྤྱི་པའི་ཁེ་ཕན་གང་དུ་འགྲོ་བལྟས་ནས་སྤྱི་པའི་ཁེ་ཕན་དེ་དང་ཆོས་ལུགས་དང་ཆོལ་ཁའི་ཁེ་ཕན་གཉིས་པོ་དེ་གནས་ཚུལ་ཞིག་གི་ཐོག་ལ་འགལ་ཟླ་འགྲོ་གི་འདུག་ན། རང་གི་སྡེ་ཚན་གྱི་ཁེ་ཕན་དེ་བཞག་ནས་སྤྱི་པའི་ཁེ་ཕན་དེ་འཁྱེར་མཁན་ཞིག་ལ་སྤྱི་པའི་མི་ཟེར་དགོས། ང་ལྟ་བུ་ྋརྒྱལ་བ་རིན་པོ་ཆེས་ཐད་བསྐོས་གནང་བ་ཡིན་ཙང་སྤྱི་མི་ཞིག་ཆགས་ཡོད་པར་བརྟེན། སྤྱི་པའི་འགན་དེ་འཁྱེར་དགོས་ཀྱི་ཡོད། ཆོས་ལུགས་ཆོལ་ཁའི་འཐུས་མི་དེ་དག་ཆོས་ལུགས་ཆོལ་ཁ་ནས་བདམས་པ་ཡིན་ཙང༌། ཁེ་ཕན་དེ་གཉིས་ལ་གདམ་ཁ་ཞིག་སྤྲད་དགོས་པའི་དུས་ཚོད་ཅིག་ཤར་དུས་ཆོས་ལུགས་ཆོལ་ཁའི་ཁེ་ཕན་དེ་བློས་གཏོང་ཐུབ་པ་ཞིག་དགོས་ཀྱི་རེད།
དྲི་བ། ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་འདིས་མ་འོངས་པར་བོད་དེ་མང་གཙོ་ཡང་དག་པ་ཞིག་ཡོང་བ་ལ་འགོག་རྐྱེན་བྱེད་ཀྱི་ཡོད་དམ།
ལན། འགོག་རྐྱེན་འགྲོ་གི་རེད་ཅེས་བཤད་ཐུབ་ཀྱི་མ་རེད་ལ། འགྲོ་གི་མ་རེད་ཅེས་ཀྱང་བཤད་མི་ཐུབ། གཙོ་བོ་ད་ལྟ་ཡོད་པའི་འཐུས་མི་དེ་ཚོར་རག་ལུས་པ་ཡིན། ད་ལྟ་བོད་རྒྱ་ཆེ་མང་ཚོགས་ཀྱིས་འོས་འདེམས་ནང་ཕྱག་བཞེས་ཐུབ་ཀྱི་མེད་ཙང་བོད་ཆོལ་ཁ་གསུམ་ཡོངས་རྫོགས་འདྲ་མཉམ་གྱི་འཐུས་མི་མཚོན་ཐབས་སུ་ས་གནས་བགོ་བཤའ་མ་བརྒྱབས་པར་ཆོལ་ཁ་རེ་ནས་མི་བཅུ་རེ་ཡོང་རྒྱུ་བཟོས་པ་རེད།
དེའི་ལྟ་བའི་གཞི་རྩ་ནི་རྒྱ་གར་ནང་མི་སུ་མང་ཉུང་སླེབས་མིན་ལ་གཞི་རྩ་མ་བཟུང་བར་རྩ་བའི་བོད་ནང་གི་ས་ཁུལ་ཡོངས་རྫོགས་མཚོན་ཐུབ་ཐབས་ཆེད་རེད། ཡིན་ནའང་བོད་ནང་ཡོད་པ་ཚོས་འོས་ཤོག་འཕེན་ཐུབ་ཀྱི་མེད། ཕྱི་རྒྱལ་དུ་ཡོད་པ་ཁོ་ནས་འོས་ཤོག་འཕེན་གྱི་ཡོད། ང་ཚོས་ལས་ཀ་བྱེད་རྒྱུ་དེ་ཆོལ་ཁ་ཆོས་ལུགས་ཀྱི་ཆིག་བསྒྲིལ་ལ་ཕན་ཐོགས་ཤིག་བྱེད་མ་ཐུབ་ན་གཉིས་ཀ་མེད་པ་ཆགས་རྒྱུ་རེད། དེ་འདྲ་བྱུང་ན་དངོས་འབྲེལ་མང་གཙོ་ཡང་དག་པ་ཞིག་ཡོང་ཐབས་སུ་གནོད་སྐྱོན་ཡོང་གི་རེད།
ང་ཚོར་དཀའ་ངལ་ཆེ་ཤོས་ཤིག་མི་གཅིག་ལ་འོས་གཅིག་ཟེར་བའི་གཞི་རྩའི་ལྟ་བ་དེ་རེད། དེ་ང་ཚོས་ལག་བསྟར་ཐུབ་ཀྱི་མེད། ཡག་པོ་ཞིག་བསམ་བློ་བཏང་ན་མ་འོངས་པར་ཆོལ་ཁ་རེར་སྤྱི་འཐུས་བཅུ་རེའི་གནས་ཚུལ་དེ་འགྱུར་བ་མ་བཏང་ན། མི་རེར་འོས་རེ་ཟེར་བ་དེ་ལག་ལེན་འགེལ་ཐུབ་ཀྱི་རེད། དངོས་འབྲེལ་བྱས་ན་སྔ་ལོ་ྋརྒྱལ་བ་རིན་པོ་ཆེས་ཕྱེད་ཀ་ཕྱེད་ཀ་བྱས་པ་ཡིན་ཞེས་པའི་བཀའ་སློབ་དེར་མང་ཚོགས་འདོད་པ་མཐུན་པ་བྱུང་མེད། དེ་འདྲ་མ་བྱུང་ནའང་དངོས་འབྲེལ་མི་གཅིག་འོས་གཅིག་ཟེར་བ་དེ་ཡོང་ཐབས་སུ་མིའི་ཡོང་ཁུངས་གཏན་འཁེལ་བ་ཡིན། འོས་ཤོག་བླུག་མཁན་བགོ་བཤའ་བརྒྱབ་པ་ཡིན་ནའང་ཡོང་མ་ཐུབ་པ་མེད་དྲན་གྱི་འདུག ཡིན་ནའང་ད་ལྟ་མི་མང་ཆེ་བའི་བློ་ལ་ང་ཚོའི་བསམ་ཚུལ་དེ་འགྲོ་ཁག་པོ་རེད།
དྲི་བ། ད་དུང་ལོ་ག་ཚོད་འགོར་ཡོང༌།
ལན། འདི་ཕྱོགས་གང་སར་རག་ལས་ཀྱི་འདུག ལོ་དེ་འདྲ་ཞིག་འགོར་གྱི་རེད་ཅེས་བཤད་ཁག་པོ་རེད། གང་ཡིན་ཟེར་ན། ལོ་གཞོན་པའི་ནང་དུའང་ལོ་རྒན་པ་ལས་མཁྲེགས་པ་མང་པོ་འདུག གཉིས་པ་འདི་འདྲ་དགོས་འདུག་ཅེས་སྡེ་ཚན་གཅིག་གིས་རྟག་པར་བཤད་བསྡད་ན། སྡེ་ཚན་གཞན་པ་དེས་ད་དུང་མཁྲེགས་པ་བྱེད་ཀྱི་རེད། འདི་འདྲ་དགོས་ཀྱི་འདུག་ཟེར་མཁན་གྱི་སྡེ་ཚན་དེ་གནས་སྐབས་རིང་ཁ་བཀག་བསྡད་ན་སྡེ་ཚན་གཞན་པ་དེའང་ཕྲན་བུས་ཤུགས་ཆུང་དུ་འགྲོ་མི་ཡོང་ངམ་སྙམ་གྱི་འདུག
ཕྱོགས་གཅིག་གིས་དགོས་ཀྱི་འདུག་བཤད་དུས་གཞན་པ་དེ་ཚོའི་བསམ་བློའི་ནང་དེ་ལ་ཁེ་ཕན་ཞིག་ཡོད་སྙམ་ནས་གཅིག་གིས་གཅིག་ལ་ཡིད་ཆེས་མེད་པ་གནས་ཀྱི་ཡོད། གནས་སྐབས་རིང་ཕྱོགས་གཉིས་ཀས་གང་ཡང་མ་ལབ་པར་བསྡད་ན་མི་གསར་པ་ཚོའི་བསམ་བློའི་ནང་གང་ཡང་ལྷད་མེད་ཙང་རིམ་པས་འགྱུར་བ་ཞིག་ཡོང་རྒྱུའི་རེ་བ་ཡོད། རྩོད་པ་དེ་རྒྱག་བསྡད་ན་ལོ་གཞོན་པ་ཚོར་དེ་སྐོར་སློབ་གསོ་ཕོག་ནས་བོད་རང་བཙན་མ་ཐོབ་བར་དེ་མུར་ལུས་རྒྱུའི་ཉེན་ཁ་ཡོད།
དྲི་བ། ད་ནས་སྤྱི་འཐུས་ལྷན་ཁང་འདི་ཁྲིམས་བཟོ་ལྷན་ཚོགས་སུ་འགྱུར་ཡོད། ད་ལྟའི་སྤྱི་འཐུས་རྣམ་པར་ཁྲིམས་བཟོའི་འགན་དབང་བླང་རྒྱུའི་ཆ་རྐྱེན་ཚང་ཡོད་དམ།
ལན། ལྷན་ཚོགས་ལ་ཆ་རྐྱེན་ཚང་ཡོད། གང་ཟག་རེ་རེ་བཞིན་ཚང་ཡོད་དམ་ཞེ་ན། གང་ཟག་རེར་བལྟ་དགོས་ཀྱི་རེད། སྤྱི་འཐུས་ལྷན་ཚོགས་ལ་ངེས་པར་དུ་ཚང་ཡོད་དྲན་གྱི་འདུག
དྲི་བ། རྒྱལ་ཁབ་གཞན་པའི་ཁྲིམས་བཟོའི་ནང་ཚོགས་པ་སོ་སོའི་ལྟ་བ་དང་ལངས་ཕྱོགས་ཐོག་ནས་ལས་དོན་བྱེད་ཀྱི་ཡོད། ང་ཚོའི་ནང་ཚོགས་པ་སོགས་མེད་པར་ཡོང་ཁུངས་ཆོལ་ཁ་ཆོས་ལུགས་ཐོག་ཡོང་གི་ཡོད་པར་བརྟེན། ཁྲིམས་བཟོའི་ལས་དོན་གནང་སྐབས་དཀའ་ངལ་ཡོང་གི་མེད་དམ།
ལན། དཀའ་ངལ་དེ་འདྲ་ཕྲན་བུ་འཕྲད་སྲིད་ཀྱི་རེད། ང་ཚོ་བཙན་བྱོལ་དུ་གནས་རྒྱུན་རིང་ལག་ལེན་ལ་མི་འཁེལ་རྒྱུ་ཞིག་ཡོང་གི་མ་རེད་སྙམ་གྱི་འདུག གང་ཡིན་ཟེར་ན། ད་ལྟ་ང་ཚོ་ཁྲིམས་བཟོ་བྱེད་རྒྱུའི་ནང་སྤྱི་ཚོགས་གནས་སྟངས་དང༌། དཔལ་འབྱོར་གནས་སྟངས། ཕྱི་འབྲེལ་སོགས་དེ་ཚོར་ལྟ་བ་ཞིག་གཏན་འཁེལ་ནས་ཁྲིམས་བཟོ་རྒྱུ་དཀོན་པོ་རེད་དྲན་གྱི་འདུག ང་ཚོས་བཟོས་པའི་ཁྲིམས་དེ་དག་གིས་སྤྱི་ཚོགས་དང་དཔལ་འབྱོར་ཕྱི་འབྲེལ་བཅས་ལ་གནད་འགག་འགྲོ་རྒྱུ་གང་ཡང་མེད།
ང་ཚོ་བཙན་བྱོལ་ནང་གནས་རིང་གི་གཞུང་གི་འགྲོ་ལུགས་སྡོད་སྟངས་ཀྱི་ཁྲིམས་ཤིག་བཟོ་དགོས། དེར་སྲིད་དོན་གྱི་ལྟ་བ་དང་ཤོག་ཁག་གི་ལྟ་བའི་རྒྱབ་རྟེན་དགོས་ཀྱི་མེད་པ་ཞིག་ཡིན་ནའང་ཁྲིམས་བཟོ་ཐུབ་ཀྱི་རེད། ཕྱོགས་གཉིས་ནས་རྒྱབ་རྟེན་ཞིག་དགོས་ན། ྋསྐྱབས་མགོན་རིན་པོ་ཆེའི་ལམ་སྟོན་ཞིག་ཕེབས་ཀྱི་རེད། ལམ་སྟོན་དེ་གཞིར་བཟུང་ཚང་མས་ཕེབས་ཐུབ་ཀྱི་རེད་དྲན་གྱི་འདུག
དྲི་བ། སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ཆར་བཅའ་ཁྲིམས་གཏན་འབེབས་གནང་སྐབས་ཆོས་ལུགས་རིས་མེད་འདོད་མཁན་ཚོ་ཕམ་པ་རེད། བཅའ་ཁྲིམས་ནས་ཆོས་ལུགས་རིས་མེད་ཕྱིར་འཐེན་བྱས་པ་འདིས་བཅའ་ཁྲིམས་ལ་ཕན་གནོད་གང་བྱུང་ཡོད་དམ།
ལན། ཆོས་ལུགས་རིས་མེད་ལ་འགྱུར་བ་སོང་བ་དེས་ང་རང་སྒེར་གྱི་བསམ་བློའི་ནང་བཅའ་ཁྲིམས་ཀྱི་གནས་ཚད་དམའ་རུ་སོང་བ་རེད་སྙམ་གྱི་འདུག ད་རེས་ང་ཚོས་མཐར་ཕྱིན་པ་བགྲོ་གླེང་བྱས་ནས་མང་མོས་ཐོག་ཆོས་ལུགས་རིས་མེད་འགྱུར་བ་གཏོང་རྒྱུར་ཐག་གཅོད་ཡོད་ཙང་དེར་གུས་བརྩི་ཞུ་དགོས་པ་རེད། ཆོས་ལུགས་རིས་མེད་ཀྱི་ཚབ་ཏུ་ཆོས་སྲིད་ཟུང་སྦྲེལ་བཀོད་ཡོད་པར་བརྟེན།
དྲང་པོ་དང་ཡིད་ཆེས་ཡོད་པའི་ཐོག་ནས་ཆོས་སྲིད་ཟུང་སྦྲེལ་དང་མ་བརྒལ་བ་ཞིག་བྱེད་དགོས། དེ་མ་བྱས་ན་ཁ་ནས་ཆོས་སྲིད་ཟུང་སྦྲེལ་ཞེས་བཤད། ལས་ཀ་བྱེད་དུས་ཆོས་སྲིད་ཟུང་སྦྲེལ་མ་བྱས་ན་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་སྦྲེལ་བཀོད་པ་དེས་དགོས་པ་ཚང་མེད། ང་ཚོའི་རེ་བ་ཆེ་ཤོས་ལ་མ་འོངས་པར་ཆབ་སྲིད་ཀྱི་ཐག་གཅོད་ཇི་འདྲ་ཞིག་བྱེད་ཀྱང་ཆོས་དང་འགལ་མི་འགལ་བལྟ་རྒྱུ་དེ་སྤྱི་འཐུས་ལྷན་ཁང་གི་ལས་འགན་ལྟེ་བ་ཞིག་ཆགས་ཀྱི་རེད། ཆོས་དང་འགལ་བ་ཞིག་བྱེད་སྐབས་ང་ཚོ་ཆོས་སྲིད་ཟུང་སྦྲེལ་ཡིན་ཙང་འགྲིགས་ཀྱི་མི་འདུག་ཅེས་གསུང་ཐུབ་པ་ཞིག་དགོས། དེ་འདྲ་བྱུང་ན་གཅིག་བྱས་ན་ཆོས་ལུགས་རིས་མེད་ལས་ཆོས་སྲིད་ཟུང་སྦྲེལ་བྱས་པ་དེས་ཕན་ཐོགས་ཆེ་བ་ཡོང་སྲིད།
དྲི་བ། བཅའ་ཁྲིམས་གཞིར་བཟུང་བཀའ་བློན་ལ་དགོས་ངེས་བརྒྱ་ཆ་ལོན་མཁན་མ་བྱུང་ན། དེའི་སྐབས་སྤྱི་འཐུས་ལྷན་ཚོགས་འདིའི་གནས་སྟངས་གང་ཆགས་ཀྱི་རེད།
ལན། བཀའ་བློན་གཅིག་ཀྱང་ཡོང་གི་མ་རེད་ཟེར་བའི་དྲི་བ་དེ་རྟོག་པའི་མཐའ་བཟུང་ཞིག་རེད། དེ་འདྲ་ཡོང་གི་རེད་སྙམ་པ་ང་ཚོས་དྲན་གྱི་མེད། ད་བར་ཉིན་ཤས་རིང་བལྟས་དུས་སྤྱི་འཐུས་ལྷན་ཚོགས་འདི་ཤོག་ཁག་ནང་བགོ་བཤའ་ཐེབས་པའི་མཐོང་ཚུལ་མ་བྱུང༌། དོན་དག་རེ་རེ་བཞིན་འགྲོ་བའི་སྐབས་སོ་སོའི་རྩལ་བཏོན་ནས་དགོངས་འཆར་གསུངས་པ་ལས་ཤོག་ཁག་སོ་སོར་འགྱེས་ཕྱིན་པ་དེ་འདྲ་བྱུང་མ་སོང༌། དེས་གང་མཚོན་གྱི་ཡོད་ཅེ་ན། ཚང་མས་དངོས་དོན་གནས་ཚུལ་ཐོག་སྐྱོན་དང་ཡོན་ཏན་ལྟ་བ་ལས་ཤོག་ཁག་ཐོག་ནས་ལྟ་གི་མེད། སྤྱི་འཐུས་ཡོངས་རྫོགས་ཀྱི་བསམ་བློའི་ནང་བཀའ་བློན་ལྔ་ནས་བདུན་བར་དགོས་ཀྱི་རེད་དྲན་གྱི་ཡོད། བང་རིམ་བསྒྲིགས་ནས་ཡོང་དུས་ཚང་མས་བརྒྱ་ཆ་ལོན་ཐབས་བྱེད་ཀྱི་རེད། མཐའ་མ་དྲི་བ་ནང་བཞིན་ཆགས་ན་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་བསྡུར་བྱེད་རྒྱུ་དང༌། ད་དུང་ཐག་མ་ཆོད་ན་ྋགོང་ས་མཆོག་ལ་དགོངས་སྐོར་ཞུ་རྒྱུ་རེད།
དྲི་བ། གལ་སྲིད་དེ་འདྲའི་གནས་ཚུལ་ཆགས་ནས་བཅའ་ཁྲིམས་ཀྱི་དཀའ་ངལ་བྱུང་ན་གང་གནང་གི་རེད།
ལན། དེ་འདྲ་བྱུང་ན་ཡང་བསྐྱར་ཡང་བསྐྱར་འདེམས་ཀྱི་རེད། མཐའ་མ་འོས་གཞི་བརྗེ་པོ་བརྒྱབ་ན་ཕལ་ཆེར་གྲངས་ཚད་ལོན་གྱི་རེད། སྤྱི་འཐུས་རྣམ་པ་མོས་མཐུན་ཡོང་གི་རེད་དྲན་གྱི་འདུག དེའི་རྒྱུ་མཚན་གང་ཡིན་ཞེ་ན། བརྒྱ་ཆ་ཕབ་རྒྱུར་གྲོས་འཆར་བྱུང་སྐབས་མང་མོས་ཤུགས་ཆེན་པོས་རང་འཇགས་བཞག་དགོས་པར་མོས་མཐུན་བྱུང་སོང༌།
དྲི་བ། མང་ཚོགས་ནང་རིན་པོ་ཆེ་ཁྱེད་རང་བཀའ་བློན་འོས་གཞིའི་ནང་ནས་རྒྱལ་ཁ་ཐོབ་ཀྱི་རེད་ཟེར་གྱི་ཡོད། གལ་སྲིད་བདམས་ཐོན་བྱུང་ན་བཀའ་བློན་ནང་བཞུགས་འཆར་ཡོད་དམ།
ལན། འོས་གཞིའི་ནང་སླེབས་ན་སྔ་ལོ་དགོངས་པ་ཞུས་པ་བཞིན་འདི་ལོའང་དགོངས་པ་ཞུ་རྒྱུ་ཡིན། ྋརྒྱལ་བ་རིན་པོ་ཆེས་དགོངས་པ་ཞུས་ན་འགྲིགས་ཀྱི་མ་རེད་གསུངས་ན་མ་གཏོགས། ང་རང་ལ་རང་དབང་ཡོད་པའི་གནས་སྟངས་ཤིག་ཡིན་ན་དགོངས་པ་ཞུ་རྒྱུ་ཡིན།
དྲི་བ། སྤྱི་འཐུས་ནང་རང་འཇགས་བཞུགས་གནང་གི་ཡིན་ནམ།
ལན། སྤྱི་འཐུས་ནང་མ་ཕུད་བར་རང་འཇགས་བསྡད་དགོས་ཀྱི་རེད། ལོ་ལྔ་བྱེད་རྒྱུར་ཡོང་བ་ཡིན་པར་བརྟེན། སྡོད་ཐབས་མེད་པའི་གནས་ཚུལ་ཤུགས་ཆེན་པོ་ཞིག་བྱུང་ན་མ་གཏོགས། ལོ་ལྔ་བསྡད་དགོས་ཀྱི་རེད།
དྲི་བ། སྤྱི་འཐུས་ཀྱི་ཚོགས་གཙོར་མང་མོས་འོས་འདེམས་བྱུང་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཐོག་དགོངས་པ་བཞེས་ཕྱོགས་གང་ཡོད་དམ།
ལན། ཚོགས་གཙོར་འདེམས་ཐོན་ཡོང་གི་རེད་སྙམ་པའི་རེ་བ་གང་ཡང་མེད། བཅའ་ཁྲིམས་གཏན་ལ་མ་ཕབ་བར་ཚོགས་གཙོ་ཞིག་དགོས་པར་བརྟེན། ཉིན་དང་པོར་ང་བྱེད་དགོས་གསུངས་སྐབས་ཁས་ལེན་དགོས་པའི་རྒྱུ་མཚན་གཉིས་ཡོད། ཟིན་བྲིས་ཚོགས་ཆུང་ནང་ང་ཡོད་པར་བརྟེན། རྒྱུས་མངའི་ཐོག་ནས་གསལ་བཤད་བྱེད་རྒྱུར་ཕན་ཐོགས་ཡོང་གི་རེད་དྲན་བྱུང༌། གཉིས་པ་སྤྱི་འཐུས་ལྷན་ཁང་ནང་ཕྱག་ལས་གནང་སྟངས་དེ་འཛམ་གླིང་གྲོས་ཚོགས་ཀྱི་འགྲོ་ལུགས་དང་མཐུན་པ་ཞིག་ཡོང་ཐབས་ལ་བཅའ་ཁྲིམས་གཏན་འབེབས་བྱེད་སྐབས་ལམ་ཁ་ཞིག་བསྟན་ན་དཀའ་ལས་ཁག་པོ་གང་ཡང་མིན་ཙང་ཚང་མས་ཤེས་ཐུབ་ཀྱི་རེད།
གལ་སྲིད་མི་མང་པོ་ཞིག་གིས་འདོད་པའི་ཐོག་ཚོགས་གཙོར་འོས་འདེམས་བྱུང་ན་བཀའ་བློན་འོས་གཞི་ནས་དགོངས་པ་ཞུས་པ་བཞིན་ཚོགས་གཙོ་ནས་དགོངས་པ་ཞུ་རྒྱུ་དེ་སྟབས་བདེ་པོ་ཞིག་ཡོང་གི་རེད་དྲན་གྱི་མི་འདུག འོས་ཐོབ་པ་ཡིན་ན་གང་ཐུབ་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ལམ་ལུགས་ཐོག་དེད་རྒྱུ་ཡོད་པ་ཞིག་དང་ལས་དོན་གང་ཡིན་ཡང་ལེགས་ཉེས་གང་གི་ཕྱོགས་སུ་འགྲོ་རྒྱུ་མ་གཏོགས། ཤོག་ཁག་ཕྱོགས་ལ་འགྲོ་རྒྱུ་མེད་པ་ཞིག་བཟོ་ཐབས་བྱེད་ཀྱི་ཡིན།
བཅར་འདྲི་འདི་ཞུ་སྐབས་རིན་པོ་ཆེ་མཆོག་བཅའ་ཁྲིམས་གཏན་འབེབས་ཀྱི་ཚོགས་གཙོ་ལས་ཚབ་གནང་བཞིན་པ་དང༌། དེ་དུས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོར་འཁོད་མེད། ཡིག་ཆ་རྙིང་པ་གཙང་སེལ་སྐབས་ཐོན་ཡང༌། བཅར་འདྲི་ཞུ་མཁན་སུ་ཡིན་དང་གསར་ཤོག་གང་གི་ཆེད་དུ་ཡིན་གསལ་གྱི་མི་འདུག