ཕྱི་རྒྱལ་ཁག་ཏུ་གཙང་ཐོན་ཟིན་པ་རྣམས་ཀྱི་ས་ཁང་ཕྱིར་བསྡུ་དང་འབྲེལ་བའི་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༄༅། །བོད་མི་རིགས་ཀྱི་ཁེ་ཕན་ཁོ་ནར་དམིགས་ནས་བོད་གཞུང་ནས་ ༡༩༩༠ འགོ་འཛུགས་ལ་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་ཁུངས་ནས་བོད་མི་ཆིག་སྟོང་ཐམ་པ་ཨ་རིར་གཞིས་ཆགས་སུ་བཏང་ཡོད་པ་དང༌། དེ་དག་གི་བཟའ་མི་བུ་ཕྲུག་ནང་མི་ཟླ་བསྒྲིལ་ལས་གཞི་འཇུག་བསྒྲིལ་ཟིན་ཡོད་པ་མ་ཟད། བོད་མི་སྒེར་ངོས་ཀྱི་ཐབས་ཤེས་ཀྱིས་ཨ་རི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕོན་ཆེ་ཕྱིན་ཡོད། ང་ཚོའི་སྤྱི་ཚོགས་ནང་བོད་ནས་གསར་འབྱོར་དང་བོད་རིགས་གསར་སྐྱེས་གཞིས་ཁང་གི་ཐོབ་ཐང་མེད་པའི་སྡོད་གནས་དཀའ་ངལ་འཕྲད་མཁན་མང་པོ་ཡོད་པ་དངོས་འབྲེལ་ལ་སོང་བཀའ་འདྲི་ཞུ་རྒྱུར།
༡ ཨ་རི་སོགས་ཕྱི་རྒྱལ་ཁབ་ལ་ཕྱིན་པ་རྣམས་ཀྱི་གཞིས་ཁང་སོགས་ཐོབ་ཐང་ཕྱིར་བསྡུ་གནང་ཐུབ་ཡོད་དམ་མེད།
༢ ཡོད་ན་ས་ཁང་གང་ཙམ་ཞིག་ཕྱིར་བསྡུ་གནང་ཡོད། དེ་དག་སུར་ཆ་བགོས་གནང་ཡོད།

བཀའ་ལན།
༡ ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་ཕྱིན་པ་རྣམས་ཀྱི་གཞིས་ཆགས་ས་ཁང་ཐོབ་ཐང་རྣམས་ཕྱིར་བསྡུ་དགོས་པའི་བཀོད་ཁྱབ་སྔ་རྗེས་སོང་ཡོད། དེ་ལྟར་ལག་ལེན་འཁེལ་བ་དང༌། མ་འཁེལ་བ་སྣ་ཚོགས་ཤིག་བྱུང་འདུག
༢ ལག་བསྟར་བྱུང་བ་རྣམས་ཀྱི་ས་ཁང་གྲངས་ཚད་དང་སུར་སྤྲད་ཀྱི་ཐོ་གཞུང་ད་ལྟ་ནང་སྲིད་ལས་ཁུངས་སུ་མེད། དེ་རྣམས་ས་གནས་གཞིས་ཆགས་ལས་ཁུངས་སོ་སོའི་སྒྲིག་གསལ་སྒུག་ཐོ་གཞིར་བཟུང་བགོ་སྤྲོད་བྱེད་བཞིན་པ་ཡིན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
ད་ལྟ་དྲི་བ་དང་པོའི་བཀའ་ལན་ནང་ལ་བཀའ་ཤག་གིས་བཀའ་ཁྱབ་སྔ་རྗེས་གནང་བ་ཡིན། དེ་ལ་ཕྱག་ལེན་འཁེལ་བ་དང་མ་འཁེལ་བ་སྣ་ཚོགས་བྱུང་འདུག་ཅེས་གསུངས་འདུག བཀའ་ཤག་གིས་བཀའ་ཁྱབ་སྔ་རྗེས་གནང་བའི་རྗེས་ལ་ཕྱག་ལེན་མ་འཁེལ་བ་ཚོ་ལ་མཇུག་གནོན་གྱི་སྟངས་འཛིན་གནང་འཆར་ག་རེ་ཡོད་དམ་ཟེར་ནས་བཀའ་འདྲི་ཞུ་རྒྱུ་དང་པོ་འདི་ཡིན། ལྷག་དོན་དུ་གནས་ཚུལ་འདི་གནས་ཚུལ་ཆུང་ཆུང་ཞིག་མ་རེད། སྒོར་མོ་ཁ་ཤས་ཀྱི་སྐད་ཆ་མ་རེད། ས་ཁང་གི་གནས་ཚུལ་དེ་སྒོར་མོ་འབུམ་ཕྲག་ཁ་ཤས་ཀྱི་གནས་ཚུལ་ཡིན་དུས་ཨ་རིས་གཙོས་ཕྱི་རྒྱལ་ཁག་ལ་ཕེབས་པ་ཚོའི་ས་ཁང་ཡོད་བསྡད་པ་ག་ཚོད་ཅིག་ཡར་བསྡུ་ཐུབ་ཡོད་མེད། དེ་ཚོ་ཡར་བསྡུ་ཐུབ་དང་མ་ཐུབ་ཀྱི་གནས་སྟངས་ག་རེ་ཆགས་ཡོད་མེད། དེ་བཞིན་སྡོད་ཁང་བསྡུ་ཐུབ་པ་དེ་ཚོ་སྡོད་ཁང་མེད་པ་ག་ཚོད་ཅིག་ལ་ཆ་བགོས་བྱས་ཐུབ་ཡོད་མེད། ཆ་བགོས་བྱས་པ་དེ་ཚོ་ཡིན་ནའང་ཚད་ལྡན་དང་དྲང་བདེན་བྱུང་ཡོད་མེད་སོགས་དེ་འདྲའི་གནས་སྟངས་བཀའ་ཤག་གིས་མཁྱེན་དགོས་པ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ་མེད། གལ་སྲིད་གནང་གི་ཡོད་པ་ཡིན་ན་དེ་ལ་ཕྱག་ལེན་ག་རེ་གནང་རྩིས་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་པ་ལྟར་ས་ཁང་བདག་གཉེར་བྱེད་རྒྱུ་དང་༌། སྒྲིག་གཞི་གཞིར་བཟུང་མི་སྡོད་མཁན་ཚོའི་ས་ཁང་ཕྱིར་བསྡུ་བྱེད་རྒྱུ། སྒྲིག་མཐུན་སྒུག་ཐོའི་ནང་ཡོད་མཁན་རྣམས་ལ་བགོ་འགྲེམས་བྱེད་རྒྱུ་དེ་ཚོ་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་ཤག་གིས་དང་པོ་ནས་མཐོང་བ་ལྟར་དེའི་ཐོག་ལེགས་བཅོས་ལག་བསྟར་བྱེད་རྒྱུའི་འབད་བརྩོན་བྱས་པ་ཡིན། སྤྱི་འཐུས་མཆོག་གིས་སྒྲིག་མཐུན་མ་བྱུང་བ་ཚོ་ལ་ག་འདྲ་བྱས་ནས་མཇུག་གནོན་བྱེད་ཀྱི་ཡིན་ཞེས་བཀའ་གནང་སོང༌། མཇུག་གནོན་བྱེད་རྒྱུ་ལས་སླ་པོ་མི་འདུག གཞིས་ཆགས་ཁ་ཤས་ནང་འབྲེལ་ཡོད་ས་གནས་གཞུང་གིས་གཞིས་མི་བྱེ་བྲག་པར་ཐད་ཀར་ས་ཆ་བོགས་མ་བཏང་བའི་ཡིག་ཆ་བཟོས་པ་དེ་འདྲའང་བྱུང་འདུག དེ་ཚོའི་ནང་ལ་རྗེས་སུ་སྡོད་མཁན་མེད་ནའང་ཁྲིམས་ཐོག་ནས་ས་ཁང་ཚུར་རྩིས་ལེན་མ་ཐུབ་པའི་གནས་ཚུལ་ཡང་བྱུང་འདུག ཡང་གཞིས་ཆགས་ཁ་ཤས་ཀྱི་ནང་གཞིས་ཆགས་བཙུགས་ནས་ད་ལྟའི་བར་དུ་ས་ཆའི་ཁ་འཛིན་ཡིག་ཆ་གཏན་ནས་མེད་པ་དེ་འདྲའང་འདུག མདོར་བསྡུས་ནས་བཤད་ན་གཞིས་ཆགས་ཚང་མ་གནས་སྟངས་འདྲ་མིན་སྣ་ཚོགས་ཤིག་མ་གཏོགས་ཁྲིམས་མཐུན་གཅིག་གྱུར་མི་འདུག དེ་ཚོའི་ཐོག་ཞིབ་འཇུག་བཏང་འཛིན་བྱེད་རྒྱུའི་ཐབས་ལམ་འཚོལ་བའི་སྐབས་རྩ་འཛིན་བྱ་ཡུལ་གྱི་གཞིས་ཆགས་སྤྱི་ཡོངས་ལ་ཁྱབ་པའི་སྒྲིག་གཞི་ཚད་ལྡན་ཞིག་མི་འདུག དེ་འདྲ་སོང་ཙང་གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པར་མཐོང་སྟེ་ས་གནས་འགོ་འཛིན་གྱི་ཚོགས་འདུ་སྔ་རྗེས་གསུམ་གྱི་ནང་གོ་བསྡུར་བྱས། བརྡར་ཤ་བཅད་ནས་གྲོས་ཚོགས་སུ་ཕུལ་བ་རེད། གྲོས་ཚོགས་ནས་སྒྲིག་གཞི་གཏན་འབེབས་བྱུང་མཚམས་ལག་བསྟར་ཞུ་རྒྱུའི་བསམ་བློ་ཞིག་ཡོད་པ་རེད་དེ། སྒྲིག་གཞི་གཏན་འབེབས་གནང་ཐུབ་ཡོད་མ་རེད། དེ་འདྲ་སོང་ཙང་ད་ལྟའི་བར་དུ་འཛིན་སྐྱོང་གིས་གཏན་ལ་ཕབ་པའི་སྒྲིག་གཞི་རྙིང་པ་དེ་ལག་ལེན་བཀལ་དགོས་ཀྱི་རེད། དེ་ལག་ལེན་བཀལ་བའི་སྐབས་ཚུལ་མཐུན་ཞིག་ཡོང་རྒྱུ་དཀའ་ལས་ཁག་པོ་རེད་འདུག སྒྲིག་གཞི་བསྐྱར་བཅོས་ངེས་པར་དུ་དགོས་པའི་གནས་སྟངས་ཤིག་ཆགས་འདུག གཞིས་ཆགས་ཚང་མའི་ནང་སྒྲིག་གཞི་དང་མཐུན་པར་དྲང་བདེན་གྱིས་ལག་ལེན་བསྟར་བ་ཡིན་ན་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པའི་སྔོན་བརྡ་གྲོས་ཚོགས་སུ་བཀུར་འོས་སྤྱི་འཐུས་རྣམ་པ་ཁ་ཤས་ཀྱིས་གསུངས་ཟིན་པ་རེད། དེ་བཀུར་འོས་སྤྱི་འཐུས་ཚང་མས་ཐུགས་དྲན་གསོས་ཀྱི་ཡོད་ཤག་རེད།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
འཕྲོས་དོན་དྲི་བ་ཁ་ཤས་ཤིག་ཡོད་པའི་ནང་ནས་གཅིག་གཉིས་འདྲ་པོ་ཞིག་ད་ལྟ་གོང་དུ་འཕྲོས་དོན་དྲི་བ་བཏང་བའི་ནང་ཕྱིན་སོང༌། ཡིན་ན་ཡང་ཨ་རིར་ཕྱིན་པ་ཚོའི་ས་ཁང་བསྡུ་མ་ཐུབ་པ་དེ་ལ་འདི་ནས་བཀོད་ཁྱབ་སྔ་རྗེས་སོང་ཡོད། ལག་ལེན་འཁེལ་བ་དང་མ་འཁེལ་བ་སྣ་ཚོགས་ཤིག་བྱུང་འདུག་ཟེར་རྒྱུ་དེ། དང་པོ་དེ་ལ་ཨ་རི་ལ་གཞིས་ཐོན་བྱས་པའི་རྗེས་ལ་ས་ཁང་བསྡུ་དགོས་པའི་བཀོད་ཁྱབ་དེ་བཏང་བའི་རྗེས་ལ་ལམ་སེང་བསྡུ་མ་ཐུབ་པའི་གནས་སྟངས་ག་རེ་ཆགས་ཡོད་དམ། གང་ཡིན་ཟེར་ན་དེ་དེ་རིང་སྐད་ཆ་ཤོད་དུས་ཕལ་ཆེར་ལོ་བཅུ་གཅིག་བཅུ་གཉིས་ཤིག་ཕྱིན་ཚར་བ་རེད། དེ་ཡིན་དུས་གནས་ཚུལ་མང་པོ་ཞིག་འགྱུར་བ་ཕྱིན་ཡོད་རེད། ཡིན་ན་ཡང་གཞིས་ཐོན་བྱེད་པའི་སྐབས་རང་ལ་ས་ཞིང་ཡར་བསྡུ་དགོས་པའི་བཀོད་ཁྱབ་ཡོད་དམ་མེད། བཀོད་ཁྱབ་ཡོད་པ་ཡིན་ན་བཀོད་ཁྱབ་སྔ་རྗེས་སོང་བ་སོང་ཙང་སྐབས་སོ་སོར་བསྡུ་བཞེས་མ་ཐུབ་པའི་རྒྱུ་མཚན་ག་རེ་ཆགས་ཡོད་དམ། གང་ཡིན་ཟེར་ན། བཀོད་ཁྱབ་སྔ་རྗེས་ཕྱིན་པའི་རྗེས་ལ་བསྡུ་མ་ཐུབ་པའི་རྐྱེན་གྱིས་དཀའ་ངལ་འདི་ལྷག་པ་ཞིག་ཆགས་ཀྱི་མེད་འགྲོ་བསམ་གྱི་འདུག གང་ཡིན་ཟེར་ན། དེ་ཚོ་ཕར་ཕྱིན་ཚར་བའི་རྗེས་ལ་གཞིས་མི་གཞན་ལ་བཙོང་རྒྱུ་ལ་སོགས་པ་བྱུང་བ་རེད། སྐབས་མཚམས་སྐབས་མཚམས་ལ་བསྡུས་པ་ཡིན་ན་ད་ལྟའི་དཀའ་ངལ་འདི་ལྷག་ཡོད་པ་ཞིག་ངས་མཐོང་གི་མི་འདུག སྐབས་མཚམས་སོ་སོ་ལ་བཀོད་ཁྱབ་ག་དུས་ཕྱིན་ཡོད། ཕྱིན་པའི་རྗེས་ལ་ལག་ལེན་བསྟར་ཐུབ་མི་འདུག་ཅེས་སྐབས་མཚམས་སོ་སོ་ལ་ས་གནས་འགོ་འཛིན་ལས་ཁུངས་སོ་སོ་ནས་སྙན་གསན་བྱུང་ཡོད་དམ་མེད།
དེ་ནས་འདིའི་གཉིས་པའི་ནང་ལ་ས་ཁང་གྲངས་ཚད་ཐོ་གཞུང་ཞིག་གཞིས་ཆགས་ལས་ཁུངས་སོ་སོའི་སྒྲིག་གཞི་ལྟར་ཞེས་གསལ་འདུག ས་ཁང་གི་སྒྲིག་གཞི་དེ་ད་ལྟ་གོང་དུ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་གསལ་བཤད་གནང་བ་ལྟར་དབུས་ཀྱི་སྒྲིག་གཞི་གཅིག་རང་ཡོད་རེད། གཞིས་ཁང་སོ་སོ་ལ་སྒྲིག་གཞི་ཡོད་པ་ཞིག་ཡོད་མ་རེད། ཡིན་ན་ཡང་དེའི་ཐོག་ལ་ད་ལྟ་ཕན་མི་མང་ནས་ནང་སྲིད་ལ་དེ་འདྲའི་ཀླན་ཀ་དང་རྩོད་གཞིའི་སྐོར་ལ་སྙན་གསན་འབུལ་མཁན་བྱུང་ཡོད་དམ་མེད། སྙན་གསན་བྱུང་ཡོད་ན་དེའི་སྐོར་ལ་ཐག་གཅོད་ག་རེ་ག་རེ་བྱུང་ཡོད་དམ།

བཀའ་ལན།
ས་ཁང་སྒྲིག་གཞིའི་ནང་ས་ཁང་སྟོང་པ་འཐོན་རིགས་བགོ་བཤའ་རྒྱག་ཕྱོགས་ཀྱི་ཆ་རྐྱེན་ཡོད་རེད། ཆ་རྐྱེན་དེ་གཞིར་བཟུང་འགྲོ་རྒྱུར་གཞིས་ཆགས་མང་ཆེ་བ་ཞིག་གིས་ཐབས་ཤེས་གནང་གི་འདུག ཡིན་ནའང་འགྲོ་མ་ཐུབ་པ་མང་པོ་འདུག་ཅེས་དྲི་བ་དངོས་གཞིའི་ལན་ནང་གསལ་པོ་ཞུས་ཡོད། ཨ་རིར་གཞིས་ཆགས་འགྲོ་མཁན་ལ་དམིགས་ཀྱིས་བཀར་ནས་དྲི་བ་མང་པོ་གནང་སོང༌། ཨ་རིར་གཞིས་ཆགས་འགྲོ་མཁན་དེ་ཚོ་ས་ཁང་སྟོང་པ་འཐོན་མཁན་གྱི་ཆ་ཤས་ཤིག་རེད་མ་གཏོགས། ཨ་རིར་འགྲོ་མཁན་གྱི་མ་གཏོགས་ས་ཁང་སྟོང་པ་ཐོན་མེད་པ་མ་རེད། ལྷག་པར་དུ་ཨ་རིར་འགྲོ་མཁན་ཚོ་ཐོན་པའི་ཉི་མོ་དེ་ས་ཁང་སྟོང་པ་གཞུང་བཞེས་གནང་ཆོག་ཆོག་འཐོན་གྱི་ཡོད་པའི་བཟོ་འདྲ་ཞིག་བཀའ་གནང་སོང་སྟེ། ཚང་མས་མཁྱེན་གསལ་ལྟར་ཨ་རིར་གཞིས་ཆགས་སུ་མི་ཆིག་སྟོང་གཏོང་བའི་སྐབས་ནང་མི་ཡོངས་རྫོགས་བཏང་བ་གཅིག་ཀྱང་བྱུང་མེད། མི་ཚང་རེ་ནས་མི་རེ་བཏང་བ་རེད། དེ་འདྲ་ཡིན་དུས་མི་གཅིག་ཕྱིན་པ་ཡིན་ནའང་དེའི་ནང་གི་བཞི་ལྔ་དྲུག་བདུན་གང་ཡོད་གཞིས་ཆགས་སུ་བསྡད་ཡོད་པ་རེད། དེ་འདྲ་ཡིན་ཙང་མི་གཅིག་དེ་རིང་ཨ་རིར་ཕྱིན་པ་དང་སང་ཉིན་ས་ཁང་རྩིས་ལེན་ཆོག་པ་ཞིག་སུ་ལའང་བྱུང་མི་འདུག ས་ཁང་ཕྱིར་བསྡུ་དགོས་པའི་ནང་སྲིད་ལས་ཁུངས་ཀྱི་བཀོད་ཁྱབ་དང་པོ་དེ་ཕྱི་ལོ་ ༡༩༩༢ ལ་བཏང་འདུག དེའི་རྗེས་སུ་ཡིག་འགྲུལ་མང་པོ་བྱུང་འདུག ཡང་བསྐྱར་ ༡༩༩༨ ལོར་བཀོད་ཁྱབ་བཏང་འདུག སྤྱི་འཐུས་མཆོག་གིས་སྐབས་སོ་སོར་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་གང་རེད་ཅེས་གསུངས་པ་དེ་བདེན་པ་རེད། སྐབས་མཚམས་སོ་སོར་སྒྲིག་གཞི་གཞིར་བཟུང་ས་གནས་འགོ་འཛིན་སོ་སོས་ལག་བསྟར་བྱེད་དགོས་སྨོས་མེད་ཀྱང༌། ལག་བསྟར་མ་བྱས་པ་དང༌། མ་ཐུབ་པ་དེ་མུར་ལུས་འདུག ལག་བསྟར་མ་ཐུབ་པའི་སྐབས་དེའི་གནས་ཚུལ་ནང་སྲིད་ལ་སྙན་གསན་ཞུ་མཁན་ཡང་ཧ་ལམ་བྱུང་མི་འདུག ས་གནས་འགོ་འཛིན་མང་ཆེ་བས་ས་གནས་ལ་སོ་སོའི་ལས་རྒྱུན་རིང་ལབ་རྒྱུ་གླེང་རྒྱུ་མེད་པར་དུས་ཚོད་སྐྱེལ་ཐབས་གཙོ་འདོན་གྱིས་གཞིས་མི་ཁ་ཤུགས་ཆེ་བ་རེ་ཟུང་གི་བློ་ལ་མ་བབས་པའི་ལས་དོན་ཞིག་ལག་ལེན་བསྟར་རྒྱུར་འཇིགས་སྣང་འཚེར་སྣང་བྱེད་རྒྱུའི་གོམས་གཤིས་ཤིག་འཇགས་འདུག ཐད་ཀར་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་དེ་རང་རེད། ས་གནས་ཁག་ཏུ་མ་ཟད། དྷ་ས་བཞུགས་སྒར་རང་གི་ནང་དུའང་དེ་འདྲའི་འཛེམས་ཟོན་གྱིས་བཞག་པ་མང་པོ་འདུག གཞུང་གི་ལས་ཤག་ལྟ་བུ་ཞིག་ཡིན་ནའང་ལས་ཐོན་ཟིན་པའི་ལས་བྱེད་དེ་ཚོའི་ལས་ཤག་ཕྱིར་བསྡུ་གནང་རྒྱུར་རྙོག་དྲ་ཆེན་པོ་ཡོང་ཉེན་ལ་འཛེམས་ནས་དེ་མུར་བཞག་པ་ཇི་སྙེད་ཅིག་བྱུང་འདུག དེ་ནི་བོད་མིའི་སྤྱི་ཚོགས་ཀྱི་ཞན་ཆ་ཞིག་མ་གཏོགས་ལས་བྱེད་བྱེ་བྲག་པ་རེ་ཟུང་གི་ཐོག་དམིགས་འཛུགས་བྱེད་དཀའ་བ་ལྟ་བུ་ཞིག་ཆགས་འདུག བཀུར་འོས་སྤྱི་འཐུས་མཆོག་གིས་གསུངས་དོན་ལྟར་ཐད་ཀར་ལག་ལེན་མ་ཐུབ་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། ད་ཆ་གནས་ཚུལ་རྙིང་པ་ཆགས་ཟིན་སྟབས་ཐད་ཀར་ལག་ལེན་བྱེད་དགོས་ཞེས་ལབ་ས་མེད་པ་དང༌། འདས་པའི་རྗེས་གཅོད་པའི་ཕན་ཐོགས་གང་ཡང་མི་འདུག ས་ཁང་སྒྲིག་གཞི་གཏན་འབེབས་བྱུང་བ་ཡིན་ན་དེའི་རྗེས་གནས་ཚུལ་ཚང་མ་གཙང་མ་བཟོ་རྒྱུའི་འབད་བརྩོན་ཞིག་བྱས་པ་ཡིན་ན་ཕན་ཐོགས་མི་ཡོང་ངམ་བསམ་གྱི་འདུག

སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ད་ལྟ་ནང་སྲིད་བཀའ་བློན་མཆོག་ནས་ཕྱིར་བསྡུ་དགོས་པའི་བཀོད་ཁྱབ་སྔ་རྗེས་སོང་ཡོད། དེ་ལྟར་ལག་ལེན་འཁེལ་བ་དང་མ་འཁེལ་བ་སྣ་ཚོགས་ཤིག་བྱུང་འདུག་ཅེས་བཀའ་གནང་འདུག བཀའ་གནང་བ་གཞིར་བཟུང་ཕྱག་ལེན་ལ་མ་འཁེལ་བ་སྣ་ཚོགས་བྱུང་འདུག ཕྱག་ལེན་ལ་མ་འཁེལ་བའི་རྐྱེན་རྩ་གཙོ་བོ་དེ་ག་པར་གཟིགས་ཀྱི་ཡོད་དམ།
དེ་ནས་གཉིས་པ་དེར་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕྱིན་པ་དེ་དང་འབྲེལ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཐོག་ལ་བོད་མི་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་གཏང་རྒྱུ་དེ་ལ་དགེ་མཚན་ཡོད་པའི་བཀའ་ནན་པོ་ཞིག་གནང་ཡོད་པའི་གནས་ཚུལ་ཤེས་གསལ་ལྟར་རེད། དེ་འདྲ་སོང་ཙང་དཔལ་ལྡན་བཀའ་ཤག་གི་ངོས་ནས་ད་ལྟ་བཀའ་སློབ་དེ་ཕྱག་ལེན་ལ་གནང་རྒྱུའི་མཐུན་འགྱུར་ག་རེ་གནང་གི་ཡོད་དམ། རྩ་འཛིན་གྱི་སྲིད་བྱུས་འདྲ་གཏན་འབེབས་བྱས་ཡོད་དམ་མེད། མ་འོངས་པ་ལ་དེ་འདྲ་གནང་འཆར་ཡོད་དམ་མེད། དེ་དང་འབྲེལ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་རྒྱུ་དེ་ད་ལྟ་གསལ་བཤད་ཅིག་མ་བཤད་ཐབས་མེད་རེད། བོད་མི་ཆིག་སྟོང་ཐམ་པ་ཕྱི་རྒྱལ་ལ་བཏང་བ་དེ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་ལ་དཔལ་འབྱོར་དོ་སྙོམ་མ་ཡོང་བའི་གནས་སྟངས་ཤིག་གི་ཐོག་ནས་བཙན་བྱོལ་གྱི་སྤྱི་ཚོགས་འདི་ལྷིང་འཇགས་པ་ཞིག་མེད་པའི་གནས་ཚུལ་ཞིག་ཡོང་བསྡད་ཡོད་རེད་ཟེར་ནས་མང་པོ་ཞིག་ལ་དེ་འདྲའི་མཐོང་ཚུལ་བྱུང་གི་ཡོད་རེད། མཐོང་ཚུལ་བྱུང་དུས་སྐབས་ལ་ཁ་ཤས་ཕྱི་རྒྱལ་ལ་འགྲོ་ཐབས་ལ་དིལླཱི་མཇ་ནུ་ཊི་ལ་དང༌། དེ་པར་ནག་ཚོང་ཆེན་པོ་བརྒྱབས། པད་ཤག་ཕོན་ཆེན་པོ་དེ་འདྲ་སྤྲད་པ་དེ་འདྲ་བྱེད་བསྡད་ཀྱི་ཡོད་རེད། བྱེད་དུས་ནག་ཚོང་རྒྱག་མཁན་དེ་ཚོ་ལ་དཔལ་ལྡན་བཀའ་ཤག་གི་ངོས་ནས་གཟིགས་ཚུལ་ག་རེ་གནང་འཆར་ཡོད་དམ།
བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་བཀོད་ཁྱབ་སྔ་རྗེས་སོང་བར་ལག་ལེན་འཁེལ་བ་དང་མ་འཁེལ་བ་སྣ་ཚོགས་ཤིག་བྱུང་འདུག་ཅེས་བཀོད་འདུག ལག་ལེན་མ་འཁེལ་བའི་རྒྱུ་མཚན་གཙོ་བོ་ག་རེ་རེད་ཅེས་གསུངས་སོང༌། ལག་ལེན་མ་འཁེལ་བའི་རྒྱུ་མཚན་གཙོ་བོ་དེ་ས་ཁང་སྟོང་པ་བཟོ་མཁན་ཚོས་ཁྲིམས་རང་ཁུར་སྡོམ་པ་རང་སྲུང་མ་བྱས་པར་རྡོ་ལག་བརྒྱུད་ཀྱིས་བཙོངས་པ་དང༌། སྤྲད་པ། གཡར་བ་སོགས་བྱས་ཏེ་བཞག རྗེས་སུ་ཁོང་ཚོ་བཏོན་ཁ་འགྲོ་དུས་ས་གནས་འགོ་འཛིན་གྱི་ནུས་པས་མ་འདང་བ་དང༌། བཀའ་ལ་མ་བརྩི་བ། དེ་བཞིན་ས་གནས་འགོ་འཛིན་གྱི་ལམ་སྟོན་ལ་གཞིས་མི་མང་ཚོགས་ཀྱིས་དང་ལེན་མ་བྱས་པ་སོགས་མདོར་བསྡུས་ན་སྟོང་པ་བཟོ་མཁན་གྱིས་ཁྲིམས་མཐུན་རྩིས་སྤྲོད་མ་ཞུས་པ་དེ་རྒྱུ་མཚན་གཙོ་བོ་གཅིག་རེད། རྒྱུ་མཚན་གཉིས་པ་ནི་ས་གནས་འགོ་འཛིན་སོ་སོས་ཀྱང་སྐབས་མཚམས་སོ་སོར་དོ་དམ་ཚུལ་མཐུན་མ་བྱས་པ་དེ་རེད་ཅེས་ཞུ་རྒྱུ་ཡིན།
འཕྲོས་དོན་དྲི་བ་གཉིས་པ་དེ་དྲི་བ་ངོ་མ་དང་འབྲེལ་བ་ཆགས་ཀྱི་ཡོད་མེད་མི་ཤེས། འོན་ཀྱང་དྲིས་ལན་འབུལ་རྒྱུ་ཡིན། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཀའ་སློབ་གནང་བ་དེ་བཀའ་ཤག་དང་བཀའ་བསྡུར་གནང་སྟེ་སྲིད་བྱུས་ཤིག་ཐག་གཅོད་བྱས་པའི་རྗེས་ལ་གནང་བ་ཞིག་རེད་མ་གཏོགས་བཀའ་ཤག་གིས་སྲིད་བྱུས་ཐག་གཅོད་མ་བྱས་པའི་གོང་བཀའ་སློབ་གནང་བ་ཞིག་མ་རེད། བོད་མི་སྐྱབས་བཅོལ་བ་ཕྱི་རྒྱལ་ལ་བཏང་བ་དེ་ཡག་པོ་བྱུང་ཡོད་པ་དང་མེད་པའི་བསམ་ཚུལ་མི་འདྲ་བ་གཉིས་ཡོད་བཞིན་པ་རེད། བསམ་ཚུལ་དེ་གཉིས་ཀའི་རྒྱབ་ལྗོངས་དང་རྒྱུ་མཚན་ལ་ཉམས་ཞིབ་གཏིང་ཟབ་བྱས་པའི་རྗེས་འབྱུང་འགྱུར་ཡང་བོད་མི་གང་འཚམས་ཤིག་མུ་མཐུད་ཕྱི་རྒྱལ་ལ་གཏང་ཐུབ་ན་ལེགས་པར་གཟིགས་ཏེ་སྲིད་བྱུས་ཐུགས་གཏན་འཁེལ་བ་རེད། དེའི་གནས་ཚུལ་གྲོས་ཚོགས་ཚོགས་དུས་སྔ་མར་ཞུས་ཟིན་པ་ཡིན། ལག་ལེན་ལ་འཁེལ་ཐུབ་མིན་མ་ཤེས་ཀྱང་ལས་གཞི་འགྲོ་བཞིན་པ་ཡིན་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཨོ་རྒྱན་སྟོབས་རྒྱལ་ལགས་ནས།
ངས་འཕྲོས་དོན་གྱི་དྲི་བ་ཁ་ཤས་ཤིག་ཞུས་ན་བསམས་སོང༌། འབྲེལ་བ་ཆགས་ཀྱི་ཡོད་དང་མེད་དེ་ཚོགས་གཙོས་སྟངས་འཛིན་གནང་རོགས་གནང༌། ཨ་རི་ལ་མི་ཆིག་སྟོང་བཏང་བའི་རྗེས་ལ་ནང་མི་ཟླ་བསྒྲིལ་རང་ཆིག་སྟོང་གིས་ཡང་བསྐྱར་ཕར་ཁྲིད་ནས་ཕྱིན་པ་ག་ཚོད་ཡོད་པ་མཁྱེན་གྱི་ཡོད་དམ་མེད། ཆིག་སྟོང་ཐམ་པ་སྔོན་ལ་འགྲོ་ཚར་བ་རེད། དེ་ཁྲིམས་དང་མཐུན་པ་ཞིག་གི་སྟེང་ནས་སོང་བ་རེད། ཡིན་ན་ཡང་དེ་ཡི་རྗེས་ནས་དེ་ཚོས་ཕར་ཁྲིད་པ་དེ་ག་ཚོད་ཅིག་ཆགས་ཡོད་མེད་མཁྱེན་གྱི་ཡོད་དམ་མེད།
དེ་ནས་ཨ་རི་ལ་ཡོད་མཁན་གྱི་བོད་མི་ཡོངས་སུ་རྫོགས་པ་དེ་ང་ཚོ་བཙན་བྱོལ་གཞུང་གི་ཁོངས་ལ་ཡོད་པ་ལ་བརྩི་དགོས་ཀྱི་རེད་དམ། ཡང་ན་གཞན་དག་འདྲ་པོ་བཙན་བྱོལ་གཞུང་གི་མངའ་ཁོངས་ལ་མིན་པ་དེ་འདྲ་ཡང་ཡོད་རེད་དམ། ངའི་མཐོང་ཚུལ་ལྟར་བྱས་ན་རྒྱ་ནག་རང་ནས་ད་ལྟ་ཞེ་དྲགས་མང་པོ་ཞིག་ཕར་འགྲོ་བསྡད་ཀྱི་ཡོད་རེད། རྒྱ་རིགས་གཙང་མ་ཡིན་པ་དེ་ཚོ་ཡང་བེ་ཇིང་དང་ཁྲེན་དུའུ་དང་དེ་ཚོ་ནས་ཐོངས་མཆན་ཞུ་བའི་སྐབས་ལ་བོད་པ་བཟོས་ནས་ཕར་འགྲོ་གི་ཡོད་པ་དེ་འདྲ་གོ་ཐོས་བྱུང༌། དེ་འདྲ་དངོས་སུ་ཡོད་རེད་དམ། དེ་བཞིན་བོད་ནས་གསར་པ་ཨ་རི་ལ་སྐྱབས་བཅོལ་གྱི་ངོ་བོ་བཟོས་ནས་ག་ཚོད་ཅིག་སླེབས་ཡོད་མེད་མཁྱེན་གྱི་ཡོད་དམ་མེད། དེ་བཞིན་ཨ་རི་མ་ཡིན་པའི་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དེ་ཚོའི་ནང་ལ་ཡང་སྐྱབས་བཅོལ་ཞུས་ནས་ཕར་འགྲོ་མཁན་གང་ལ་གང་འཚམས་ཡོད་པའི་བཟོ་འདུག དེ་འདྲ་མཁྱེན་གྱི་ཡོད་དམ་མེད།
དེའི་རྗེས་ལ་ང་ཡང་ཨ་རི་ལ་མ་སླེབས་མཁན་ཞིག་མིན། ཐེངས་མང་པོ་ཞེ་པོ་ཞིག་སླེབས་སོང༌། དེའི་སྐབས་ལ་གཞུང་དང་དེ་ཚོའི་ལས་ཁུངས་ཀྱི་འགོ་ཁྲིད་དེ་ཚོའི་མཉམ་དུ་ང་རང་ཚོ་བོད་གཞུང་གི་འབྲེལ་ལམ་དེ་ཞུ་དགོས་པ་མེད། ཡིན་ན་ཡང་སྒེར་པའི་ངོ་བོ་ནས་བོད་མི་ཡིན་པའི་མི་དེ་ཚོ་ལ་ཐུག་ནས་སྐད་ཆ་ལྷོད་ལྷོད་བྱས་ནས་ཤོད་པའི་སྐབས་ལ་མང་པོ་ཞིག་གིས་བོད་གཞུང་གིས་རོགས་པ་བཟོ་གི་མི་འདུག བོད་གཞུང་གིས་གཅིག་བཟོ་གི་མི་འདུག གཉིས་བཟོ་གི་མི་འདུག དེ་ལ་བརྟེན་ནས་དཔྱ་ཁྲལ་གྱི་མ་དངུལ་ཡང་འབུལ་གྱི་མིན་ཟེར་མཁན་འདྲ་པོ་དེ་འདྲ་ལབ་མཁན་འདུག དེ་ཚོ་ལ་ཡང་བསྐྱར་ད་ཆ་ནན་པོ་འདྲི་དུས་སྤུན་མཆེད་ཟླ་བསྒྲིལ་གཏང་རྒྱུ་དང་ཐོངས་མཆན་ཞུ་རྒྱུ་དང༌། དེ་འདྲའི་ཁྲིམས་དང་མ་མཐུན་པའི་ལས་ཀ་མང་པོ་ཞིག་འགོ་བཙུགས་ནས་དེ་ཡི་རྒྱབ་སྐྱོར་དེ་ཞུ་རྒྱུ་ལ་སྐུ་ཚབ་དོན་གཅོད་དང༌། དེ་བཞིན་གཞོན་ནུའི་འགོ་ཁྲིད་དང་དེ་བཞིན་ཆེད་གཏོང་གནང་བའི་ལས་བྱེད་དེ་ཚོའི་རྩ་ལ་ཁྲིམས་དང་མ་མཐུན་པའི་སྐོར་དེར་རྒྱབ་སྐྱོར་ཞུ་སར་འགྲོ་དུས། ཁོང་ཚོས་རྒྱབ་སྐྱོར་གནང་མེད་པ་ཡིན་ས་རེད། དེ་འདྲའི་མ་གནང་བའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟ་དེ་འདྲ་སྐད་ཆ་ཤོད་མཁན་མང་པོ་ཞིག་ཐུག་སོང༌། དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་ནང་སྲིད་ཀྱིས་གཙོས་པའི་ང་རང་ཚོའི་གཞུང་འབྲེལ་གྱིས་གནས་ཚུལ་འདི་འདྲ་མཁྱེན་གྱི་ཡོད་དམ་མེད།
དེ་བཞིན་བོད་ནས་ཕར་རྒྱ་གར་བརྒལ་ནས་འགྲོ་མཁན་དེ་ཚོ་ཡང་འགྲོ་སྟངས་དེ་སྤྱི་ཡོངས་ཀྱི་ཁྲིམས་དང་མ་མཐུན་པ་དེ་འདྲ་བཟོས་ནས་འགྲོ་མཁན་མང་པོ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེའི་ནང་ནས་ཀྱང་ཚུལ་མེད་པས་རྒྱ་གར་ལ་རང་དབང་མེད་པ་དང༌། རྒྱ་གར་ལུང་པ་ལ་ཆབ་སྲིད་ལས་ཀ་བཟོ་ཆོག་གི་མེད་པ་དང༌། སྐོར་སྲུང་གིས་ཉེས་རྡུང་གཏོང་བ་སོགས་དེ་འདྲའི་རྫུན་མ་མང་པོ་ཞིག་བཤད་ནས་བསྡད་བསྡད་ཀྱི་ཡོད་རེད། དེ་ཚོ་བོད་མི་རིགས་སྤྱི་དང་ཆབ་སྲིད་ཀྱི་སྟེང་ལ་གནད་འགག་ཆགས་ཀྱི་མ་རེད་དམ། དེ་ནས་རྒྱ་གར་ལུང་པ་ལ་སྡོད་མཁན་བོད་མི་དེ་ཚོ་ཕར་ཟླ་བསྒྲིལ་གཏོང་རྒྱུ་དང༌། ཨ་མི་རི་ཀར་འགྲོ་རྒྱུའི་དོན་དུ་བོད་ནས་གསར་དུ་ཡོང་བ་ཡིན་ཟེར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྤྲོད་བསྡད་པའི་སི་ཕི་ཊན་ཡིན་ན་གཅིག་ཟེར་གྱི་ཡོད་རེད། དེ་དང་ཡིག་ཆ་དེ་འདྲ་མང་པོ་ཞིག་བོད་ནང་ནས་འཚོལ་སྒྲུབ་བཟོས་ནས་འཁྱེར་ཏེ་དེ་ཚོ་ཡང་བསྟན་ནས་མང་པོ་ཞིག་གིས་གཅིག་བཟོ་བསྡད་ཀྱི་འདུག དེང་སང་བོད་ནང་གི་ཡིག་ཆ་དེ་ཚོ་སྐྱབས་བཅོལ་ཞུ་རྒྱུའི་དོན་དུ་གནད་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། དེ་ཚོ་བདེ་སྲུང་གཙོས་པའི་ལས་ཁུངས་དེ་ཚོས་ག་ཚོད་ཙམ་ཞིག་མཁྱེན་གྱི་ཡོད་རེད། དེ་འདྲ་འཚོལ་ཆོག་གི་ཡོད་རེད་དམ། དེ་དེ་བཞིན་གྱི་གནད་དོན་གཙོ་བོ་དེ་ཨ་མི་རི་ཀས་གཙོས་པའི་ཕྱི་རྒྱལ་གྱི་རྒྱལ་ཁབ་ལ་བོད་མི་ཕར་འགྲོ་མཁན་དེ་མ་འོངས་པ་ལ་ག་འདྲ་ཆགས་ཀྱི་རེད། བོད་པ་ཆགས་ནས་བསྡད་ཀྱི་རེད་དམ། དེ་བོད་པ་མ་ཡིན་པ་ཆགས་འགྲོ་གི་རེད། ཆོས་དང་རིག་གཞུང་ཞིག་དང་ཡར་རྒྱས་གཏོང་ཐུབ་ཀྱི་རེད་དམ། ནེ་པ་ལི་གོར་ཁའི་མི་རིགས་མང་པོ་ཞིག་ཕྱི་རྒྱལ་ལ་ཡོད་རེད། དེ་འདྲ་པོ་ཞིག་དང༌། དེ་བཞིན་ཕི་ལིབ་པིན་གྱི་མི་འདྲ་པོ་ཆགས་འགྲོ་གི་མ་རཻད་དམ། གལ་སྲིད་དེ་འདྲའི་ཉེན་ཁ་ཡོད་ན་དེ་སྲུང་སྐྱོབ་གནང་རྒྱུའི་དོན་དུ་ག་རེ་གནང་དགོས་ཀྱི་རེད། དཔལ་འབྱོར་གཅིག་པུས་ཏོག་ཙམ་ཡར་རྒྱས་འགྲོ་བ་དང༌། ཕན་ཐོགས་ཏོག་ཙམ་ཡོད་པ་དེས་མི་རིགས་ཤིག་གི་མཐོང་དང༌། ལ་རྒྱ་དེ་ཚོ་བརླགས་པ་ཡིན་ན་ཉེན་ཁ་ཆེན་པོ་ཞེ་དྲགས་མ་རེད་དམ། ལྷག་པར་དུ་ཨ་མི་རི་ཀ་གཅིག་པུ་མ་རེད། སུད་སི་ལ་ཡང་མང་པོ་ཞེ་པོ་ཞིག་ཡོད་རེད། མི་རེ་རེ་ནས་ཞིབ་འཇུག་ཅིག་གནང་བ་ཡིན་ན་ཁྲིམས་འགལ་བཟོས་ནས་སྡོད་མཁན་དེ་མང་བ་རེད། དེ་བཞིན་བེལ་ཇིམ་གྱི་ས་དེ་ན་སྟོང་ཕྲག་མང་པོ་ཞིག་བསྡད་ཡོད་རེད། དེ་ཚོ་རེ་རེའི་ལོ་རྒྱུས་དེ་ཞིབ་འཇུག་བཟོས་པ་ཡིན་ན་ཐམས་ཅད་ལ་ཡག་པ་ཞིག་གང་ཡང་མཐོང་རྒྱུ་མི་འདུག དཔེར་ན་དྷརྨ་ཤཱ་ལའི་གཞུང་ཞབས་ཀྱི་ལས་བྱེད་ཁ་ཤས་ཀྱང་སླེབས་ཡོད་རེད། ཚད་དང་ལྡན་པའི་མི་དེ་ཚོ་ཡང་ཕ་ན་སླེབས་ནས་ཚད་དང་མ་ལྡན་པ་བཟོས་ནས་ཤོད་མ་ཤེས་པ་དེ་འདྲའི་གནས་ཚུལ་མགོ་རྨོངས་པོ་དེ་འདྲ་བཟོས་ནས་བསྡད་འདུག དེ་འདྲའི་གནད་འགག་ཆེན་པོ་ཕྱི་རྒྱལ་ལ་འགྲོ་དགོས་པ་དེ་ག་རེ་ཡིན་ནམ།

བཀའ་ལན།
དྲི་བ་འདི་ཚོར་ལན་ཧ་ཅང་བརྒྱབ་ཁག་པོ་རེད་འདུག ཨ་རིར་གཞིས་ཆགས་འགྲོ་མཁན་མི་ཆིག་སྟོང་གི་ནང་མི་ཟླ་བསྒྲིལ་སྐབས་མི་ག་ཚོད་འཁྲིད་པ་རེད་གསུང་གི་འདུག མི་ག་ཚོད་འཁྲིད་ཡོད་པའི་གྲངས་ཀ་ད་ལྟ་ཞུ་རྒྱུ་མེད། དེའི་སྐོར་མིང་ཐོ་ཡོད་ཀྱང་ད་ལྟ་འདིར་ཞུ་ཆོག་ཆོག་མི་འདུག ཚོད་དཔག་བྱས་ན་ཆ་སྙོམས་ཀྱིས་མི་རེ་རེས་ནང་མི་ལྔ་རེ་ཙམ་ཕལ་ཆེར་འཁྲིད་ཡོད་ཀྱི་རེད། དེ་ལས་མང་བ་འཁྲིད་ཡོད་མདོག་ཁ་པོ་རེད།
ཡང་ཨ་རི་ལ་ཡོད་པའི་བོད་མི་ཚང་མ་བཙན་བྱོལ་གཞུང་གི་མངའ་འོག་ལ་རེད་དམ་མ་རེད་ཅེས་གསུངས་སོང༌། བཙན་བྱོལ་གཞུང་གི་ངོས་ནས་བོད་མི་སྐྱབས་བཅོལ་བ་ཡོངས་རྫོགས་དེ་བཙན་བྱོལ་གཞུང་གི་ཁྱབ་ཁོངས་སུ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་མི་ཁོ་རང་ཚོའི་ངོས་ནས་བཙན་བྱོལ་གཞུང་གི་ཁྱབ་ཁོངས་སུ་ཡོད་པར་བརྩིས་པ་ཡིན་ན་ནི་དཔྱ་ཁྲལ་འབུལ་གནང་རྒྱུ་རེད། མ་བརྩིས་པ་ཡིན་ན་ནི་དཔྱ་ཁྲལ་འབུལ་གྱི་མ་རེད།
བོད་ནས་ཐད་ཀར་ཨ་རི་ལ་སྐྱབས་བཅོལ་ཞུ་མི་ག་ཚོད་སླེབས་ཡོད་རེད་ཅེས་གསུངས་སོང༌། དེའི་གྲངས་ཀ་ད་ལྟ་ཞུ་རྒྱུ་མེད། ཡིན་ནའང་མང་པོ་ཡོད་པ་མ་རེད།
ཁྲིམས་འགལ་གྱི་འགྲོ་མཁན་དེ་ཚོ་ལ་བོད་གཞུང་གིས་རོགས་པ་བྱེད་ཀྱི་མི་འདུག་གསུངས་པ་དེ་བདེན་པ་རེད། དོན་གཅོད་ཡོངས་སུ་རྫོགས་པ་ལ་བཙན་བྱོལ་གཞུང་གིས་ཁྲིམས་འགལ་བྱས་ནས་ཡོང་མཁན་གྱི་བོད་མི་དེ་ཚོ་ལ་མི་ཆོས་ཀྱི་ཐོག་ནས་བཟའ་རྒྱུ་མེད་མཁན་ཡོད་ན་ཟ་ཆས་མཁོ་སྤྲོད་དང༌། བཙོན་ཁང་དུ་ཚུད་ཡོད་ན་ལྟ་རྟོག་བྱེད་རྒྱུ། ནད་པ་ཡིན་ན་སྨན་བཅོས་ཀྱི་རོགས་རམ་བྱེད་རྒྱུ་སོགས་ངེས་པར་དུ་བྱེད་དགོས། ཡིན་ན་ཡང་ཁོང་ཚོ་ཁྲིམས་འགལ་བྱས་ནས་ཡོང་བ་དེ་ཁྲིམས་མཐུན་བཟོ་རྒྱུའི་ཆེད་དུ་བདེན་པ་མིན་པའི་ཡིག་ཆ་དང་ངོས་སྦྱོར་སོགས་སྤྲད་ཆོག་གི་མ་རེད་ཅེས་བཀོད་མངགས་ནན་པོ་བྱས་ཡོད། ཁོང་ཚོས་བཟའ་བཏུང་དང་སྨན་སོགས་ཀྱི་རོགས་རམ་མི་དགོས། སྐྱབས་བཅོལ་ཐོབ་ཐབས་སུ་ཁོ་ཚོའི་བདེན་པ་མིན་པའི་གནས་ཚུལ་བཤད་པ་དེ་ཚོ་བདེན་པ་ཡིན་པའི་རྒྱབ་གཉེར་ངོས་སྦྱོར་དགོས་ཀྱི་ཡོད་གསུངས་ཀྱི་འདུག དེ་འབུལ་གྱི་ཡོད་མ་རེད། རྒྱ་གར་ནས་འགྲོ་མཁན་དེ་ཚོས་རྒྱ་གར་ནང་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་འདུག་ཅེས་བཤད་མཁན་བྱུང་འདུག དེ་རིགས་དོན་གཅོད་ཁག་དང་འདི་གར་འདྲི་རྩད་ཡོང་སྐབས་ང་ཚོས་དངོས་ཡོད་གནས་ཚུལ་བཤད་པ་མ་གཏོགས་རྫུན་རྒྱབ་རྫུན་ལང་བྱེད་ཀྱི་མེད། བོད་ནས་ཡིག་ཆ་འཁྱེར་ནས་ཡོང་སྟེ་ཕྱིན་པ་དེ་འདྲ་ཡང་བྱུང་ཡོད་ས་རེད། དེ་ཚོ་བཀུར་འོས་སྤྱི་འཐུས་དྲི་བ་གནང་མཁན་གྱིས་ཇི་ཙམ་ཞིག་མཁྱེན་པ་དེ་ལས་ལྷག་ཙམ་ཞིག་བཀའ་ཤག་དང༌། བདེ་སྲུང་གིས་ཤེས་ཀྱི་ཡོད། ཤེས་པ་ཙམ་དུ་མ་ཟད་གནས་ཚུལ་ར་འཕྲོད་པ་དེ་ཚོ་རྒྱ་གར་གཞུང་ལ་ཡང་གནས་ཚུལ་སྤྲད་ཀྱི་ཡོད། ལག་འཁྱེར་དང་ཐོངས་མཆན་རྫུན་མ་བཟོ་མཁན་ཉུང་མཐར་ཡང་སྡེ་ཚན་ལྔ་ཙམ་ཞིག་གིས་རྒྱ་གར་ནང་ལས་ཀ་བྱེད་བཞིན་པ་རེད། དེ་ཚོ་ཚང་མའི་གནས་སྟངས་དེ་རྒྱ་གར་གཞུང་གིས་མཁྱེན་གྱི་ཡོད་རེད་དེ། བཏང་འཛིན་བྱེད་ཐུབ་ཀྱི་ཡོད་མ་རེད།
ཕྱི་རྒྱལ་དུ་ཡང་སེམས་ཤུགས་ཆེན་པོ་བྱས་ཏེ་བོད་མི་རང་བྱས་ནས་སྡོད་མཁན་མང་པོ་ཡོང་གི་འདུག དེ་འདྲ་ཡིན་ཙང་ཕྱི་རྒྱལ་ལ་ཕྱིན་པ་ཚང་མ་འཕྲོ་བརླག་འགྲོ་བའི་དྭོགས་པ་བྱེད་ཀྱི་མེད། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོའི་སྒྲིག་འཛུགས་བཟོ་རྒྱུ་དང༌། བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་སྤྲོད་རྒྱུ་བཅས་ལ་གང་ཐུབ་ཐུབ་ཀྱིས་འབད་བརྩོན་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད། རེ་ཙམ་གཉིས་ཙམ་ནི་རྒྱ་གར་ལ་ཡང་འཕྲོ་བརླག་འགྲོ་བ་རེད། ཕྱི་རྒྱལ་ལ་ཡང་འཕྲོ་བརླག་འགྲོ་རྒྱུ་རེད། མང་ཆེ་བ་ཞིག་རང་གི་རིགས་ཞེན་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མཁན་ཕྱི་རྒྱལ་ལ་ཡང་ཡོང་ཐུབ་ཀྱི་རེད་བསམ་གྱི་ཡོད།

སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལགས་ནས།
སྐར་རྟགས་ཅན་གྱི་དྲི་བ་ཨང་དགུ་པར་འཕྲོས་དོན་དྲི་བ་འདྲི་རྒྱུ་དང༌། ངའི་དྲི་བ་དེ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་དྲིས་ལན་གནང་བ་ནས་གང་ལ་གང་འཚམས་གཙང་མ་ཆགས་སོང༌། ཡིན་ན་ཡང་གལ་ཆེན་པོ་བྱས་ཏེ་བསྐྱར་དུ་དྲི་བ་གཅིག་སྙན་སྒྲོན་ཞུ་རྒྱུ་ལ། ད་ལྟ་འདིར་དྲི་བ་གནང་མཁན་གྱི་དྲི་ཤོག་དང་དྲིས་ལན་གཉིས་ཀའི་ནང་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་ཕྱིན་པ་རྣམས་ཀྱི་གཞིས་ཆགས་ས་ཁང་ཕྱིར་བཞེས་གནང་རྒྱུ་ཞེས་གསུངས་འདུག དེ་འདྲ་ཡིན་དུས་ཨ་རི་དང་ཕྱི་རྒྱལ་ཁག་ལ་ཕྱིན་པ་རྣམ་གྲངས་གཉིས་ཡོད་རེད་བསམ་གྱི་འདུག རྣམ་གྲངས་གཅིག་ལ་མི་གཅིག་སྟོང་ཐམ་པའི་གྲས་ཤིག་ཕྱིན་པ་རེད། དེ་ཚོའི་གྲས་དེ་ཨ་རིར་འབྱོར་ནས་ལོ་ཤས་སོང་བའི་རྗེས་ལ་ནང་མི་ཟླ་བསྒྲིལ་བཏང་ནས་གཞི་བསྒྲིགས་ཚར་བ་རེད། དེ་ཚོ་ལེའུ་གཅིག་རེད། ལེའུ་གཉིས་པ་དེ་རྒྱ་གར་ནས་ཨ་རི་ལ་ཚོང་ལས་ལ་ཕྱིན་པ་དང༌། སློབ་སྦྱོང་བྱེད་དུ་ཕྱིན་པ། ལས་འཚོལ་ལ་ཕྱིན་པ་སོགས་རྣམ་པ་མང་པོ་ཞིག་ཡོད་རེད། དེ་ཚོའི་གཞིས་མི་རྣམས་འདི་གར་སྡོད་ཡོད་པ་རེད། ལྷག་པར་དུ་གཞིས་ཆགས་ཁག་ཏུ་ས་ཁང་བདག་གཅེས་བྱས་ནས་སྡོད་ཡོད་པ་རེད། དེ་འདྲ་སོང་ཙང་གོང་གི་ཚིག་བརྗོད་ལ་བལྟས་ན་རྣམ་གྲངས་འདི་གཉིས་ཀར་ཁྱབ་པ་འདྲ་ཞིག་འདུག གཞིས་མི་ཟླ་བསྒྲིལ་བཏང་ནས་རྩ་ལོག་འགྲོ་ཚར་མཁན་དེ་ཚོ་སྐད་ཆ་བརྗོད་མི་དགོས་པ་རེད། དེ་རྣམས་རྩ་སྟོང་ལ་འགྲོ་ཚར་བ་རེད། དེ་སོང་ཙང་ས་ཁང་ཕྱིར་བསྡུ་གནང་རྒྱུ་ལས་མེད་པ་རེད། ཡིན་ན་ཡང་ཨ་རི་ལ་འཕྲལ་སེལ་གྱི་ལས་འཚོལ་དང༌། ཚོང་ལས། སློབ་སྦྱོང་སོགས་ལ་ཕྱིན་པའི་མི་དེ་ཚོའི་ས་ཁང་ཕྱིར་བསྡུ་གནང་ན་འགྲིགས་ཀྱི་ཨེ་ཡོད། དེ་གསལ་པོ་ཞིག་བཟོ་རོགས་གནང་ཞུ་རྒྱུ་ཡིན།

བཀའ་ལན།
སློབ་སྦྱོང་དང་ལས་དོན་གྱི་ཐོག་ལ་ཕྱིན་ནས་ཚུར་ལོག་ཡོང་མཁན་དེ་ཚོ་ས་ཁང་སྒྲིག་གཞིའི་ནང་གཞུང་དོན་ཕྱོགས་བསྐྱོད་དང༌། སློབ་སྦྱོང་ཕྱོགས་བསྐྱོད་ཟེར་བའི་ཆ་རྐྱེན་ཡོད་རེད། ཆ་རྐྱེན་དེའི་འོག་གཞུང་དོན་ཕྱོགས་བསྐྱོད་དང་སློབ་སྦྱོང་ཕྱོགས་བསྐྱོད་ཀྱི་དགོངས་ཞུ་བྱས་ནས་ཕྱིན་པ་དེ་ཚོ་དགོངས་ཞུའི་དུས་ཚོད་ལས་མ་བརྒལ་བ་ཡིན་ན། ཁོང་ཚོའི་ས་ཁང་རང་འཇགས་གནས་ཀྱི་རེད། གཏན་འཇགས་ཐོན་འགྲོ་མཁན་དེ་ཚོའི་ནང་མི་འཕྲོས་ལྷག་ཡོད་ན་དེ་ཚོར་ཡང་ས་ཁང་གི་ཐོབ་ཐང་ཡོད་པ་སྒྲིག་གཞིའི་ནང་གསལ་ཡོད། མི་ལྔ་ལྔ་ལ་བཅོས་མའི་ནང་མི་རེ་རེ་བཟོས་ཡོད། ནང་མི་གཅིག་ལ་མི་ལྔ་ལས་མང་བ་ཡོད་མཁན་ཡང་ཡོད་རེད། མི་བཞི་མཉམ་དུ་ས་ཁང་སྤྲོད་པ་དེ་འདྲ་ཡང་ཡོད་པ་རེད། ནང་མི་གཅིག་གི་ནང་མི་གྲངས་ཉུང་དུ་འགྲོ་རིམ་བཞིན་ཁང་པ་ག་འདྲ་བྱེད་དགོས་དང༌། གལ་སྲིད་ཐོག་མའི་ནང་མིའི་རྒྱུད་འཛར་ཡོད་ན་ས་ཁང་རང་འཇགས་ཐོབ་དགོས་སོགས་སྒྲིག་གཞིའི་ནང་གསལ་ཡོད། ད་བར་མང་ཆེ་བ་ཞིག་ས་ཁང་སྒྲིག་གཞིའི་ཆ་རྐྱེན་ཁག་གཞིར་བཟུང་འགྲོ་བཞིན་པ་རེད།

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
ངས་འདིའི་ཐོག་ལ་འཕྲོས་དོན་དྲི་བ་ཞུ་རྒྱུ་ག་རེ་འདུག་ཟེར་ན། དྲིས་ལན་དང་པོའི་ནང་ལ་བཀོད་ཁྱབ་སྔ་རྗེས་སོང་ཞེས་དང༌། དེ་ལྟར་ལག་ལེན་འཁེལ་དང་མ་འཁེལ་སྣ་ཚོགས་ཤིག་བྱུང་འདུག་གསུངས་པ་ཞིག་དང༌། དེ་ནས་དྲིས་ལན་གཉིས་པའི་ནང་ལ་དེ་ཚོའི་གྲངས་ཚད་དང་སུར་སྤྲད་ཀྱི་ཐོ་གཞུང་ནང་སྲིད་ལས་ཁུངས་ལ་མེད་ཅེས་བཀའ་གནང་འདུག དེ་འདྲ་ཡིན་དུས་དེའི་ཐོག་ལ་འཕྲོས་དོན་དྲི་བ་ཞིག་མ་ཞུ་རང་ཞུ་འདྲ་པོ་ཞིག་ཆགས་སོང༌། ག་རེ་རེད་ཟེར་ན། རྩ་བའི་ཨ་མི་རི་ཀ་ལ་འགྲོ་མཁན་དེ་ཚོའི་ས་ཁང་ཕྱིར་བསྡུ་གནང་རྒྱུ་དེའི་ཐོག་ལ་བཀོད་ཁྱབ་སྔ་རྗེས་གནང་བའི་བཟོ་འདྲ་པོ་ཞིག་མ་གཏོགས་ཕྱག་ལེན་འཁེལ་དང་མ་འཁེལ་བ་སྣ་ཚོགས་ཚོགས་ཤིག་བྱུང་བ་འདྲ་པོ་ཞིག་ཡོད་རེད། ཕྱག་ལེན་འཁེལ་དང་མ་འཁེལ་བ་དེ་བཀོད་ཁྱབ་སྔ་རྗེས་སོང་བ་ཙམ་མ་ཡིན་པའི་ནང་སྲིད་ལས་ཁུངས་རང་ནས་ས་གནས་ས་ཐོག་ལ་དུས་ནས་དུས་སུ་གཟིགས་རྟོག་དང་ཞིབ་འཇུག་གནང་ནས་གནས་ཚུལ་ག་རེ་ཆགས་འདུག སྒྲིག་གཞི་གཞིར་བཟུང་ལག་ལེན་འཁེལ་འདུག་མི་འདུག དེ་འདྲའི་ཞིབ་འཇུག་ཡང་དག་པ་གནང་ནས་དེ་ལ་གཞིགས་པའི་གནས་ཚུལ་ག་རེ་ཆགས་ཡོད་མེད་ཀྱི་གནས་ཚུལ་མཁྱེན་རྟོགས་ཐུབ་པའི་གནས་ཚུལ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་བྱུང་མེད་པའི་བཟོ་འདྲ་པོ་ཞིག་འདུག དེ་འདྲ་བྱུང་མེད་པ་འདྲ་པོ་ཡིན་དུས་སླད་དེ་ཚོར་ག་འདྲ་གནང་འཆར་ཡོད་དམ་ཞེས་ཞུ་རྒྱུ་ཞིག་དང་༌། རྩ་བའི་བཙན་བྱོལ་བོད་མིའི་འགྲོ་སྡོད་བྱ་ཡུལ་དང༌། འཚོ་གནས་བྱ་ཡུལ་གཞིས་ཆགས་ཁག་ཚང་མ་ཐམས་ཅད་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་བོད་མིའི་འདུ་སྡོད་ཀྱི་རྟེན་གཞི་འདྲ་པོ་གཙོ་བོ་དེ་ཡིན་པ་རེད། རྟེན་གཞི་དེ་ཚོ་མེད་པ་ཡིན་ན་བཙན་བྱོལ་བོད་མི་ཟེར་མཁན་ཁོ་རང་འཐོར་ཞིག་ལ་འགྲོ་རྒྱུའི་ཉེན་ཁ་ཞེ་དྲགས་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་དེ་ཚོ་འཛིན་སྐྱོང་དང་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་ང་རང་ཚོའི་ཕྱག་ལས་ནང་གི་གལ་ཆེ་ཤོས་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དེ་ཚོའི་ཐོག་ལ་ད་ལྟ་བར་དུ་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་དང་གཟིགས་རྟོགས་འོག་ལ་གཞིས་འགོ་བདེ་དོན་རིམ་ཅན་ནས་ཡོད་བསྡད་པ་ཞིག་རེད། བྱས་ཙང་གཞིས་འགོ་བདེ་དོན་རིམ་པའི་ཐོག་ནས་འཐུས་ཤོར་ཞིག་ཕྱིན་བསྡད་པ་དེ་ད་ལྟ་ནང་སྲིད་བཀའ་བློན་ནས་མར་དྲིས་ལན་བསྐྱོན་པའི་སྐབས་སུ་བཀའ་གནང་སོང༌། དེ་དངོས་འབྲེལ་ཆགས་བསྡད་ཡོད་པའི་གནས་ཚུལ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཕྱིན་ཆད་ནས་དེ་ཚོ་བསླབ་བྱ་དང་ཉམས་མྱོང་ལ་བླངས་ནས་ཡར་རྒྱས་སྲ་ཚུགས་ཐུབ་པ་ཞིག་གི་དགོངས་བཞེས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེ་ཤོས་དེ་རེད་འདུག་ཅེས་ཞུ་རྒྱུ་གཅིག་དང༌། དེ་ནས་དེ་འདྲའི་ཞིབ་འཇུག་གནང་བའི་སྐབས་སུ་ཡིན་ནའང་ཐོག་མར་སོ་ནམ་ཞིང་ལས་ཀྱི་གཞིས་ཆགས་ཡིན་ནའང་རེད། ཁང་པའི་གཞིས་ཆགས་ཡིན་ནའང་རེད། དེ་ཚོའི་ཐོག་ལ་རྒྱ་གར་གཞུང་གི་ཐོག་ནས་ཡིན་ནའང་རེད། དེ་བཞིན་བོད་གཞུང་གི་ཐོག་ནས་ཡིན་ནའང་རེད། ཧིན་བོད་ཟུང་འབྲེལ་གྱིས་དང་ཐོག་ས་ཆ་དང་ཁང་པ་སྤྲོད་གཞུང་དེ་ལ་གཟིགས་ནས་ད་ལྟ་བར་དུ་བཙོངས་པ་དང༌། གཡར་བ། སྟོང་པ་ལ་སོགས་དང༌། གཅིག་ནས་གཅིག་ལ་རྡོ་ལག་བརྒྱུད་བྱས་ནས་ལེ་བསྒྱུར་བྱས་པ་ག་ཚོད་འདུག དེ་ཚོའི་གྲས་ཀྱི་ Record ནང་སྲིད་ལས་ཁུངས་ལ་རྩ་ནས་མེད་པ་དེ་ཐབས་སྐྱོ་པོ་ཞེ་དྲགས་རེད་བསམ་པ་ཞིག་དྲན་བསྡད་ཀྱི་འདུག དེ་ཚོའི་འཐུས་ཤོར་གཙོ་བོ་ཞིག་དབུས་དང་ས་གནས་གཉིས་ཀ་ནས་ཕྱིན་བསྡད་པ་ཞིག་རེད་མ་གཏོགས། གཞན་དག་གང་ལ་ཡང་གཡོལ་ཐབས་མེད་པ་རེད། བྱས་ཙང་ཕྱིན་ཆད་དེ་ཚོའི་ཐོག་ལ་དགེ་འདོན་སྐྱོན་སེལ་དང་ལེགས་སྤེལ་ཉེས་འགོག་འདྲ་པོ་ག་འདྲ་གནང་གྲབས་འདྲ་པོ་ཡོད་དམ་ཞེས་ཞུ་རྒྱུ་ཡིན། དེ་ཚོའི་ཐོག་ལ་བཀའ་གསལ་སྐྱབས་འཇུག་གནང་རོགས་གནང་ཞེས་ཞུ་གི་ཡོད།

བཀའ་ལན།
ནང་སྲིད་ལས་ཁུངས་ནས་བཀོད་ཁྱབ་སྔ་རྗེས་བཏང་བ་མ་གཏོགས་ས་གནས་ས་ཐོག་ཏུ་སྒྲིག་འཛུགས་ལྡན་པའི་སྒོ་ནས་དངོས་སུ་ཞིབ་འཇུག་གནང་བ་བྱུང་མི་འདུག བཀའ་བློན་དྲུང་ཆེ་སོགས་འཚམས་གཟིགས་ཕེབས་སྐབས་གཟིགས་ཙམ་དྲིས་ཙམ་གནང་བ་མང་པོ་བྱུང་འདུག ཡིན་ནའང་དེ་ཚོ་མཇུག་གནོན་གནང་ཐུབ་པ་བྱུང་མི་འདུགད་ལྟའི་བཀའ་ཤག་གི་ལས་འགོ་ཚུགས་པ་དང་ཆབས་ཅིག་གཞིས་ཆགས་ཁག་བརྟན་ལྷིང་བཟོ་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཞིག་ཏུ་བཟུང་སྟེ་ས་ཁང་བདག་གཉེར་བྱེད་ཕྱོགས་ཚད་ལྡན་དང་གཅིག་གྱུར་དགོས་པ་དང༌། དེའི་ཆེད་ཞིབ་འཇུག་བྱེད་རྒྱུའི་ཐབས་ཤེས་བྱས་པ་ཡིན། འོན་ཀྱང་སྒྲིག་གཞི་ཚད་ལྡན་ཞིག་མེད་ན་ཞིབ་འཇུག་བྱས་ཀྱང་ཚད་ལྡན་དང་རྒྱུན་གནས་ཐུབ་པ་ཞིག་ཡོང་ཐབས་དཀའ་བར་མཐོང་སྟེ་སྒྲིག་གཞི་བསྐྱར་བཅོས་དང༌། དེའང་འཛིན་སྐྱོང་གིས་གཏན་འབེབས་བྱས་པའི་སྒྲིག་གཞི་ཙམ་མ་ཡིན་པར་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ནུས་པ་ཡོད་པའི་སྒྲིག་གཞི་ཞིག་དགོས་ཀྱི་འདུག་ཅེས་གྲོས་ཚོགས་སུ་ཕུལ་བ་རེད། སྒྲིག་གཞིའི་ཟིན་བྲིས་ཀྱང་ཚ་གི་ཚི་གེ་མ་བྱས་པར་ས་གནས་འགོ་འཛིན་ཚང་མ་དང་མཉམ་དུ་གོ་བསྡུར་སྔ་རྗེས་བྱས་ནས་གཞིས་ཆགས་སོ་སོའི་ཉམས་མྱོང་དང་བསྟུན་ཏེ་ལག་ལེན་འཁེལ་ཐུབ་པ་ཞིག་བཟོས་ཡོད། འོན་ཀྱང་ཟིན་བྲིས་དེ་གྲོས་ཚོགས་ནས་གཏན་འབེབས་མ་བྱུང་བ་རེད། ཚོགས་དུས་འདིའི་ཐོག་ལའང་གཏན་འབེབས་ཡོང་རྒྱུའི་རེ་བ་མེད་པ་ཆགས་འདུག ཁྲིམས་ཀྱི་ནུས་པ་ཡོད་པའི་སྒྲིག་གཞི་ཞིག་མེད་ན་ང་ཚོས་ས་གནས་སོ་སོར་བཀུར་འོས་སྤྱི་འཐུས་ཀྱིས་དགོངས་འཆར་གནང་བ་ལྟར་རྒྱུ་མ་ཕུ་འདེད་ཀྱི་ཞིབ་འཇུག་གཅིག་བྱས་པ་ཡིན་ནའང་བཏང་འཛིན་ཚད་ལྡན་བྱེད་ཐུབ་པའི་རེ་བ་མེད། གང་ལགས་ཟེར་ན། གཞིས་ཆགས་མང་པོའི་ནང་ས་གནས་འགོ་འཛིན་གྱི་བཀའ་འོག་ཏུ་འདུ་མཁན་དང་མི་འདུ་མཁན་གྱི་སྡེ་ཚན་མང་པོ་ཞིག་སྔ་མོ་ནས་ཆགས་བསྡད་འདུག བཀུར་འོས་སྤྱི་འཐུས་མཆོག་གིས་ནང་སྲིད་ལས་ཁུངས་སུ་གནས་ཚུལ་ཆ་ཚང་མེད་པ་དང༌། ད་ལྟའི་བར་བཏང་འཛིན་ཚུལ་བཞིན་མ་ཐུབ་པ་དེ་ཧ་ཅང་གིས་ཐབས་སྐྱོ་པོ་རེད་གསུངས་སོང༌། དེ་དངོས་གནས་རེད། ཐབས་སྐྱོ་པོ་དང་ཡིད་ཕམ་དགོས་པ་ཞིག་རེད་མ་གཏོགས། མ་རེད་ཅེས་ཞུ་རྒྱུ་མེད། ཡིན་ནའང་གནས་ཚུལ་དེ་འདས་པའི་ལོ་བཞི་བཅུའི་ནང་མུ་མཐུད་བྱུང་བ་ཞིག་ད་ལྟའི་གནས་བབས་འདིར་སླེབས་པ་མ་གཏོགས། ང་ཚོས་གསར་དུ་བཟོས་པ་ཞིག་མ་རེད་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
ད་རེས་འཕྲོས་དོན་དྲི་བ་དང༌། དེ་བཞིན་དྲིས་ལན་མང་པོ་གནང་ཡོང་དུས་སོ་སོས་འཕྲོས་དོན་དྲི་བ་ཁ་ཤས་ཤིག་བཀོད་ན་མ་གཏོགས་འགྲིག་གི་མི་འདུག་བསམ་པ་དེ་འདྲའི་ཚོར་སྣང་བྱུང་སོང༌། དང་པོ་དྲི་བ་དངོས་གཞིའི་ཐོག་ཏུ་ཨ་རིར་གཞིས་ཆགས་སུ་བཏང་ཡོད་པ་དང༌། དེ་དག་གི་བཟའ་མ་བུ་ཕྲུག་ཟེར་ནས་དྲི་བ་དངོས་གཞིའི་སྔོན་གླེང་ནང་དུ་ཨ་རི་ལ་གཞིས་ཆགས་སུ་གཏང་རྒྱུ་གཅིག་པུ་མ་གཏོགས་གཞན་དག་བཀོད་གནང་མི་འདུག དེ་ནས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་དྲིས་ལན་གྱི་ནང་དུ་ཨ་རི་སོགས་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཕྱིན་པ་རྣམས་ཀྱི་གཞིས་ཆགས་ས་ཁང་ཐོབ་ཐང་ཟེར་དུས་ཨ་རི་ཙམ་དུ་མ་ཟད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པ་ཚང་མ་ཟེར་ནས་མ་གཏོགས་གཞིས་ཆགས་ཟེར་ནས་དམིགས་བསལ་བཀོད་མི་འདུག ང་དང་པོ་དེའི་ཐོག་ལ་དྭོགས་པ་ཤར་བ་རེད། གཅིག་བྱས་ན་བཀུར་འོས་སྤྱི་འཐུས་ཁ་ཤས་ཤིག་གིས་དྲི་བ་བཀོད་ཀྱི་རེད་བསམ་བྱུང༌། སུས་ཀྱང་བཀོད་མ་སོང༌། བྱས་ཙང་ངས་དྲི་བ་ཞུ་རྒྱུ་དེའི་ཐོག་ལ་ཞུ་གི་ཡོད། ཨ་རི་ལ་གཞིས་ཆགས་དགུ་ཅུ་ཐམ་པའི་ལོར་བཏང་བཞག་པ་དེ་ཡི་ས་ཁང་དེ་ཕྱིར་བསྡུ་བྱེད་ཀྱི་རེད་དམ་མ་རེད་ཟེར་ནས་དྲི་བ་བཀོད་དུས། ནང་སྲིད་ལས་ཁུངས་ཀྱིས་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕྱིན་པ་རྣམས་ལ་གཞིས་ཆགས་ས་ཁང་ཐོབ་ཐང་ཟེར་ནས་གསུངས་འདུག བྱས་ཙང་གཞིས་ཆགས་བཏང་བཞག་པ་དང་ཨ་རི་དང་ཕྱི་རྒྱལ་ཡུལ་ཁག་གསུང་རྒྱུ་ཚང་མ་གཅིག་པ་གཟིགས་ཀྱི་ཡོད་པ་ཡིན་ནམ་མིན། ངས་དྲི་བ་བཀོད་རྒྱུ་གཅིག་འདི་རེད། ཕལ་ཆེར་གཅིག་བྱས་ན་ད་ལྟ་བཀུར་འོས་སྤྱི་འཐུས་ཤིག་གིས་དྲི་བ་ཞིག་གི་འཕྲོས་དོན་གྱི་ཐོག་ལ་ཕྱོགས་ཙམ་ཞིག་གསུངས་སོང་སྟེ། སྤྱིར་བཏང་གི་གསལ་པོ་ཞེ་དྲགས་ཆགས་མ་སོང༌། ག་རེ་རེད་ཟེར་ན། ཨ་རི་དང་ཕྱི་རྒྱལ་ཡུལ་ཁག་ལ་གཉེན་འཕྲད་འགྲོ་གི་ཡོད་རེད། ལྟ་སྐོར་འགྲོ་གི་ཡོད་རེད། སློབ་སྦྱོང་བྱེད་པར་འགྲོ་གི་ཡོད་རེད། འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་འགྲོ་གི་ཡོད་རེད། དེ་ཚོ་ཚང་མ་ནང་སྲིད་ལས་ཁུངས་ཀྱིས་ཕྱིར་བསྡུ་གནང་རྒྱུའི་འབད་བརྩོན་ཞིག་ཕལ་ཆེར་གནང་གི་ཡོད་ཀྱི་རེད་བསམ་གྱི་མེད། ད་ལྟ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ཀྱང་ཟུར་ཙམ་ཞིག་གསུངས་གནང་སོང༌། བྱེད་དུས་དེ་གཉིས་ལ་ཁྱད་པར་ག་རེ་གཟིགས་ཀྱི་ཡོད་རེད། མི་ཆིག་སྟོང་ཐམ་པ་དགུ་བཅུ་ཐམ་པའི་ལོ་ལ་གཞིས་ཆགས་ཀྱི་མིང་ཁྱེར་ནས་བཏང་བཞག་པ་དེ་དང༌། དེ་མ་ཡིན་པར་སོང་བཞག་པ་དེ་གཉིས་ལ་ནང་སྲིད་ལས་ཁུངས་ཀྱིས་ཁྱད་པར་ག་རེ་གཟིགས་ཀྱི་ཡོད་རེད། ས་ཆ་ཕྱིར་བསྡུ་བྱེད་རྒྱུ་ལ་ཡང་ཁྱད་པར་ག་རེ་གཟིགས་ཀྱི་ཡོད་རེད། དེ་ཙམ་དུ་མ་ཟད་ཕྱི་རྒྱལ་ཡུལ་ཁག་ཚང་མ་གཅིག་མཚུངས་བྱས་ནས་གཟིགས་ཀྱི་ཡོད་རེད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་དང་པོ་འདི་ཡིན།
བཀའ་འདྲི་ཞུ་རྒྱུ་གཞན་དག་དེ། ད་ལམ་དྲི་བའི་ལན་གཉིས་པའི་ནང་དུ་ལག་བསྟར་བྱུང་བ་རྣམས་ཀྱི་ས་ཁང་གྲངས་ཚད་དང་སུར་སྤྲད་ཀྱི་ཐོ་གཞུང་ད་ལྟ་ནང་སྲིད་ལས་ཁུངས་ལ་མེད་གསུངས་འདུག རྩ་བའི་དེ་སྒྲིག་གསལ་བཞིན་དུ་ལག་ལེན་བསྟར་གྱི་ཡོད་རེད་གསུང་གི་འདུག དོན་ཚན་ཁ་ཤས་ཀྱི་ཐོག་ལ་ནང་སྲིད་ལས་ཁུངས་ཀྱིས་མ་མཁྱེན་ན་དེའི་སྐབས་སུ་ས་གནས་ལ་དེའི་ཐོག་ལ་ག་ཚོད་ཅིག་ཡོད་མེད་སྐད་ཆ་འདྲི་གནང་གི་ཡོད་པ་ལ་འདིའི་སྐོར་དེ་བཞིན་དྲིས་མ་ཐུབ་པའི་རྒྱུ་མཚན་དེ་ག་རེ་ཆགས་ཡོད་དམ་ཞེས་དྲི་བ་གཅིག་ཞུ་རྒྱུ་འདི་ཡིན།
དེ་ཡི་མཇུག་ལ་སོ་སོར་དྭོགས་པ་དང་ཚོར་སྣང་ཞེ་དྲགས་ཀྱི་ཁྱད་མཚར་པོ་བྱུང་སོང༌། དེ་ག་རེ་རེད་ཟེར་ན། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་ཕྱོགས་གཅིག་ནས་ད་ལྟའི་ཆར་སྒྲིག་གཞི་དེ་ཚོ་ལག་ལེན་བསྟར་རྒྱུར་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཆགས་ཀྱི་འདུག དཔེ་བཞག་པ་ཡིན་ན། དྷརྨ་ཤཱ་ལའི་ནང་ཁུལ་གྱི་གནས་ཚུལ་རེད། དེ་ཚོའི་གྲས་དེ་སྔོན་མ་ནས་ནོར་བ་རྒྱུན་འབྱམས་ཞུ་དགོས་ཀྱི་ཡོད་ནའང་འདྲ། གནས་ཚུལ་དེ་འདྲ་མང་པོ་ཞིག་གང་ལྟར་ནང་ནས་ཡོང་བསྡད་པ་དེ་ད་ལྟ་ལམ་སེང་བཅོས་ཐུབ་རྒྱུར་ཞེ་དྲགས་དཀའ་ལས་ཁག་པོ་འདུག དེ་ནོར་བསྡད་ཡོད་ནའང་ནོར་བ་རྒྱུན་འབྱམས་ཀྱི་རང་གཤིས་སུ་ཆགས་རྒྱུ་རང་གི་ཐོག་ལ་ཕར་སྒྲིག་མཐུན་ཆགས་རྒྱུ་ཞིག་གི་ཐོག་ལ་དགོངས་པ་བཞེས་རྒྱུ་མ་གཏོགས་ཡོང་བ་མི་འདུག་ཅེས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་གསུངས་སོང༌། བྱེད་དུས་ངས་བཀའ་འདྲི་ཞུ་རྒྱུ་ལ། ད་ལྟ་བཀའ་ཤག་སྐབས་བཅུ་གཉིས་པས་དམིགས་སུ་བཀར་ནས་བདེན་པ་དང་འཚེ་བ་མེད་པ་དང༌། མང་གཙོ་ཡང་དག་པའི་ལྟ་བ་གཞི་རྩར་འཛིན་ནས་ཕེབས་དགོས་ཀྱི་ཡོད་དུས། སྔོན་མ་ནོར་བསྡད་ཡོད་ནའང་ནོར་བ་རྒྱུན་འབྱམས་རེད་བསམས་ནས་ཏན་ཏན་བཞག་གི་མེད་པ་ཅན་ཞིག་དང༌། ཡིན་པ་དེ་ཡིན་པའི་ཐོག་ལ་ཐག་གཅོད་བྱེད་མཁན་ཞིག་དང༌། མིན་པ་དེ་མིན་པ་ཞིག་གི་ཐོག་ལ་ཐག་གཅོད་གནང་མཁན་ཞིག་ལ་ང་རང་སྒེར་གྱི་ངོས་ནས་ངོས་འཛིན་དང་ཆ་འཇོག་གུས་བརྩི་ཞུ་གི་ཡོད་ལ། རེ་བའང་ཞུ་གི་ཡོད། བྱེད་དུས་གཞིས་ཆགས་ཁག་གི་ས་ཁང་ཡིན་ནའང་འདྲ། དེ་ག་ནང་བཞིན་དྷརྨ་ཤཱ་ལའི་ད་ལྟ་གོང་ནས་ཞལ་དྲོན་མོའི་ཐོག་ནས་གསུངས་བཞག་པ་དེ་ཚོ་བཀའ་ཤག་སྐབས་བཅིུས་པས་སྔོན་མ་དེ་འདྲ་ཞིག་རེད་འདུག ད་དེ་ག་རང་བྱས་ནས་ང་ཚོས་བཞག་རྒྱུ་ཡིན་གསུངས་ཏེ་བཞག་རྒྱུ་རེད་དམ། དེ་སོ་སོའི་སེམས་ཀྱི་ནང་དུ་ཚོར་བ་དེ་ཡོང་གི་འདུག བྱེད་དུས་བཀའ་འདྲི་ཞུ་ན་མ་གཏོགས་འདི་ཕལ་ཆེར་གཅིག་བྱས་ན་མ་འགྲིགས་པ་འདྲ་པོ་ཆགས་སོང༌། བྱེད་དུས་དེའི་སྐོར་དེ་མ་འོངས་པར་གནང་རྒྱུ་ག་འདྲ་རེད་ཅེས་ཞུ་རྒྱུ་གཅིག་ཡིན།
ཞུ་རྒྱུ་གཉིས་པ་ཞིག་ལ། དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་ནས་སྙན་སྒྲོན་ཞུ་རྒྱུ་ཞིག་ལ། ལས་ཀ་ག་རེ་ཡིན་ནའང་ཡག་པོ་བྱེད་རྒྱུ་ཞིག་དང༌། ཁྲིམས་མཐུན་ཞིག་གནང་རྒྱུ་ལ་ས་ཁང་གི་སྒྲིག་གཞི་དེ་ཡང་གཞིས་ཆགས་ཁག་ལ་སྒྲིག་གཞི་མཚན་ཉིད་ཚང་བ་མེད་པ་རྣམས་མཚན་ཉིད་ཚང་བ་ཞིག་བྱེད་རྒྱུར་ཁྲིམས་མཐུན་ཡག་པོ་ཅན་ཞིག་དགོས་ཀྱི་ཡོད་པ་ཞིག དེ་ཡང་ཁྲིམས་མཐུན་གྱི་སྒྲིག་གཞི་ཞིག་ཡོད་སོང་བ་ཡིན་ན། དེ་དང་མཐུན་པ་ཞིག་གི་ཕྱག་ལས་གནང་ཐུབ་པ་ཞིག་དང༌། གནང་དགོས་ཀྱི་ཡོད་པ་ཅན་ཞིག དེ་སྔོན་འདས་པའི་དུས་ཚོད་ལ་དེ་འདྲ་ཡོད་པ་ཞིག་གི་ཐོག་ལ་གོང་དུ་གསུངས་སོང༌། དེ་ལ་ངས་གུས་བརྩི་ཞུ་གི་ཡོད། ཡིན་ན་ཡང་ད་ལྟའི་ཆར་ང་ཚོ་འཛིན་སྐྱོང་གིས་ཕྱག་ལས་གང་དང་གང་གནང་བཞིན་པའི་ཁྲིམས་དང་སྒྲིག་གཞི་དེ་ཚོ་ཡོངས་རྫོགས་དེ་གྲོས་ཚོགས་ཀྱི་ཐོག་ནས་གཏན་འབེབས་བྱེད་བཞག་རྒྱུ་ཞིག་ཁྱོན་ནས་རེད་དྲན་གྱི་མེད། བྱེད་དུས་དེ་ཚོའི་ཐོག་ལ་ཕྱག་ལེན་བསྟར་གནང་ཐུབ་ཀྱི་ཡོད་དུས་ས་ཁང་གི་སྒྲིག་གཞིའི་ཐོག་ལ་བསྟར་མ་ཐུབ་པ་དེའི་སྐོར་ལ་གསལ་བཤད་ཅིག་གནང་རོགས།

བཀའ་ལན།
དྲི་བའི་ནང་ལ་ཨ་རི་གཞིས་ཆགས་མ་གཏོགས་དྲིས་མི་འདུག ལན་གྱི་ནང་ལ་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་ཕྱིན་པ་རྣམས་ཞེས་འཐོལ་བ་བཅུག་འདུག དེ་ག་རེ་ཡིན་ནམ་ཞེས་བཀའ་གནང་སོང༌། དྲི་བའི་ནང་ལ་མེད་པ་ཞིག་ང་ཚོས་ལན་ནང་འཐོལ་པ་བཅུག་མེད། དྲི་བའི་ནང་ བྱབྱབཟའ་ཟླ་བུ་ཕྲུག་ནང་མི་ཟླ་བསྒྲིལ་ལས་གཞི་མཇུག་བསྒྲིལ་ཟིན་ཡོད་པ་མ་ཟད། བོད་མི་སྒེར་ངོས་ཀྱི་ཐབས་ཤེས་ཀྱིས་ཨ་རིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕོན་ཆེ་ཕྱིན་ཡོད་བྱབྱ ཅེས་བྲིས་འདུག དེ་ལ་ལན་ཞུས་པ་མ་གཏོགས་སྣོན་པ་བརྒྱབས་ནས་ཞུས་མེད་ཅེས་ཞུ་རྒྱུ་དང༌།
དྲི་བ་གཉིས་པ་གཞིས་ཆགས་ལ་བཏང་བ་དང༌། རང་ངོས་ནས་ཕྱིན་པ་གཉིས་ལ་ནང་སྲིད་ལས་ཁུངས་ཀྱི་ལྟ་སྟངས་མི་འདྲ་བ་ཞིག་ཡོད་རེད་དམ་ཞེས་བཀའ་གནང་སོང༌། གཞིས་ཆགས་ཀྱི་ས་ཁང་ནང་ལ་སོ་སོས་མ་བསྡད་པར་སྟོང་པ་བཟོས་པ་ཡིན་ན། གཞུང་གིས་གཞིས་ཆགས་ལ་བཏང་བ་དང༌། སོ་སོས་ཁྲིམས་འགལ་གྱིས་ཕྱིན་པ་གཉིས་ཀ་ཁང་པ་སྟོང་པ་ཐོན་རྒྱུ་དང༌། ས་ཆ་འདེབས་མཁན་མེད་པ་ཆགས་རྒྱུ་གཅིག་པ་རེད། དེ་འདྲ་ཡིན་ཙང་གཞིས་ཆགས་ལ་བཏང་བཞག་པ་དང་ཁྲིམས་འགལ་གྱིས་ཕྱིན་པ་གཉིས་ཀའི་ས་ཁང་སྐོར་ནང་སྲིད་ལས་ཁུངས་ཀྱི་ལྟ་སྟངས་གཅིག་པ་ཡིན་ཞུ་རྒྱུ་ཡིན།
ས་གནས་ལ་མ་གཏོགས་འདིར་ཐོ་མེད་ཅེས་ལབ་འདུག ནམ་རྒྱུན་ས་གནས་ནས་འདྲི་རྩད་ཀྱིས་ཐོ་ལེན་གྱི་ཡོད་རེད། ད་རེས་མ་ལེན་པ་ག་རེ་ཡིན་ནམ་ཞེས་བཀའ་འདྲི་གནང་སོང༌། དྲི་བ་གནང་ནས་དྲིས་ལན་འབུལ་རྒྱུའི་དུས་བཀག་བར་ལ་ཉིན་མ་བདུན་མ་གཏོགས་མེད་ཙང་ས་གནས་ཁག་ནས་གནས་ཚུལ་ལེན་རྒྱུའི་དུས་ཚོད་འཁོར་གྱི་མི་འདུག དོན་གནད་གཅིག་རང་ཡིན་པ་ཡིན་ན་ང་ཚོས་ཁ་པར་བཏང་ནས་དྲིས་ཆོག་ཀྱང་གཞིས་མི་ཕྱི་ཐོན་སྐོར་གཞིས་ཆགས་རེ་རེ་ལ་དེབ་གྲངས་མང་པོའི་ཐོ་གཞུང་ཡོད་རེད། དེ་ཚོ་བདུན་ཕྲག་གཅིག་གི་ནང་ལ་ལེན་ཐུབ་ཐབས་མི་འདུག མ་འོངས་པར་གྲོས་ཚོགས་དང་བཀུར་འོས་སྤྱི་འཐུས་ཀྱིས་དགོས་མཁོ་གཟིགས་པ་ཡིན་ན་རྗེས་སུ་འབུལ་ཆོག་པ་ཞུ་རྒྱུ་ཡིན།
སྔོན་ལ་སྒྲིག་ཁྲིམས་འགལ་བ་དེ་ཚོ་བཀའ་ཤག་སྐབས་བཅིུས་པས་རང་འཇགས་བཞག་གི་རེད་དམ། དེ་ལ་ཧ་ཅང་གི་ཐུགས་ལ་མ་བདེ་བ་བྱུང་གསུངས་སོང༌། བཀུར་འོས་སྤྱི་འཐུས་ཀྱི་ཐུགས་ལ་མ་བདེ་བ་བྱུང་བ་དེ་དགའ་པོ་བྱུང༌། ང་ཚོའི་སེམས་ལ་དེ་བས་ཀྱང་མ་བདེ་བ་ཆེན་པོ་ཞིག་ཡོད་རེད་དེ། མི་ཚོས་དེ་མ་བདེ་བ་ཞིག་རྩ་ནས་གཟིགས་ཀྱི་ཡོད་མ་རེད། དེ་ག་རེ་ཡོད་རེད། དེ་འདྲ་བཞག་བཞག་ན་འགྲིག་གི་རེད་པཱ་དགོངས་ཀྱི་ཡོད་རེད། གང་ཐུབ་ཐུབ་སྒྲིག་འགལ་དེ་ཚོ་སྒྲིག་ལམ་དང་མཐུན་པ་བཟོ་རྒྱུའི་འབད་བརྩོན་སྔོན་མ་ཡང་བྱས་པ་ཡིན། ད་དུང་ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་ལས་དུས་ལྷག་ཡོད་པ་དེའི་རིང་ལ་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་ཡིན། སོ་སོའི་ངོས་ནས་སེམས་ལ་མ་བདེ་བ་ཡོད་པ་ཡིན་ན་ཡང་ཚང་མ་སྒྲིག་མཐུན་ཐུབ་ས་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག འབད་བརྩོན་ག་ཚོད་བྱས་ཀྱང་འདས་པའི་ལོ་བཞི་ཅུ་ལྷག་གི་རིང་མུ་མཐུད་ནས་ཡོང་བསྡད་པའི་སྒྲིག་འགལ་དེ་ཚོ་ལོ་ལྔའི་ནང་སྒྲིག་མཐུན་བཟོ་རྒྱུ་དཀའ་བ་འདུག ཡིན་ན་ཡང་གང་ལ་གང་འཚམས་ཤིག་ཕག་པ་གཡག་ལམ་དུ་ཚུད་པའི་ཐབས་ཤེས་མང་པོ་ཞུས་པ་ཡིན། ཁ་ཤས་ལ་གྲུབ་འབྲས་ཐོན་སོང༌། མ་འོངས་པར་ཡང་མུ་མཐུད་ནས་ཞུ་རྒྱུ་ཡིན། དེ་ནས་དྲི་བ་མཐའ་མ་དེ་ངས་བརྗེད་འདུག དགོངས་འགལ་མེད་པ་ཞེས་ཞུ་རྒྱུ་ཡིན།

སྤྱི་འཐུས་འཇམ་དབྱངས་འཕྲིན་ལས་ལགས་ནས།
གཞིས་ཆགས་ཁ་ཤས་ཀྱི་ནང་ལ་ཨ་རི་ལ་ཆིག་སྟོང་ཡིན་ནའང་རེད། ཕལ་ཆེར་མང་ཆེ་བ་སོ་སོས་ཐབས་ཤེས་བཏང་ནས་རིམ་བཞིན་ནང་མི་ཨ་རི་ལ་སླེབས་པ་དང༌། དེའི་སྡོད་གཅིག་ཐབ་གཅིག་གི་ནང་མི་རང་མིན་པ། ཕ་མ་གཅིག་པ་ཡིན་ནའང་ཡོད་རེད། སྤུན་མཆེད་འགྲོ་མཁན་ཡང་ཡོད་རེད། དེ་ཚོས་བདག་ཉར་བྱས་པ། གཞིས་ཆགས་ཁ་ཤས་ནང་ལ་བརྒྱ་དཔོན་རེས་མོས་བྱེད་དགོས་པ། ཁ་ཤས་ལ་མཉམ་འབྲེལ་རང་མེད་པའི་ཚོང་ཁང་ཆུང་ཆུང་དང༌། ཟ་ཁང་ཡོད་པ་དེ་ཚོ་གཞིས་ཆགས་དེ་ག་རང་གི་ལོ་རེའི་ནང་ལ་མི་གཉིས་རེ་གསུམ་རེས་སྐོར་བ་བརྒྱབས་ནས་ལས་ཀ་བྱེད་རྒྱུ་དེ་འདྲ་ཡོད་རེད། དེ་ཚོ་ཡང་སྒྲིག་གཞི་གཅིག་མཚུངས་ཞབས་འདེགས་ཞུས་པ་དེས་མ་ཚད་པའི་གཞུང་ཞབས་མི་སྣ་སོགས་ཕེབས་དུས་གཞིས་ཆགས་ཁ་ཤས་ལ་རིང་འགྲོ་དང་ཐུང་འགྲོ་ཞེས་པ་དེ་འདྲའི་སྒྲིག་གཞི་ཡོད་རེད། དེ་གཞིར་བཟུང་གིས་སྒྲིག་གཞི་ཚང་མ་གྲོང་པ་གཉིས་ཀྱིས་འགན་ཁུར་ནས་བྱེད་སྡོད་མཁན་དེ་འདྲ་ཁ་ཤས་ཡོད་བསྡད་ཀྱི་འདུག དེ་ཚོ་ཁ་ཤས་ཐོངས་མཆན་རག་ནས་ཁྱུག་ཙམ་ཁྱུག་ཙམ་ནང་མི་དེ་ཚོ་ཨ་རི་ནས་གུང་སེང་ལ་ཡོང་སྡོད་མཁན་དང༌། ཁ་ཤས་ཐོངས་མཆན་མ་རག་ནས་རག་པའི་མཚམས་ལ་ཡོང་གི་ཡིན་གསུང་མཁན་དེ་འདྲ་ཁ་ཤས་ཡོད་བསྡད་པ་རེད། དེ་ཚོ་སྡོད་གཅིག་ཐབ་གཅིག་མིན་པའི་ཁོང་རང་ཚོའི་སྤུན་མཆེད་ཚོ་ལ་བདག་བསྡད་པ་དེ་གྲོང་པ་གཉིས་ཀྱིས་སྒྲིག་ཆ་ཚང་འཁུར་གྱི་ཡོད་རེད། དེ་ཚོ་སྒྲིག་གཞི་དང་མཐུན་པ་རེད་དམ་མ་རེད། དེ་ཆོག་པ་རེད་དམ་མ་རེད་ཅེས་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
ཁྲལ་རྒྱུག་པའི་དབང་གིས་ས་ཆ་བདག་པ་ཡོང་གི་མ་རེད། ས་ཁང་དེར་སུ་བསྡད་པ་ཡིན་ན་ཡང་ཁོས་ཁྲལ་རྒྱུག་དགོས་ཀྱི་རེད། ཡིན་ན་ཡང་ས་ཆ་དེ་སྒྲིག་གཞི་གཞིར་བཟུང་ཐོག་མར་མི་སུ་དང་སུ་ལ་སྤྲད་ཡོད་པ་དང༌། དེ་རྣམས་ཤི་བའམ་ཕྱིན་པ་ཡིན་ན། ཡང་བསྐྱར་སྒྲིག་གཞི་གཞིར་བཟུང་བྱས་ནས་སྤྲད་ཡོད་ན་སུ་ལ་ཡིན་ན་ཡང་ས་ཁང་བདག་གི་རེད། སྒྲིག་གཞི་གཞིར་བཟུང་བྱས་ནས་སྤྲད་མེད་པ་ཡིན་ན། ཁྲིམས་འགལ་རེད་ཞུ་རྒྱུ་ཡིན།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
ངས་འཕྲོས་དོན་དྲི་བ་ཞུ་རྒྱུ་དེ་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གི་བཀའ་ལན་ལས་འཕྲོས་པའི་བཀའ་འདྲི་ཞུ་རྒྱུ་ཡིན། དང་པོ་དེ་ལ་ད་གིན་བཀའ་ལན་གྱི་ནང་ལ་གཞིས་ཆགས་ཁག་གི་གཞིས་འགོ་རྣམ་པ་ཚོས་ས་ཁང་དང་འབྲེལ་བའི་ཕྱག་ལེན་ཚགས་མ་ཚུད་པའི་གནས་སྟངས་དེ་བོད་པ་སྤྱི་ཡོངས་ཀྱི་ལེགས་བྱང་འདྲ་པོ་ཞིག་རེད་ཅེས་ང་ནོར་མེད་ན་དེ་འདྲ་ཞིག་བཀའ་ཕེབས་སོང༌། བོད་པའི་གཤིས་ཀ་ཡག་ཉེས་ཚང་མ་ལེགས་བྱང་ཨེ་ཡིན་ནམ། དེ་ཡང་གྲོས་ཚོགས་ཀྱི་དེབ་ཐེར་ནང་ལ་འགྲོ་རྒྱུ་ཡིན་པ་སོང་ཙང་ཞུ་གི་ཡོད།
དེ་ནས་གཉིས་པ་དེ་ལ་ས་ཁང་སྒྲིག་གཞི་དང་འབྲེལ་བའི་ཐོག་ནས་དཔེར་ན་བཞུགས་སྒར་ཁུལ་གྱི་ཁང་པ་ཡུན་རིང་པོར་སྒེར་བདག་ཆགས་བསྡད་པའི་གནས་སྟངས་དེ་ཚོ་རྙོག་དྲ་ཚ་པོ་ཡིན་པའི་ཆ་ནས་ལྷག་བསྡད་པའི་སྐོར་དེ་བཀའ་གནང་སོང༌། ང་རང་ཚོ་འདིར་གནད་ཡོད་ཚང་མས་རོབ་ཙམ་མཁྱེན་གསལ་རེད། ཡིན་ན་ཡང་ད་ལྟ་བར་དུ་བྱུང་བསྡད་པའི་ས་ཁང་སྒྲིག་གཞི་འཆར་ཟིན་དེ་ཚོ་གཙོ་བོ་གཞིས་ཆགས་ཀྱི་ས་ཁང་དང་འབྲེལ་བའི་སྒྲིག་གཞི་བཟོས་པ་ཞིག་མ་གཏོགས། ད་ལྟ་འདིར་བཞུགས་སྒར་གྱི་ས་ཁང་ལག་པ་འཆང་མ་ནུས་པར་ལྷག་བསྡད་པའི་གནས་སྟངས་དེ་ཚོར་ཕན་ནུས་འགྲོ་རྒྱུའི་སྒྲིག་གཞི་ཞིག་གསལ་ཁ་མེད་བསྡད་པ་ཞིག་མཐོང་བསྡད་ཀྱི་འདུག ས་ཁང་སྒྲིག་གཞི་དེ་ད་ལྟ་ཐོན་མ་ཐུབ་ནའང་མ་འོངས་པར་སྣོན་འཕྲི་ལེགས་བཅོས་ཟིན་འཚམས་ངེས་པར་དུ་ཐོན་དགོས་མདོག་ཁ་པོ་རེད། ད་ལྟ་གསུང་བསྡད་པའི་རྡ་སའི་གཞུང་གི་ཁང་པ་རྙོག་དྲ་ཚ་པོ་དེ་ཚོ་ལ་ཕན་ནུས་ཐུབ་པ་ཞིག་ཡོང་གི་ཡོད་དམ་སྙམ་པའི་རེ་བ་ཞིག་ཡོད།
དེ་ནས་གསུམ་པ་དེ་ལ་ཕྱི་རྒྱལ་ལ་བོད་མི་འགྲོ་མཁན་དང་འབྲེལ་བའི་ད་ལྟ་ྋགོང་ས་མཆོག་གི་བཀའ་སློབ་ཕེབས་རྒྱུ་དེ་བཀའ་ཤག་གི་སྲིད་བྱུས་གསལ་བསྒྲགས་གནང་ཚར་བའི་རྗེས་ལ་ཕེབས་པ་ཞིག་རེད་ཅེས་བཀའ་གནང་སོང༌། དེ་དངོས་ཡོད་རེད། ཡིན་ནའང་ྋགོང་ས་མཆོག་གི་བཀའ་སློབ་དེ་དང་འབྲེལ་བའི་ཐོག་ནས་ད་ལྟའི་ཆར་བཀའ་ཤག་གིས་དེའི་ཐོག་ལ་གཟིགས་ཚུལ་གང་འདྲ་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་གཤིས་ཀ་ཐམས་ཅད་ལེགས་བྱང་ཡིན་གྱི་མ་རེད་གསུངས་པ་དེ་དེ་ག་རང་ངོས་འཛིན་ཞུས་ཏེ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ད་གིན་༼ལེགས་བྱང་༽ཞེས་ལབ་པ་དེ་ནོར་བ་རེད། ཕྱིར་འཐེན་ཞུ་རྒྱུ་ཡིན། སྤྱིར་བཏང་དེང་སང་སྐད་ཆ་ཤོད་སྟངས་ལ་ཡག་ཉེས་ཚང་མ་ལ་ Culture ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་འདུག དེས་ངན་ལང་ཤོར་ནས། དཔེར་ན། Culture of War དང༌། Culture of Violence དེ་འདྲ་ལབ་ཀྱི་ཡོད་པ་ཡིན་ཙང༌། གཤིས་ཀ་ངན་པ་དེ་ཚོར་ཡང་ Culture སྟེ་ལེགས་བྱང་ཟེར་གྱི་འདུག ང་རང་སྒེར་གྱི་འདོད་པ་བྱས་པ་ཡིན་ནའང་གཤིས་ཀ་ངན་པ་དེ་ཚོ་ལེགས་བྱང་ཆགས་ཀྱི་མ་རེད་བསམ་གྱི་ཡོད། བྱས་ཙང་ངས་བོད་པའི་གཤིས་ཀ་རེད་ཅེས་ལབ་རྒྱུའི་ཚབ་ཏུ་ཁ་ནོར་ཏེ་༼ལེགས་བྱང་༽རེད་ཅེས་ཐལ་བ་དེ་ཕྱིར་འཐེན་ཞུ་རྒྱུ་ཡིན།
འཕྲོས་དོན་དྲི་བ་གཉིས་པ། ས་ཁང་སྒྲིག་གཞི་གཏན་འབེབས་བྱུང་བ་ཡིན་ན་བཞུགས་སྒར་ལ་ཡོད་པའི་རྙོག་དྲྭ་དེ་ཚོ་སངས་ཐུབ་ཀྱི་རེད་དམ་ཞེས་བཀའ་གནང་སོང༌། དེ་སངས་ཐུབ་ཀྱི་མ་རེད་ཞུ་རྒྱུ་ཡིན། ས་ཁང་སྒྲིག་གཞི་དེ་གཞུང་གིས་ཆེད་འཛུགས་བྱས་པའི་གཞིས་ཆགས་ཁག་གི་ས་ཁང་སྒྲིག་གཞི་རེད་མ་གཏོགས། རྡ་རམ་ས་ལའི་རྙོག་དྲྭ་དེ་ཚོའི་ཐོག་ལ་ས་ཁང་སྒྲིག་གཞི་འདིས་ཁྱབ་ཐུབ་ཀྱི་མ་རེད། རྡ་རམ་ས་ལར་སྒྲིག་འགལ་མི་འདྲ་བ་རིགས་གསུམ་ཙམ་ཞིག་ཡོད། གཞུང་ཞབས་ལས་བྱེད་པ་གཞུང་གི་ལས་ཤག་བགོ་འགྲེམས་སྒྲིག་གཞི་དང་མ་མཐུན་པར་ལས་ཤག་ཉར་བསྡད་པ་དང༌། ཡང་གཞུང་གི་ས་ཁང་གི་ཐོག་སྒེར་གྱིས་བེད་སྤྱོད་བྱས་བསྡད་པ། ཡང་གཞུང་ནས་ཁང་གླའམ་བོགས་མར་ཞུས་པའི་ཁང་པ་རྡོ་ལག་བརྒྱུད་བྱས་ནས་མི་གསུམ་བཞི་ལྔ་དྲུག་ཕར་སླེབས་ཚར་བ་དེ་འདྲའང་ཡོད་རེད། བྱས་ཙང་རྡ་རམ་ས་ལའི་སྒྲིག་འགལ་དེ་ཚོ་ཧ་ཅང་རྙོག་དྲྭ་ཚ་པོ་རེད། ས་ཁང་སྒྲིག་གཞིས་ཁྱབ་ཐུབ་ཀྱི་མ་རེད་ཞུ་རྒྱུ་ཡིན།
ཡང་ྋསྐྱབས་མགོན་རིན་པོ་ཆེས་བཀའ་སློབ་མ་ཕེབས་པའི་སྔོན་ལ་གཞུང་གི་སྲིད་བྱུས་འགྱུར་བ་ཕྱིན་ཟིན་པ་དེ་དངོས་གནས་རེད། ད་ད་ལྟ་གང་འདྲ་ཡིན་ནམ་ཞེས་བཀའ་གནང་སོང༌། སྲིད་བྱུས་དེ་གཏན་ལ་ཕབ་ནས་རྒྱུན་རིང་པོ་ཕྱིན་ཡོད་མ་རེད། ད་ལྟ་མུ་མཐུད་ནས་སྲིད་བྱུས་དེ་བཟུང་གི་ཡོད་མ་གཏོགས་འགྱུར་བ་འགྲོ་མེད།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨