ཕོགས་རིམ་ཚོགས་ཆུང་དང་པོའི་རྒྱབ་གཉེར་རྣམས་ཚུལ་བཞིན་ལག་བསྟར་མ་གནང་བ་ལས་དཀའ་ངལ་ཇི་ཡོང༌།

བཀའ་ཤག་གིས་རྩ་ཕོགས་སྤར་རྒྱུའི་ཐག་གཅོད་མ་གནང་གོང་དུ་སྤྱི་འཐུས་རྒྱུན་ལས་དང་བཀའ་བསྡུར་མ་གནང་བར་ཐད་ཀར་ཐག་གཅོད་གནང་བ་དེ་གྲོས་ཚོགས་ཀྱི་ལམ་སྲོལ་དང་འགལ་ཡོད་རེད། འོན་ཀྱང་བཀའ་ཤག་གིས་གསལ་བསྒྲགས་གནང་གྲུབ་རྗེས་གཞི་ནས་སྤྱི་འཐུས་རྒྱུན་ལས་དང་འབྲེལ་བ་བྱུང་བ་ཡིན་པས། གོང་ཞུས་ལྟར་ཆུས་འཁྱེར་རྐྱལ་རློམ་བྱས་པ་རེད། ཡིན་ནའང་དེ་སྒྲིག་གཞི་དང་མཐུན་པ་དང༌། ལྷག་པར་དུ་བཀའ་ཤག་གི་ཕྱག་ལས་ཐོག་ལ་འགལ་རྐྱེན་མེད་པ་ཞིག་བཟོ་དགོས་ཙང༌། ང་ཚོ་བོད་ཀྱི་གཏམ་དཔེར་ བྱབྱདགེ་བཤེས་རྟས་གཡུག་པ་འདོད་ལགས། བབས་མི་དགོས་པ་ཁེ་བཟང་ཡིན་བྱབྱ ཞེས་པ་ལྟར་གྲོས་ཚོགས་ནང་སླེབས་པ་རེད། རྩ་ཕོགས་བརྒྱ་ཆ་འདི་ཙམ་སྤར་དགོས་པའི་རྒྱུ་མཚན་འདི་ཡིན་ཞེས་གསུང་རྒྱུ་མེད་པ་ཡིན་ཙང༌། སྤྱི་འཐུས་ཚོགས་གཙོས་རལ་གྲི་གནམ་གཡུགས་ཀྱི་ཐག་གཅོད་གནང་འདུག་ཅེས་ཞུས་སྐབས། དེ་ཡིན་པར་ངོས་ལེན་གནང་སོང༌། མང་གཙོའི་སྒྲིག་འཛུཌ་ནང་རལ་གྲི་གནམ་གཡུགས་ཀྱི་ཐག་གཅོད་ཟེར་བ་དེ་ཚིག་རྩུབ་པོ་རེད་དེ། ངས་ཚིག་དེ་བེད་སྤྱོད་བཏང་དགོས་བྱུང༌། ད་ལན་གྱི་ཐག་གཅོད་འདིས་ང་ཚོའི་སྒྲིག་འཛུཌ་ནང་འཁོན་འཁོན་ཐོགས་ཐོགས་གང་དང་གང་དུ་ཡོང་གི་རེད་ཅེས་ཞུས་ན། དང་པོ་གོང་ཞུས་ལྟར་སྲི་ཞུ་ལས་བྱེད་པའི་ཡུལ་ཐང་གུན་གསབ་ཐེངས་གཅིག་གཉིས་ཙམ་ལས་མ་གནང་བས་སྲི་ཞུ་ལས་བྱེད་པར་སྐབས་དུས་སོ་སོར་ཡུལ་ཐང་གུན་གསབ་གྱོང་གུན་ཕོག་པ་མ་ཟད། ད་རེས་ཕོཌ་རིམ་བསྐྱར་བཅོས་གློ་བུར་དུ་ཕྱིན་པས་ཡུལ་ཐང་གུན་གསབ་ཀྱི་དངུལ་འབོར་ཕོགས་རིམ་བསྐྱར་བཅོས་ལ་ཕན་དགོས་པ་དེ་དག་ཡེ་ནས་ཕན་ཐོགས་མ་བྱུང་བའི་གནས་སྟངས་ཀྱི་ཐོག་ནས་སྲི་ཞུ་བ་ཚོར་གྱོང་གུན་ཆེན་པོ་ཕོག་པ་རེད། གཉིས་ནས་ཕོགས་རིམ་ཚོཌ་ཆུང་དང་པོས་བཟོས་པའི་ཕོགས་རིམ་ལག་བསྟར་བྱས་ནས་ལོ་བཞིའི་ནང་ཕོགས་རིམ་འགྱུར་བ་ཕྱིན་པས། མ་འོངས་པ་ལའང་ལོ་བཞི་སོང་མཚམས་སུ་ཕོགས་རིམ་འགྱུར་བ་གཏང་དགོས་རྒྱུར་ལས་བྱེད་པའི་དགོངས་ཚུལ་བྱུང་ན། སྐབས་དེར་ངེས་པར་དུ་གནང་དགོས་རྒྱུའི་གནས་ཚུལ་ཞིག་ཡོང་སྲིད་པ་རེད། ཡིན་ནའང་ད་རེས་སྟབས་བདེ་བྱས་ནས་ཕོགས་རིམ་གྱི་འགྲོ་སྟངས་དེ་ཕོགས་རིམ་ཚོགས་ཆུང་དང་པོའི་སྒྲོམ་གཞི་གང་ཡོད་དེར་འགྱུར་བ་ཡེ་ནས་བཏང་ཡོད་མ་རེད། ལོ་བཅུ་བྱས་པ་དེ་ལོ་བཅུ་དང༌། ཉི་ཤུ་རྩ་གཅིག་བྱས་པ་ལོ་ཉི་ཤུ་རྩ་གཅིག ལོ་བཅུ་བཞི་བྱས་པ་ལོ་བཅུ་བཞི་རང་སོར་བྱས་ཤིང༌། འཇོན་ཐང་གི་ས་མཚམས་གང་དུ་ཡོད་པ་དེ་དག་རང་སོར་བཞག དེ་ནས་ལོ་རེའི་ཕོགས་འཕར་དེ་རྩ་ཕོགས་ལ་བརྒྱ་ཆ་ག་ཚོད་སྤར་བ་དང་མཐུན་པ་བརྒྱ་ཆ་སྤར་ནས་བཟོས་པ་རེད། དེ་ཡིན་ཙང་རྩ་བའི་སྒྲོམ་གཞི་ཕོགས་རིམ་ཚོགས་ཆུང་དང་པོས་སྒྲོམ་གཞི་གང་བཟོས་པ་དེར་གནས་ཡོད་རེད། དཔེར་ན་པར་སྒྲོམ་ལྟ་བུར་མཚོན་ན་ཕྱིའི་པར་སྒྲོམ་རང་སོར་གནས་ཡོད་ཀྱང་དེའི་ནང་དུ་འཇུག་རྒྱུའི་པར་དེ་བརྗེས་པ་ལྟ་བུ་རེད། པར་གསར་པ་དེ་དེང་རབས་ཀྱི་རི་མོ་Modern Artཟེར་བ་དེ་ཡིན་པས་ཕྱོགས་གང་ནས་གཟིགས་ཀྱང་འགྲིག་པ་རེད། ཚོགས་གཙོས་གྲོས་ཚོགས་ཀྱི་ལས་རིམ་ནང་བཀའ་ཤག་ལ་དམིགས་ཀྱིས་བཀར་ཏེ་ལམ་སྟོན་གསལ་འདེབས་ཞུ་དགོས་པ་ཞིག་ལ། ད་ལྟ་གཏན་ལ་ཕབ་པའི་ཕོགས་རིམ་གསར་པ་འདི་ད་ཡོད་ལས་བྱེད་ཚོར་དངོས་སུ་གནང་སྐབས་ཕོགས་མཚམས་གཏན་འབེབས་བྱ་རྒྱུའི་ལས་དོན་དེ་ཡང་དག་པ་ཞིག་མ་གནང་ན་ནོར་འཁྲུལ་མང་པོ་འགྲོ་སྲིད་པ་རེད། དེ་ཧ་བི་ཧོ་བི་གནང་ཚེ་དྲུང་ཆེ་བྱས་ནས་ལོ་བཅུ་ཕྱིན་པ་ཞིག་དང༌། དྲུང་ཆེ་བྱས་ནས་ཟླ་བ་གཅིག་ཕྱིན་པ་གཉིས་ཀྱི་ཕོགས་ཐོབ་གཅིག་པ་ཆགས་རྒྱུའི་ཉེན་ཁ་ཡོད། དེ་ནས་གང་ཟག་བྱེ་བྲག་པ་སོ་སོར་ཕོགས་མཚམས་གཏན་འབེབས་བྱེད་ཕྱོགས་དེ་ངེས་པར་དུ་ལམ་དང་མཐུན་པ་ཞིག་གནང་དགོས་རྒྱུ་ཐུགས་གལ་ཆེན་པོ་རེད། དེ་མ་བྱུང་ན་ལས་བྱེད་འགའ་ཤས་ལ་ཐོབ་ཐང་མེད་པའི་ཁེ་བཟང་དང༌། འགའ་ཤས་ལ་ཐོབ་ཐང་ཡོད་ཀྱང་གྱོང་གུན་ཕོག་སྲིད་པ་རེད། དོན་གནད་གཉིས་པ་ཞིག་ལ། ད་རེས་བཀའ་ཤག་གི་གྲོས་འཆར་འདིའི་ཐོག་ཕོགས་རིམ་གསར་པ་བཀའ་ཁྲོལ་གནང་ཟིན་ཡང༌། ཡུལ་ཐང་གུན་གསབ་མ་སྤར་ནའང་འགྲིག་རྒྱུའི་ཚོགས་དུས་སྔོན་མའི་གྲོས་ཆོད་དེ་འགྱུར་བ་མ་ཕྱིན་པར་བསྡད་ཡོད། ད་ལྟ་ཕོགས་རིམ་གསར་པ་འདིའི་ཐོག་ཟླ་ཤས་སམ་ལོ་ཤས་ཀྱི་རྗེས་སུ་ལས་བྱེད་པ་ཚོར་ཡུལ་ཐང་དང་བསྟུན་པའི་ཕོགས་ལྡེང་གི་མེད་པའི་བསམ་ཚུལ་ཞིག་བྱུང་བ་ཡིན་ན། དེའི་སྐབས་སུ་ཡུལ་ཐང་གུན་གསབ་སྤར་ཕྱོགས་ཇི་ཡིན་དེ་རིང་གི་གྲོས་འཆར་ནང་གང་ཡང་གསལ་མེད་པ་ཚང་མས་མཁྱེན་གསལ་ཡིན་ཡང༌། བསྐྱར་ནན་གྱི་ཚུལ་དུ་ཞུས་པ་ཡིན། དངོས་ཡོད་བྱས་ན་ཆེ་ཆུང་ལ་མ་ལྟོས་པར་ལོ་རེའམ་ཟླ་དྲུག་གང་རུང་ལ་ཡུལ་ཐང་གུན་གསབ་སྤར་སྲོལ་ཞིག་ཕོགས་རིམ་འདི་མཉམ་བཟོས་ཡོད་ན་ཡན་ལག་ཚང་བ་ཞིག་ཡོང་རྒྱུ་རེད་དེ། དེ་བྱུང་མེད་པ་དེ་མཁྱེན་དགོས་པ་ཞིག་རེད། ཕོགས་རིམ་བསྐྱར་བཅོས་འདི་ལ་བརྟེན་ནས་ད་ལྟ་འཕྲལ་དུ་འགུལ་བསྐྱོད་ཐེབས་དགོས་པ་ཞིག་ནི་སྤྱི་འཐུས་རྣམ་པའི་ལས་དོད་དང༌། རང་དབང་སྡེ་ཚན་ཁག་གི་འགན་འཛིན་དང༌། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་རྣམ་པའི་གསོལ་ཕོགས། ཚོགས་གཙོ་བགྲེས་གཞོན་གྱི་ལས་དོད་བཅས་རེད། དེའི་ཆེད་དུ་རྒྱུན་ལས་ནས་གོ་སྒྲིག་གིས་བཀའ་ཤག་གི་རྒྱབ་གཉེར་ཞུས་ཏེ་རྒྱབ་གཉེར་ཐོབ་ན་སང་ཉིན་གྲོས་ཚོགས་ནང་འབུལ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥