ཕོགས་རིམ་བསྐྱར་བཅོས་ཀྱི་གྲོས་འཆར་དེའི་རྒྱབ་ལྗོངས་སྐོར།

སྤྱིར་བཏང་ད་ལྟ་བཀུར་འོས་སྤྱི་འཐུས་ཤིག་གིས་དགག་བྱ་གནང་བ་དེ་གྲོས་ཚོགས་ཀྱི་ལུགས་དང་མཐུན་པའི་དགག་བྱ་ཡིན་པར་བརྟེན་ཚད་དང་ལྡན་པའི་ལན་འདེབས་དཀའ། ཡིན་ཡང་སྐབས་རེ་ བྱབྱཆུས་འཁྱེར་རྐྱལ་རློམ་བྱབྱ ཞེས་པ་ལྟར་གྲོས་ཚོགས་ནང་འཁྱེར་ཡོང་བ་དེ་བསྐྱལ་བ་ཡིན་མདོག་བྱས་པ་ཡིན། གྲོས་ཚོགས་ཀྱི་དགོངས་དོན་ཚང་མས་མཁྱེན་གསལ་ལྟར། ཕོགས་རིམ་ཚོགས་ཆུང་གི་རྒྱབ་གཉེར་གཏན་འབེབས་མཛད་པ་དེ་ལོ་བཅུའི་བར་གནས་ཆོག་པ་དང༌། སྲི་ཞུ་བ་ལས་བྱེད་ཚོར་སྐུ་ངལ་མི་ཡོང་བའི་ཆེད་ཟླ་བ་དྲུག་རེའི་མཚམས་སུ་ཡུལ་ཐང་གུན་གསབ་གནང་དགོས་པ་དེ་ཐག་གཅོད་ཡིན། ཕོགས་རིམ་ཚོགས་ཆུང་དང་པོའི་རྒྱབ་གཉེར་གྱི་ཐོག་གྲོས་ཚོགས་ཀྱིས་ཐག་གཅོད་གནང་རྒྱུའི་སྙིང་དོན་ནི། ཡུལ་ཐང་གུན་གསབ་དེ་ཟླ་དྲུག་རེའི་མཚམས་ཡུལ་ཐང་གི་རེའུ་མིག་འཕར་ཆ་དང་བསྟུན་ཏེ་སྤར་དགོས་རྒྱུ་དང༌། ཆག་ན་བཅག་དགོས་པ་དེ་ཡིན། ཡུལ་ཐང་གུན་གསབ་གྲོས་ཚོགས་ཀྱི་དགོངས་བཞེད་ལྟར་སྲི་ཞུ་བར་གནང་ཐུབ་མེད། དེ་གནང་མ་ཐུབ་པས་ཁྲིམས་འགལ་རེད་ཅེས་ཞུས་པ་རེད། དེ་སྐབས་བཀའ་ཤག་གིས་དཔལ་འབྱོར་ལྡེང་མིན་དབང་གིས་ཡུལ་ཐང་གུན་གསབ་མུ་མཐུད་དེ་གནང་ཐུབ་ཀྱི་མི་འདུག སྐབས་སྐབས་སུ་ཡུལ་དུས་དང་དཔལ་འབྱོར་ལ་བསྟུན་ཏེ་གནང་ཆོག་པའི་བཀའ་ཁྲོལ་གྲོས་ཚོགས་སུ་འདས་པའི་ཚོགས་དུས་ལྔ་པའི་སྐབས་ཞུས་ཏེ་གྲོས་ཆོད་བཞག དེ་ལ་བརྟེན་ནས་ལས་བྱེད་ཚོར་ཡུལ་ཐང་གུན་གསབ་མ་ཐོབ་པའི་སྐུ་ངལ་དེ་དངོས་ཡོད་ཅིག་ཡིན་ཡང་སེལ་མ་ཐུབ་པ་ལུས། ཉེ་ཆར་གློ་བུར་དུ་བཀའ་ཤག་གིས་རྩ་ཕོགས་སྤར་རྒྱུའི་ཐག་ཆོད་ཅིག་རལ་གྲི་གནམ་གཡུགས་ཀྱིས་གནང་འདུག་པར་བཀའ་བློན་རྣམས་ཚོགས་གཙོའི་ལས་ཁུངས་སུ་གདན་ཞུས་ཀྱིས་བཀའ་ཤག་གི་ཐག་གཅོད་དེ་རལ་གྲིའི་གནམ་གཡུགས་རེད་འདུག་ཅེས་ཞུ་རྒྱུ་བྱུང་ལ། བཀའ་བློན་རྣམ་པས་ཀྱང་དེ་ལྟར་ངོས་ལེན་གནང་སོང༌། དེ་སྔ་ཕུལ་ཟིན་པའི་ཡུལ་ཐང་གུན་གསབ་བརྒྱ་ཆ་ ༤༢ ཐོག་རང་འཚམས་བརྒྱ་ཆ་ ༡༨ བསྣན་ཏེ་ཁྱོན་བརྒྱ་ཆ་ ༦༠ ཐམ་པའི་རྩ་ཕོགས་སྤར་ཆ་ཞིག་གནང་རྒྱུའི་གསལ་བསྒྲགས་གནང་ཟིན་འདུག་པ་དེར་ཚོགས་གཙོས་གྲོས་ཚོགས་ནས་བཀའ་ཁྲོལ་མ་ཞུས་པར་གསལ་བསྒྲགས་གནང་བ་དེ་ལུགས་མཐུན་མིན་ལུགས་ཞུས་པར་བརྟེན། གསལ་བསྒྲགས་དེ་རྩིས་མེད་ཡིན་ཞེས་ཡང་བསྐྱར་གསལ་བསྒྲགས་གནང་དགོས་བྱུང་ཡོད། བཀའ་ཤག་གི་ཐག་གཅོད་བརྒྱ་ཆ་ ༦༠ དེ་འགྱུར་བ་བཏང་མི་དགོས་པའི་ཐོག་ཕོགས་རིམ་ཕྲན་བུའི་ཚུལ་དང་མཐུན་པ་ཞིག་ཡོང་བའི་ཆེད་དུ་ད་ལྟ་ཕུལ་བའི་ཕོགས་རིམ་དེ་འདྲ་ཞིག་བཟོས་ན་ཞེས་བཀའ་བསྡུར་ཞུས་ཏེ་གྲོས་ཚོགས་ནང་བཀའ་ཁྲོལ་ཞུ་རྒྱུའི་ཆེད་གྲོས་འཆར་འབུལ་དུ་བཅུག་པ་ཡིན། བཀའ་ཤག་གི་ཐག་གཅོད་དེ་ལ་ཚོགས་གཙོས་མཐའ་གཅིག་ཏུ་དགག་བྱ་མ་ཞུས་པར་གྲོས་ཚོགས་ནང་འཁྱེར་ཡོང་བའི་རྒྱུ་མཚན་གཞན་ཞིག་ནི་སྤྱིར་བཏང་ཕོགས་རིམ་ཚོགས་ཆུང་བཙུག་རྒྱུ་དང༌། ཕོགས་རིམ་ཚོགས་ཆུང་གི་སྙན་ཐོ་ངོས་ལེན་གནང་དང་མི་གནང་བཅས་དངོས་དོན་བྱས་ན་འཛིན་སྐྱོང་གི་ལས་དོན་ཞིག་ཡིན་པ་མ་གཏོགས་གྲོས་ཚོགས་ནང་འཁྱེར་ཡོང་དགོས་དོན་མེད། གྲོས་ཚོགས་སུ་དངུལ་འབོར་བཀའ་ཁྲོལ་ལོ་འཁོར་སྔོན་རྩིས་སམ་བསྐྱར་བཅོས་སྔོན་རྩིས་སྐབས་ཞུས་ན་འགྲིགས་ཀྱི་ཡོད། ཡིན་ནའང་ད་རེས་གསོལ་ཕོགས་སྤར་རྒྱུའི་འཆར་གཞི་དེ་གྲོས་ཚོགས་ནང་སླེབས་དགོས་དོན་ནི་དེ་སྔོན་ཕོགས་རིམ་ཚོགས་ཆུང་འཛིན་སྐྱོང་ནས་བཙུགས་མ་ཐུབ་པར་མཐའ་མ་གྲོས་ཚོགས་ནས་བཙུག་དགོས་བྱུང་བ་དང༌། དེའི་སྙན་ཞུ་གྲོས་ཚོགས་སུ་ཕུལ་བ་དོན་ཚན་ ༡༧ མ་གཏོགས་ངོས་འཛིན་གནང་རྒྱུ་བཀའ་ཤག་གིས་ཁས་ལེན་གནང་བ་ལྟར་གྲོས་ཚོགས་ནས་གཏན་ལ་ཕབ་པར་བརྟེན། ཕོགས་རིམ་ཚོགས་ཆུང་དང་པོའི་སྙན་ཞུའི་ནང་གསལ་བའི་དོན་གནད་རྣམས་ག་དུས་བསྒྱུར་བཅོས་གཏོང་དགོས་བྱུང་ཡང༌། གྲོས་ཚོགས་སུ་མ་ཞུས་ཐབས་མེད་ཡིན་སྟབས་གྲོས་ཚོགས་སུ་སླེབས་ཚུལ་དེ་འདྲ་ཡིན། ཕོགས་རིམ་ཚོགས་ཆུང་དང་པོའི་སྙན་ཞུ་ནང་གསལ་ལྟར་གྱི་ཡུལ་ཐང་གུན་གསབ་མ་གནང་བར་བརྟེན། སྲི་ཞུ་བར་གྱོང་གུན་རྣམས་གཏན་འཇགས་ཀྱི་གྱོང་གུན་ཞིག་ཏུ་གྱུར་ཡོད། དེ་བཞིན་སྲི་ཞུ་བ་ད་ལྟའི་ཕོགས་རིམ་ནང་ཡོད་པ་རྣམས་ཕོགས་རིམ་ངེས་ཅན་ཞིག་གི་ཉེ་འགྲམ་དུ་མ་སླེབས་པའི་སྔོན་ནས་ཕོགས་རིམ་འགྱུར་བ་ཕྱིན་པར་བརྟེན། སྲི་ཞུ་བ་རྒན་གྲས་མང་པོར་གྱོང་གུན་བྱུང་བ་དང༌། གསར་པ་མང་པོར་དམིགས་བསལ་ཁེ་བཟང་ཐོབ་པའི་གནས་ཚུལ་ཞིག་ཆགས་ཡོད། ད་རེས་ཕོགས་རིམ་བསྐྱར་བཅོས་ཀྱི་གྲོས་འཆར་འདི་སྤྱིར་བཏང་འཛིན་སྐྱོང་གིས་ཐག་གཅོད་གནང་ཆོག་པའི་ལས་དོན་ཞིག་ལས་རིམ་འགྲོ་སྟངས་ཤིག་གི་ཆ་ནས་གྲོས་ཚོགས་སུ་སླེབས་པར་བརྟེན་མ་བལྟས་པར་བཏང་བ་ཡིན། འདི་ནི་གྲོས་ཆོད་གྲོས་འཆར་ལྟ་བུ་ཞིག་ཡིན་པས་ངོས་ནས་ཐོག་མར་ བྱབྱཁྲིམས་འཆར་དང་འདྲ་བ་ཞིག་ཡིན་བྱབྱ ཞེས་བརྗོད་དགོས་དོན་ཡང་དེ་ལྟར་ཡིན། སྤྱི་འཐུས་ཀྱིས་གཏན་ལ་ཕབ་པའི་ཡིག་ཆ་ཞིག་ལ་འགྱུར་བ་གཏོང་དགོས་སྟབས། གྲོས་ཚོགས་ནང་མ་སླེབས་ཐབས་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད་པས། དེ་ལ་བརྟེན་ནས་ཚོགས་གཙོ་གཉིས་ཀྱི་ངོས་ནས་ད་ལྟ་གྲོས་ཚོགས་ནང་གྲོས་འཆར་གཏང་ཆོག་རྒྱུའི་བཀའ་ཁྲོལ་འབུལ་སྟངས་དེ་འདྲ་ཡིན། དེར་བརྟེན་ལས་རིམ་རྣམ་གཞག་གི་དགག་བྱ་དེར་ངོས་ལེན་ཞུ་རྒྱུ་མིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༨/༠༩/༡༦ ་་་ ༡༩༩༨/༠༩/༢༥