པགས་རིགས་བེད་སྤྱོད་མི་ཆོག་པའི་གྲོས་འཆར་ཐོག་གསལ་བཤད།

སྤྱི་འཐུས་སྒེར་གྱི་གྲོས་འཆར་གྱི་ཐོག་གཏམ་བཤད་ཞུ་རྒྱུའི་འདུན་པ་མེད་ནའང་དེའི་ཐོག་རྒྱུན་རིང་པོ་བགྲོ་གླེང་གནང་བ་ཡིན་ཙང་ད་ཆ་ཆ་ཤས་ལེན་རྒྱུའི་འདུན་པ་ཞིག་སླེབས་སོང༌། གྲོས་ཆོད་གྲོས་འཆར་ལ་དགག་བྱའམ་རྒྱབ་སྐྱོར་ཞུ་རྒྱུའི་ཆེད་དུ་གང་ཡང་མིན། འོན་ཀྱང་གྲོས་ཚོགས་ཀྱིས་མཁྱེན་རྟོགས་ཀྱི་ཆེད་དུ་གནས་ཚུལ་ཁ་ཤས་ཤིག་ཞུས་ན་བསམ་པ་བྱུང༌། བོད་ནང་གི་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཞིག་ཡོད་པ་ངས་འགྲེལ་བཤད་ཞུ་མ་དགོས་པར་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་ཙང་བར་སྐབས་ཤིག་ནས་བོད་ནང་ཡོད་པའི་བོད་རིགས་མཁྱེན་ལྡན་རྣམ་པ་དང་བཙན་བྱོལ་བའི་འགོ་ཁྲིད་ཚོས་ལས་འགུལ་གང་མང་ཞིག་ཆབ་སྲིད་དང་འབྲེལ་བ་མེད་པའི་ཐོག་ནས་བོད་ནང་སྤེལ་ཐུབ་པ་བྱུང་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད་རེད། དེ་འདྲའི་ཐབས་ཤེས་གནང་མཁན་གང་འཚམས་བྱུང་ཡོད་པ་མ་ཟད། གྲུབ་འབྲས་ཐོན་པའང་མང་པོ་བྱུང་འདུག ཡིན་ནའང་བོད་ནང་འགུལ་བསྐྱོད་ཅིག་བརྒྱབས་པ་དང་བཙན་བྱོལ་ནང་དེ་ལ་ངོས་ལེན་བྱེད་སྟངས་ཀྱི་ཐོག་ནས་ལས་འགུལ་ཚང་མ་སྲིད་དོན་ལ་ཆགས་འགྲོ་བ་ཞིག་ཡང་ཡང་ཡོང་གི་འདུག དེ་ང་ཚོའི་དཀའ་ངལ་ཞིག་རེད། གནད་དོན་དེ་གྲོས་ཚོགས་ཀྱིས་མ་མཁྱེན་པ་ཡིན་གྱི་མ་རེད། ཡིན་ནའང་གྲོས་ཚོགས་ལ་དེའི་སྐོར་ཐུགས་སྣང་མ་བྱུང་བ་ཡིན་ན་ངེས་པར་དུ་ཐུགས་སྣང་གནང་དགོས་པ་ཞིག་རེད་འདུག་ཅེས་ཞུ་འདོད་བྱུང༌།

ཨམ་རཱ་ཝ་ཏཱིར་ྋགོང་ས་མཆོག་གིས་བོད་ནང་གཅན་གཟན་པགས་རིགས་ཀྱི་རྒྱན་ཆས་རྒྱས་སྤྲོས་བྱེད་རྒྱུ་ཡག་པོ་མིན་པའི་སྐོར་བཀའ་སློབ་གནང་བའི་རྗེས་བོད་ནང་གསུང་ཆོས་སུ་ཕེབས་པའི་མཁན་པོ་བླ་སྤྲུལ་དང་གནད་ཡོད་མི་སྣ་མང་པོ་ཞིག་ཚོགས་འཛོམས་གནང་ནས་ཁོ་རང་ཚོ་ཕར་མ་ཕེབས་གོང་ལས་འགུལ་ཞིག་འཆར་གཞི་བསྒྲིགས་ཏེ་ྋགོང་ས་མཆོག་ལ་སྙན་གསན་ཞུ་རྒྱུ་སོགས་བང་བསྒྲིགས་གནང་བ་རེད། ཡིན་ནའང་མཐའ་མ་དགོངས་ཚུལ་དེ་ཚོ་ཕྱག་བསྟར་གནང་ཐུབ་མ་སོང༌། གང་ལགས་ཟེར་ན་ཁོང་ཚོར་རོགས་སྐྱོར་གནང་མཁན་གྱི་བཙན་བྱོལ་བོད་མི་ཚོའི་ངོས་ནས་བཀའ་མོལ་གནང་ཕྱོགས་དང་ཡིག་ཆ་བཟོ་ཕྱོགས་སོགས་གང་གི་ཐད་ནས་སྲིད་དོན་དང་འབྲེལ་བ་ཞིག་བཟོས་གནང་བ་དེའི་དབང་གིས་རེད། ཁོང་ཚོ་བོད་ལ་ཕྱིར་ལོག་གནང་ཟིན་ནས་ཕྱག་ལས་གཞི་རྒྱ་ཆེན་པོ་ག་ཚོད་གནང་ཡོད་པ་ཚང་མས་མཁྱེན་གསལ་རེད། ཡིན་ནའང་དེ་འདྲའི་ལས་འགུལ་གནང་མཁན་ཚོར་དེང་སང་རྒྱ་ནག་དབང་འཛིན་པ་ཚོས་ཁ་བྲལ་རིང་ལུགས་དང༌། སྲིད་དོན་དང་འབྲེལ་བ་ཡོད་པའི་བསྙད་བཏགས་ནས་འགོག་རྐྱེན་བཟོས་ཀྱི་ཡོད་པ་རེད། དེ་འདྲའི་བསྙད་འདོགས་བྱ་ས་ཡོད་པ་ཞིག་ད་དུང་བཙན་བྱོལ་བའི་ངོས་ནས་བཟོས་ན་འགྲིགས་ཀྱི་རེད་དམ་མ་རེད། སྲིད་དོན་གྱི་བསྙད་འདོགས་བྱ་ས་མེད་པའི་ལས་འགུལ་གང་ཐུབ་ཅིག་བོད་ནང་གནང་ཐུབ་པའི་ཆེད་དུ་བཙན་བྱོལ་བས་མཐུན་འགྱུར་ཞུས་དགོས་ཀྱི་རེད་དམ་མ་རེད། དེ་ཚོ་གྲོས་ཚོགས་ཀྱིས་དགོངས་པ་བཞེས་ཐུབ་པ་ཞིག་དགོས་ཀྱི་མ་རེད་དམ་ཞེས་ཞུ་འདོད་བྱུང༌།
གནད་དོན་གཉིས་པ་གྲོས་ཚོགས་ནང་ནམ་རྒྱུན་ཡིག་ཆ་ག་འདྲ་ཞིག་ཡིན་ཡང་ཚད་ལྡན་ཞིག་དགོས་ཀྱི་ཡོད་པ་བཀུར་འོས་འཐུས་མི་ཚོས་ཡང་ཡང་གསུང་གི་ཡོད་རེད། བོད་སྐད་ལ་སྦྱངས་པ་ཆེན་པོ་མེད་མཁན་ཚོར་གོ་ནོར་མི་ཐེབས་པ་དང་གོ་བདེ་པོ་ཞིག་དགོས་ཀྱི་རེད་བསམ་གྱི་ཡོད། གྲོས་འཆར་འདི་ཐོག་མ་ཀློག་དུས་ང་རང་ཡང་གོ་ནོར་ཐེབས་སོང༌། འཚེ་བའི་རིགས་སུ་གཏོགས་པའི་གཅན་གཟན་གྱི་ལྤགས་རིགས་ཞེས་ཧོབ་སྟེ་ཀློག་དུས་འཚེ་བའི་རིགས་སུ་གཏོགས་པའི་གཅན་གཟན་ག་འདྲ་ཞིག་ཡོད་དམ་བསམ་པ་བྱུང༌། བསྐྱར་ལྡབ་ཡང་ལྡབ་ཀྱིས་ཀློག་དུས་འཚེ་བའི་རིགས་སུ་གཏོགས་པ་ཞེས་ཡར་བཅད། གཅན་གཟན་གྱི་པགས་རིགས་ཞེས་མར་བཅད་ནས་ཀློག་དགོས་ཀྱི་ཡོད་ས་རེད། དེ་མཚུངས་དུས་དང་རྣམ་པར་ཀུན་ཏུ་ཞེས་པ་ལྟ་བུ་འབྲི་སྲོལ་གསར་པ་ཞིག་ཀྱང་བྱུང་འདུག་པ་ལྟ་བུ་ཡིག་ནོར་ཡང་མི་ཉུང་བ་ཞིག་འདུག གང་ལྟར་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་གྲོས་ཚོགས་སུ་མ་བཀྲམས་གོང་ཞིབ་འཇུག་ནན་པོ་གནང་དགོས་པ་གལ་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༦།༣།༡༦ ནས་ ༢༠༠༦།༣།༢༩