དྷ་སའི་གནས་བབ་ཡར་རྒྱས་གཏོང་རྒྱུ་སོགས་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༄༅། །བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐེངས་ ༢ པའི་སྐབས་བཀའ་ཤག་གི་གསལ་བཤད་ཀྱི་ནང་གསེས་ནང་སྲིད་སྐོར་གྱི་ནང་གསེས་ ༦ ནང་དྷ་ས་བཞུགས་སྒར་གྱི་གནས་བབས་ཡར་རྒྱས་གཏོང་སླད་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལམ་དང༌། ཡུལ་མིའི་མཐུན་རྐྱེན་གཞན་དག་འདེང་ངེས་བཟོ་སླད་དྷ་ས་འཛུགས་བསྐྲུན་གྱི་ལས་འཆར་ཞིག་རྒྱ་གར་དབུས་སའི་གཞུང་དང༌།རོགས་ཚོགས་གཞན་བརྒྱུད་སྒྲུབ་ཐབས་སྐོར་བསམ་ཞིབ་བྱ་རྒྱུ་ཞེས་པ་དེའི་སྐོར་ལོ་མང་ནས་བོད་གཞུང་གི་ཐུགས་འཚབ་དང༌། ལྷག་དོན་དུ་ ༩༤ ལོར་ཡུལ་མིའི་མཉམ་འགལ་རྐྱེན་བྱུང་སྐབས་ལའང་ཡུལ་མི་ནས་སྐྱོན་འཛུགས་ཤུགས་ཆེ་བྱུང་ཡོད་པ་དངོས་འབྲེལ་གྱི་དཀའ་ངལ་ཡིན་པར་བཀའ་འདྲི་ཞུ་རྒྱུར།

༡ དྷ་སར་ཉིན་རེ་བཞིན་མི་འབོར་གྲངས་འཕར་འགྲོ་གི་ཡོད་པ་བོད་མི་སྤྱི་སྒེར་གཉིས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དེའི་ཐད་ག་རེ་གནང་ཡོད་དང༌། ལྷག་དོན་བོད་ནས་ཕེབས་པ་རྣམས་དང་རྒྱ་གར་ནང་འཚར་ལོངས་བྱས་པ་གཞིས་ཆགས་མ་ཐོབ་པ་རྣམས་ལ་བོད་གཞུང་ནས་ལྟ་སྐྱོང་གནང་རྒྱུའི་འཆར་གཞི་ག་རེ་ཡོད་དམ།
༢ གལ་སྲིད་འཆར་གཞི་ཡོད་ན་ལོ་ངོ་གང་ཙམ་ནང་བསྒྲུབ་འཆར་ཡོད། མེད་ཚེ་རྒྱུ་མཚན་ཇི་ཆགས།
༣ དེ་བཞིན་ཡུལ་མིའི་མཐུན་རྐྱེན་གཞན་དག་འདེང་ངེས་བཟོ་སླད་དྷ་ས་འཛུགས་བསྐྲུན་གྱི་ལས་འཆར་ཞིག་རྒྱ་གར་དབུས་སའི་གཞུང་དང༌། རོགས་ཚོགས་གཞན་བརྒྱུད་སྒྲུབ་ཐབས་སྐོར་བསམ་ཞིབ་བྱ་རྒྱུ་ཞེས་པ་བསམ་ཞིབ་གནང་ནས་འཆར་གཞི་སྒྲུབ་ཡོད་དང་མེད། ཡོད་ན་ད་ལྟའི་སྐབས་གནས་སྟངས་ཇི་ཆགས་བཅས་ཐོག་གསལ་བཤད་གནང་སྐྱོང་ཡོང་བ་ཞུ།

བཀའ་ལན།
༡ཀ རྡ་སར་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལམ་བསམ་ཞིབ་བྱས་རུང་ལག་བསྟར་ཐུབ་པའི་ཐབས་ལམ་གང་ཡང་མ་རྙེད་པས་ད་བར་ལས་འཆར་གང་ཡང་ཞུས་མེད།
ཁ བོད་ནས་གསར་འབྱོར་དང་གཞིས་ཆགས་མ་ཐོབ་པ་རྣམས་ལ་ཤེས་ཡོན་དང་སྦྱོང་བརྡར། འཚོ་ཐབས་ལས་རིགས་ལམ་སྟོན་དང་རོགས་སྐྱོར་གྱི་འཆར་གཞི་ཡོད་མུས་ཁག་ལས་འཆར་གཞི་གསར་པ་མེད།
༢ རྒྱ་གར་ནང་བོད་མི་གཞིས་ཆགས་གསར་འཛུགས་ཀྱི་ལས་རིམ་མཇུག་བསྡོམས་ཟིན་ཏེ་ད་ཆ་གཞིས་ཆགས་གསར་འཛུགས་ཡོང་ཐབས་མེད་པའི་རྒྱུ་མཚན་གྱིས་ཡིན།
༣ རྡ་སར་འཛུགས་སྐྲུན་གྱི་ལས་འཆར་བསམ་ཞིབ་དང་འགོ་འཛུགས་ཞུས་རུང་ལམ་ལྷོང་མ་བྱུང་བས་ད་ལྟ་ལས་གཞི་དེ་དོར་ཟིན་པ་ཡིན་ཞུ་རྒྱུ་བཅས།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
འཕྲོ་དོན་དྲི་བ་ཞུ་རྒྱུ་ཁག་གཉིས་ཡོད། དང་པོ། དང་པོའི་ནང་གསེས་ཁ་པ་དེའི་ཐོག་ལ་བཀའ་འདྲི་ཞུ་རྒྱུ་ཡིན། དེའི་ནང་ལ་བོད་ནས་གསར་འབྱོར་དང་གཞིས་ཆགས་མ་ཐོབ་པ་རྣམས་ལ་ཤེས་ཡོན་དང་སྦྱོར་བརྡར་འཚོ་ཐབས་ལས་རིགས་ལམ་སྟོན་དང་རོགས་སྐྱོར་གྱི་འཆར་གཞི་ཡོད་མུས་ཁག་ལས་འཆར་གཞི་གསར་པ་མེད་ཅེས་གསུངས་འདུག བྱས་ཙང་ངས་དྲི་བ་ཞུ་རྒྱུ་ལ། ད་ལྟའི་མཐུན་རྐྱེན་ཡོད་བསྡད་པ་དེ་བོད་མི་བསྡད་སའི་དཀའ་ངལ་ཡོད་པ་དང༌། བོད་ནས་ཕེབས་པ་ཚོའི་སྡོད་སའི་དཀའ་ངལ་སེལ་ཐུབ་ཀྱི་རེད་དམ་མ་རེད། གོང་གི་མཐུན་རྐྱེན་དེ་དག་གིས་བཀའ་ཤག་ནས་བོད་མི་ཁ་འཐོར་མི་འགྲོ་བ་དང་ཁ་ཐོར་བ་ཚོ་མཉམ་རུབ་བྱ་རྒྱུའི་དགོངས་བཞེད་སྲིད་བྱུས་དེ་ལག་བསྟར་ཐུབ་པར་དོན་དག་སྒྲུབ་ཐུབ་ཀྱི་རེད་མ་རེད།
དྲིས་ལན་གསུམ་པ་དེར་རྡ་སར་འཛུགས་སྐྲུན་གྱི་ལས་འཆར་བསམ་ཞིབ་དང་འགོ་འཛུགས་ཞུས་རུང་ལམ་ལྷོང་མ་བྱུང་བས་ཞེས་གསུངས་འདུག་པས་ལམ་ལྷོང་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་ག་རེ་ཡིན་མིན་བཀའ་གསལ་གནང་རོགས་གནང༌།

བཀའ་ལན།
འཕྲོས་དོན་དྲི་བའི་ལན་ཞུ་རྒྱུ་ལ། བོད་ནས་གསར་འབྱོར་གཞིས་ཆགས་མ་ཐོབ་པ་ཚོ་ལ་ཤེས་ཡོན་དང་ལས་རིགས་ལམ་སྟོན་གྱི་ལས་གཞི་དེ་ཚོའི་ཐོག་ནས་ཁོ་ཚོའི་དཀའ་ངལ་སེལ་ཐུབ་ཀྱི་རེད་དམ། ལྷག་པར་དུ་སྡོད་ས་མེད་པའི་དཀའ་ངལ་དེ་སེལ་ཐུབ་ཀྱི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། གྲོས་ཚོགས་ཀྱིས་མཁྱེན་གསལ་ལྟར་བཙན་བྱོལ་གཞུང་གིས་ལོ་བཅོ་ལྔ་ཙམ་གྱི་སྔོན་ནས་བོད་ནས་གསར་འབྱོར་བ་སློབ་ལོ་མ་བརྒལ་བ་ཡིན་ན་སློབ་གྲྭར་བཅུག་རྒྱུ་དང༌། སློབ་ལོ་བརྒལ་ཚེ་དུས་ཚོད་ངེས་ཅན་རིང་སློབ་སྦྱོང་སྤྲད་དེ་གང་ཐུབ་ཐུབ་ཀྱིས་བོད་ལ་ཕྱིར་ལོག་གཏོང་རྒྱུའི་སྲིད་བྱུས་ཤིག་གཏན་འབེབས་བྱས་འདུག བྱས་ཙང་ཁོང་ཚོ་གཞིས་ཆགས་དང་གཏན་སྡོད་ཀྱི་མཐུན་རྐྱེན་བསྐྲུན་རྒྱུ་དེ་སྔོན་མ་ནས་གཞུང་གི་སྲིད་བྱུས་ལ་མེད་པ་ཞིག་རེད་འདུག གལ་སྲིད་སྲིད་བྱུས་དེ་ལ་འགྱུར་བ་ཕྱིན་པ་ཡིན་ན་གནས་ཚུལ་ཐ་དད་རེད། སྲིད་བྱུས་དེ་ལ་འགྱུར་བ་མ་ཕྱིན་གྱི་བར་དུ་སློབ་ཡོན་སྤྲོད་རྒྱུ་དང་ཕར་ལོག་སྐབས་ལམ་གྲོན་དང་ལག་དངུལ་སྤྲོད་རྒྱུ་བཅས་ད་ལྟ་ལག་ལེན་བསྟར་བཞིན་པ་རེད་མ་གཏོགས། ཁོང་ཚོ་རྒྱ་གར་དུ་གཞིས་ཆགས་ཐབས་ཀྱི་ལས་གཞི་གང་ཡང་བྱེད་ཀྱི་ཡོད་མ་རེད། དེ་ཙམ་མ་ཟད་གལ་སྲིད་སྦྱོང་བརྡར་ཐོན་ཏེ་འཚོ་ཐབས་ལས་རིགས་འགྲིག་པ་ཡིན་ན་སྡོད་ས་ཡང་དེའི་མཉམ་དུ་འགྲིག་འགྲོ་རྒྱུ་རེད། ད་དུང་དྲི་བ་དེའི་ཆ་ཤས་སུ་གཞིས་ཆགས་ཁ་འཐོར་མི་འགྲོ་བའི་སྲིད་བྱུས་དང་མཐུན་པ་རེད་དམ་ཞེས་གསུངས་སོང༌། གཞིས་ཆགས་ཁ་འཐོར་མི་འགྲོ་བའི་སྲིད་བྱུས་ནི་ད་ལྟ་གཞིས་ཆགས་ནང་ཡོད་བཞིན་པའི་བོད་མི་རྣམས་དང༌། དེ་ཚོའི་ཕྲུ་གུ་རྒྱུད་འཛར་བཅས་གཞིས་ཆགས་དེར་གནས་ཐུབ་ཐབས་བྱེད་རྒྱུའི་སྲིད་བྱུས་རེད་མ་གཏོགས། བོད་ནས་གསར་དུ་འབྱོར་བ་དེ་རྣམས་གཞིས་ཆགས་ནང་བཅུག་རྒྱུའི་སྲིད་བྱུས་མ་རེད། ས་ཆ་སྟོང་པ་ཐོན་པ་ཡིན་ན་སྒྲིག་མཐུན་གྱི་སྒུག་ཐོའི་ནང་ཡོད་པ་རྣམས་ལ་ཐོབ་ཀྱི་ཡོད་པ་རེད། སྒུག་ཐོ་རྒྱག་སྟངས་ས་ཁང་སྒྲིག་གཞིའི་ནང་ལ་གསལ་བ་ལྟར་རེད། སྒྲིག་གཞི་གཞིར་བཟུང་སྒུག་ཐོ་བརྒྱབ་རྒྱུར་གསར་འབྱོར་རྙིང་འབྱོར་གྱི་ཁྱད་པར་ཡོད་རྒྱུ་མ་རེད། དེ་མིན་གཞིས་ཆགས་ཁ་འཐོར་མི་འགྲོ་བའི་ཆེད་དུ་གསར་འབྱོར་སྡོད་ས་མེད་མཁན་དེ་ཚོ་གཞིས་ཆགས་སུ་ཐད་ཀར་གཏོང་རྒྱུའི་ཆ་རྐྱེན་ཡོད་མ་རེད་ཞུ་རྒྱུ་ཡིན།
ཡང་རྡ་ས་འཛུགས་སྐྲུན་གྱི་ལས་འཆར་འགོ་བཙུགས་ནས་ལམ་ལྷོང་མ་བྱུང་བ་དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་ཀྱི་རེད། རྒྱུ་མཚན་གཙོ་བོ་ཞིག་ཤོད་ཅེས་བཀའ་གནང་སོང༌། དེ་ལ་རྒྱུ་མཚན་གཙོ་བོ་གཉིས་བྱུང་སོང༌། དང་པོ་བོད་མི་དང་ས་གནས་ཡུལ་མི་གཉིས་ཀ་ནས་ལས་གཞི་དེ་ལ་དགོས་ངེས་ཀྱི་མཐུན་འགྱུར་མ་བྱུང་བ་དང༌། གཉིས་པ་དེ་ལས་གཙོ་ཆེ་བ་མངའ་སྡེ་གཞུང་གི་ནང་ལས་རིམ་མུ་མཐུད་འགྲོ་མ་ཐུབ་པ་དེ་རེད། རྡ་རམ་ས་ལའི་ཡར་རྒྱས་ཀྱི་འཛུགས་སྐྲུན་ཚད་ལྡན་ཞིག་ཡོང་བའི་ཆེད་དུ་དེ་སྔོན་ནས་བསམ་འཆར་ཡོད་པའི་རྡ་ས་ཡར་རྒྱས་ཀྱི་དབང་འཛིན་ Dharamsala Development Authority ཟེར་བ་ཞིག་གསར་འཛུགས་བྱེད་རྒྱུའི་འཆར་གཞི་དེ་མངའ་སྡེ་གཞུང་གི་ནང་གང་འཚམས་ཤིག་ལས་ཀ་བྱས་ཟིན་པའི་སྐབས་དེར་མངའ་སྡེ་གཞུང་འགྱུར་བ་ཕྱིན་པ་རེད། མངའ་སྡེ་གཞུང་གསར་པའི་ནང་ལའང་རྡ་ས་ནས་འབྲེལ་བ་ཡོད་པའི་བློན་ཆེན་ཞིག་གིས་དེའི་ཁྲིམས་འཆར་ཟིན་བྲིས་བཟོས་པ་རེད་དེ་མཇུག་སྐྱོང་མ་ཟིན་གོང་བློན་ཆེན་འཕོས་པ་རེད། དེ་འདྲ་སོང་ཙང་ད་ཆ་བསྐྱར་དུ་འབད་རྩོལ་ཞིག་བྱས་པ་ཡིན་ནའང༌། ལོ་གཅིག་གཉིས་ནང་གྲུབ་འབྲས་ཐོན་པ་ཞིག་ཡོང་རྒྱུ་ཁག་པོ་རེད་བསམ་གྱི་འདུག བྱས་ཙང་དེང་སང་དེའི་ཐོག་ལས་འཆར་གང་ཡང་མེད།

སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ནས།
ནང་སྲིད་བཀའ་བློན་གྱི་དྲིས་ལན་ཨང་དང་པོའི་ཀ་པའི་ནང་ལ་བསམ་ཞིབ་བྱས་རུང་ལག་བསྟར་ཐུབ་པའི་ཐབས་ལམ་གང་ཡང་མ་རྙེད་པས་ད་བར་ལས་འཆར་གང་ཡང་ཞུས་མེད་ཅེས་གསུངས། དང་པོ་ཐབས་ལམ་གང་ཡང་མ་རྙེད་པ་དེར་དཀའ་ངལ་གང་འཕྲད་ཡོད་དམ། ཐབས་ལམ་ཞིག་བཙལ་དགོས་པ་ལ་དགོས་གལ་གཟིགས་ཀྱི་ཡོད་དམ་མེད།
དྲིས་ལན་གཉིས་པའི་ཐོག་ལ་རྒྱ་གར་ནང་བོད་མི་གཞིས་ཆགས་གསར་འཛུགས་ཀྱི་ལས་རིམ་མཇུག་བསྡོམས་ཟིན་ཏེ་ད་ཆ་གཞིས་ཆགས་གསར་འཛུགས་ཡོང་ཐབས་མེད་པའི་རྒྱུ་མཚན་གྱིས་ཡིན་ཞེས་གསུངས་འདུག གཞིས་ཆགས་གསར་འཛུགས་ཀྱི་ལས་གཞི་མཇུག་བསྡོམས་ཟིན་པའི་རྒྱུ་མཚན་འདི་གང་འདྲ་ཞིག་ཆགས་ཀྱི་ཡོད་དམ། གང་ལགས་ཤེ་ན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་མ་གནང་བ་ཡིན་ནའང་བོད་མིའི་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ནས་ས་ཆ་སྤུས་གཟིགས་གནང་རྒྱུ་དང༌། དེ་བཞིན་ཌལ་ཧོར་དང་བདེ་སྐྱིད་གླིང་སོགས་ལ་ལས་གཞི་དེ་འགྲོ་བཞིན་པ་རེད། དེ་བཞིན་མ་འོངས་པར་དེ་འདྲའི་ལས་གཞི་སྤེལ་དགོས་གལ་གཟིགས་ཀྱི་ཡོད་དམ་མེད།
གཉིས་པ། ང་ཚོས་གཞིས་ཆགས་གསར་པ་གསར་འཛུགས་བྱེད་ཀྱི་མེད་ན་ད་ལྟ་གཞིས་ཆགས་ཡོད་བསྡད་པའི་གཞིས་ཆགས་ཆེ་ཁག་གི་ནང་ལ་གསར་འབྱོར་མེད་པ་ནང་སྲིད་ལས་ཁུངས་ནས་ཞིབ་འཇུག་གནང་ཡོད་དམ་མེད།
མཐའ་མར་དྲིས་ལན་ ༣ པའི་ནང་ལ་བསམ་ཞིབ་དང་འགོ་འཛུགས་ཞུས་རུང་ལམ་ལྷོང་མ་བྱུང་བ་ཡིན་ནའང་ལས་འཆར་དེའི་ངོ་བོ་དང་འཆར་གཞི་གང་འདྲ་ཞིག་དགོངས་པ་བཞེས་ཡོད་དམ།

བཀའ་ལན།
འཕྲོས་དོན་དྲི་བ་དང་པོར་ཐབས་ལམ་མ་རྙེད་པ་རེད་ཅེས་གསུངས་འདུག ད་ཐབས་ལམ་བཙལ་གྱི་མ་རེད་དམ་ཞེས་གསུངས་སོང༌། ད་ལྟ་བར་དུ་མ་རྙེད་པ་རེད། ད་བཙལ་བ་ཡིན་ནའང་རྙེད་པ་ཞིག་དང༌། རྙེད་པ་ཡིན་ནའང་དེའི་ལས་གཞི་དེ་འགོ་བཙུགས་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག བྱས་ཙང་ད་ལྟའི་གནས་སྐབས་སུ་བཀའ་ཤག་གི་ངོས་ནས་ཐབས་ལམ་བཙལ་གྱི་མེད་ལ། མ་འོངས་པ་ལ་ཡང་འཚོལ་གྱི་མིན་ཞུ་རྒྱུ་ཡིན།
དེ་ནས་འཕྲོས་དོན་དྲི་བ་གཉིས་པ་གཞིས་ཆགས་གསར་འཛུགས་ཀྱི་ལས་རིམ་མཇུག་བསྒྲིལ་ཟིན་པ་རེད། དེ་ཡིན་ཙང་ཡོང་ཐབས་མི་འདུག་གསུངས་སོང་ཡང༌། ཕྱོགས་གཅིག་ནས་ཌལ་ཧོར་དང་བདེ་སྐྱིད་གླིང་གི་གཞིས་ཆགས་ལས་གཞི་འགྲོ་བཞིན་པ་རེད་ཟེར་བ་དེ་གང་འདྲ་རེད་གསུངས་སོང༌། ལས་གཞི་འགྲོ་བཞིན་པ་དེ་འགྲོ་བཞིན་པ་རང་རེད། ལས་གཞི་དེ་གཉིས་ལོ་མང་པོའི་སྔོན་ནས་འགོ་བཙུགས་ཟིན་པ་རེད་མ་གཏོགས་ལོ་གཉིས་གསུམ་ཞིག་གི་ནང་འགོ་བཙུགས་པ་མ་རེད། ཁ་སང་ཡང་བཀུར་འོས་སྤྱི་འཐུས་ཤིག་གིས་དེའི་སྐོར་གསུངས་སོང༌། རྒྱ་གར་གཞུང་གིས་གཞིས་ཆགས་ཀྱི་ལས་གཞི་མཇུག་བསྡོམས་བྱེད་དགོས་པའི་རྒྱུ་མཚན་ནི་བོད་མི་སྐྱབས་བཅོལ་ལ་འབྱོར་ནས་ལོ་བཞི་བཅུ་ཞེ་དྲུག་ཙམ་སོང་བ་ཡིན་ཙང་ལས་མཇུག་བསྒྲིལ་རྒྱུ་ཡོད་པ་ཞིག་དགོས་པ་མ་གཏོགས། ཇི་སྲིད་ནམ་གནས་ཀྱི་བར་དུ་སྐྱབས་བཅོལ་བའི་གཞིས་ཆགས་ལས་གཞི་འགྲོ་ཐུབ་ཐབས་ཡོད་མ་རེད། ལོ་མང་སྔོན་ནས་གཞིས་ཆགས་བློན་ཆེན་ལས་ཁུངས་སྒོ་བརྒྱབས་ཏེ་ནང་སྲིད་ཀྱི་སྡེ་ཚན་ཞིག་གི་ངོ་བོར་ཟླ་བསྒྲིལ་བཏང་ཟིན་པ་རེད། གང་འཚམས་ཤིག་ནས་དེའི་སྡེ་ཚན་དེ་ཡང་ཕལ་ཆེར་མེད་བསྡད་ཀྱི་རེད། ང་ཚོ་ལོ་ཞེ་དྲུག་ཕྱིན་པ་ཡིན་ནའང་ད་དུང་གཞིས་ཆགས་གསར་པ་དགོས་ཞེས་ཞུ་རྒྱུ་དེ་ཁག་པོ་འདུག དེ་འདྲ་ཡིན་ཙང་གཞིས་ཆགས་གསར་འཛུགས་ཀྱི་འཆར་གཞི་གང་ཡང་མེད།
ཡང་ད་ལྟ་ཡོད་བཞིན་པའི་གཞིས་ཆགས་ཁག་གི་ནང་ལ་འགྲོ་འདོད་ཡོད་པའི་གསར་འབྱོར་བ་དེ་ཚོ་གཏོང་གི་རེད་དམ། དེ་ལ་ཞིབ་འཇུག་བྱས་ཡོད་དམ། བྱ་རྩིས་ཡོད་དམ་ཞེས་གསུངས་སོང༌། ད་ཕན་གཞིས་ཆགས་ཁ་ཤས་ནང་གླེང་སློང་བྱུང་བ་ཙམ་མ་གཏོགས་བོད་མིའི་གཞིས་ཆགས་ཚང་མའི་ནང་གསར་འབྱོར་བ་གཏོང་ས་འདུག་དང་མི་འདུག་ཉམས་ཞིབ་གནང་རྒྱུ་བྱུང་མི་འདུག ས་ཁང་སྒྲིག་གཞི་གཏན་འབེབས་བྱུང་འཚམས་ནས་ས་ཁང་བསྐྱར་ཞིབ་དང་ཆབས་ཅིག་ཏུ་ཞིབ་འཇུག་བྱ་རྒྱུའི་བསམ་ཚུལ་ཞིག་ཡོད་རེད། ཡིན་ནའང་ཞིབ་འཇུག་ཞུ་རྒྱུ་ཡིན་ཞེས་ཐག་བཅད་ནས་ངས་ད་ལྟ་གྲོས་ཚོགས་སུ་ཞུས་ཐུབ་ཀྱི་མི་འདུག

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
ངས་བཀའ་འདྲི་ཞུ་རྒྱུ་དེ་དྲི་བ་དང་པོའི་ཀ་རྡ་སར་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལམ་བསམ་ཞིབ་བྱས་རུང་ལག་བསྟར་ཐུབ་པའི་ཐབས་ལམ་གང་ཡང་མ་རྙེད་ཅེས་གསུངས་འདུག རྡ་རམ་ས་ལའི་མི་འབོར་གྲངས་འཕར་མི་ཡོང་བའི་ཆེད་དུ་བཀའ་མོལ་ཐེངས་ཁ་ཤས་བྱུང་བ་རེད། དཔེར་ན། རྡ་རམ་ས་ལར་ཡོད་པའི་མི་འབོར་དེ་ཚོ་མེག་ལོར་མ་ཡིན་པའི་རྒྱང་རིང་ཙམ་ཞིག་ལ་བཏང་བ་ཡིན་ན་དེ་མི་འབོར་ཉུང་དུ་འགྲོ་བའི་ཐབས་ལམ་ཞིག་རེད་ཅེས་གྲོས་ཚོགས་ནང་ལའང་བཀའ་མོལ་བྱུང་ཡོད་རེད། མི་མང་གང་ལ་གང་འཚམས་ཤིག་གིས་ཀྱང་གཞིས་ཆགས་དགོས་པ་ཞུས་ཡོད་རེད། ད་ལྟ་ཐབས་ལམ་བསམ་ཞིབ་བྱས་པ་གསུངས་པ་འདིའི་ནང་རྡ་སའི་གནད་དོན་དེ་ཡང་ཚུད་ཡོད་དང་མེད།
བཀའ་འདྲི་གཉིས་པ་ཞུ་རྒྱུར། བཀའ་ལན་ཨང་ ༢ ནང་གཞིས་ཆགས་མཇུག་བསྡོམས་གསུང་རྒྱུ་དེ་ལོ་ག་ཚོད་ཀྱི་ནང་མཇུག་བསྒྲིལ་བ་རེད། དེ་ཤེས་འདོད་བྱུང༌།
བཀའ་འདྲི་གསུམ་པ་ཞུ་རྒྱུར། བཀའ་ལན་གསུམ་པ་དེར་རྡ་སར་འཛུགས་སྐྲུན་གྱི་ལས་འཆར་བསམ་ཞིབ་དང་འགོ་འཛུགས་ཞུས་རུང་ཞེས་གསུངས་འདུག དེར་བརྟེན་རྡ་སར་འཛུགས་སྐྲུན་གྱི་ལས་འཆར་ག་རེ་ག་རེ་དགོངས་བཞེས་དང་འགོ་འཛུགས་གནང་བ་ཡིན་ནམ།

བཀའ་ལན།
རྡ་ས་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལ་རྡ་རམ་ས་ལར་ཡོད་པའི་བོད་མི་རྣམས་མེག་ལོར་གྷན་ཇི་ནས་ཐག་རིང་ཙམ་གྱི་སར་འཇོག་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད། གྲོས་ཚོགས་སུ་བཀའ་མོལ་བྱུང་བ་རེད་ཅེས་གསུངས་སོང༌། དེ་དངོས་གནས་རེད། ང་ཚོས་ཀྱང་བསམ་བློ་དེ་འཁོར་བ་རེད། ཡིན་ནའང་དེ་ལག་ལེན་འཁེལ་ཐུབ་པ་ཞིག་རེད་མི་འདུག དཔེ་མཚོན་ཙམ་ཞུས་ན། རྡ་སར་མི་འབོར་ཉུང་དུ་འགྲོ་བའི་ཆེད་དུ་མཚན་ཉིད་སློབ་གྲྭ་ཐག་རིང་ཙམ་ཞིག་ལ་སྤོས་པ་རེད། ཡིན་ནའང་མཚན་ཉིད་སློབ་གྲྭ་གསར་པ་ཆགས་རྗེས་ལ་མཚན་ཉིད་སློབ་གྲྭ་རྙིང་པ་དེ་ཡང་རང་འཇགས་བསྡད་ཡོད་རེད། དེ་མཚུངས་ཀྱི་ལས་གཞི་ཁ་ཤས་ཤིག་རྡ་རམ་ས་ལ་ནས་སྤོས་པ་རེད་དེ། སྤོས་པ་དེས་རྡ་རམ་ས་ལའི་མི་འབོར་མངོན་གསལ་དོད་པོས་ཉུང་དུ་ཕྱིན་པ་ལ་ཕན་ཐོགས་གང་ཡང་བྱུང་ཡོད་མ་རེད། མེག་ལོར་གན་ཇིར་ཡོད་པའི་མི་མང་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ནའང་ས་གནས་གཞན་དུ་སྤོ་ཐུབ་པ་ཞིག་རཻད་མི་འདུག ས་ཆ་ཡག་ས་མཐུན་རྐྱེན་འཛོམས་ས་གཞན་པ་ཞིག་ལ་སྤོས་པ་ཡིན་ནའང་ས་གཉིས་ཀ་བཟུང་བསྡད་ས་རེད། ལམ་དུ་འགྲོ་རྒྱུ་ཁག་པོ་རེད་འདུག
ཡང་གཞིས་ཆགས་དེ་དག་ལོ་དུས་ག་འདྲ་ཞིག་ལ་མཇུག་བསྡུ་གི་རེད་ཅེས་བཀའ་འདྲི་གནང་སོང༌། གཞིས་ཆགས་གསར་འཛུགས་བྱེད་རྒྱུའི་ལས་གཞི་མཇུག་བསྡུས་ནས་ལོ་མང་པོ་ཕྱིན་ཚར་འདུག ད་ལྟ་ལས་གཞི་འགྲོ་བཞིན་པ་དེ་ཚོ་ག་དུས་མཇུག་བསྡུ་གི་རེད་གསུངས་པ་ཡིན་ན། དེ་ལའང་ངས་ལན་ཞུས་ཐུབ་ཀྱི་མི་འདུག དཔེར་ན། སིམ་ལའི་ལས་གཞི་དེ་ལོ་གཉིས་ཀྱི་འཆར་གཞི་རེད་འདུག་སྟེ་ད་ལྟ་ཕལ་ཆེར་ལོ་ལྔ་ཙམ་ཕྱིན་ཚར་བ་རེད། དེ་འདྲ་ཡིན་དུས་ལས་གཞི་དེ་རྣམས་མཇུག་ག་དུས་བསྡུ་ཐུབ་མིན་དེ་མཐུན་རྐྱེན་དང་ས་གནས་ཀྱི་ལས་ཀའི་མགྱོགས་ལོད་ལ་རག་ལས་པ་རེད།
རྡ་ས་འཛུགས་སྐྲུན་གྱི་ལས་གཞི་དེ་མ་གྲུབ་པ་རེད་དེ་ལས་གཞི་ག་འདྲ་ཞིག་ཡོད་ཅེས་བཀུར་འོས་སྤྱི་འཐུས་ཤིག་གིས་འཕྲོ་དོན་དྲི་བ་སྔོན་མའི་ནང་ལ་ཡང་གསུངས་སོང༌། ངས་ལན་ཞུ་རྒྱུ་ལུས་འདུག ང་རང་སྤྱི་འཐུས་ཚོགས་གཙོ་ཡིན་པའི་སྐབས་ནས་རྡ་རམ་ས་ལ་ཁྲིམས་མཐུན་གྱི་ཡར་རྒྱས་ཡག་པོ་ཞིག་ཡོང་བའི་ཆེད་དུ་རྡ་རམ་ས་ལའི་ས་གནས་དམིགས་བསལ་བ་ཞིག་མཚམས་བཟུང་བྱས་ཏེ་ས་ཁྱོན་དེའི་འཛུགས་སྐྲུན་ལས་གཞི་རྣམས་རྡ་རམ་ས་ལའི་གྲོང་སྡེ་ལས་ཁུངས་དང༌། རྡ་རམ་ས་ལའི་འཛུགས་སྐྲུན་ལས་ཁུངས་གཉིས་ཀའི་འོག་ཏུ་འགྲོ་མི་དགོས་པར་རྡ་རམ་ས་ལའི་ཡར་རྒྱས་ཀྱི་འགན་འཛིན་ (Dharamsala Development Authority) ཞིག་བཙུགས་ཐུབ་ན་བསམ་པ་རེད། གྲོང་ཁྱེར་མང་པོའི་ནང་ལ་དེ་འདྲ་ཡོད་རེད། དཔེར་ན་ Dharamsala Development Authority ཟེར་བ་འདྲ་པོ་དེ་འདྲ་ཞིག་བྱུང་བ་ཡིན་ན། སྒྲིག་འཛུགས་དེ་ལ་རྒྱ་གར་དབུས་གཞུང༌། མངའ་སྡེ་གཞུང༌། ཕྱི་རྒྱལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ནས་རོགས་རམ་ཐད་ཀར་ལེན་ཆོག་པ་དང༌། འཛུགས་སྐྲུན་གྱི་ལས་གཞི་ཡོངས་རྫོགས་དབུས་སའི་ PWD དང༌། གྲོང་སྡེ་ལས་ཁུངས་ཀྱི་འཛུགས་སྐྲུན་སྡེ་ཚན་ལ་ལྟོས་མ་དགོས་པ་ཞིག་དང༌། ཕྱི་རྒྱལ་འཛུགས་སྐྲུན་ལས་གཞི་བོགས་མ་ལེན་མཁན་དེ་འདྲ་ལའང་ལས་ཀ་སྤྲད་ཐུབ་པ་དང༌། གང་ལྟར་འཛུགས་སྐྲུན་གང་བྱས་པ་དེ་ཚད་ལྡན་ཕུགས་འཕེར་ཡོང་བ་ཞིག་བཟོ་ཐུབ་པའི་ཆེད་དུ་ Dharamsala Development Authority ཟུར་འཛུགས་བྱ་རྒྱུའི་ལས་གཞི་ཞིག་རེད། དེ་འདྲ་ཟུར་འཛུགས་བྱ་རྒྱུ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱིས་ཁྲིམས་གཞི་གཏན་འབེབས་བྱས་པའི་ལམ་ལས་འཛུགས་དགོས་པ་ཞིག་རེད། དེ་ལམ་འགྲོ་མ་རྒྱུགས་པ་རེད། མ་འོངས་པ་ལ་ཡང་བསྐྱར་འབད་རྩོལ་བྱ་རྩིས་མེད།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས།
ངས་བཀའ་འདྲི་ཞུ་རྒྱུ་དེ་དྲི་བ་དང་པོ་དེ་དང་འབྲེལ་བ་ཆགས་ཀྱི་ཡོད། ད་ལྟ་བཀའ་ལན་གྱི་ནང་དུ་རྡ་སར་མི་འབོར་གྲངས་འཕར་མི་འགྲོ་བའི་ཐབས་ལམ་བསམ་ཞིབ་བྱས་རུང་ལག་བསྟར་ཐུབ་པའི་ཐབས་ལམ་གང་ཡང་མ་རྙེད་པས་ད་བར་ལས་འཆར་གང་ཡང་ཞུས་མེད་ཅེས་དང༌། བོད་ནས་གསར་དུ་ཡོང་མཁན་ཚོ་ལ་སློབ་སྦྱོང་སོགས་ཀྱི་མཐུན་རྐྱེན་གནང་རྗེས་ཕར་གཏང་རྒྱུའི་སྲིད་བྱུས་ཡིན་ཞེས་བཀའ་གནང་སོང༌། ང་རང་གིས་ལྟ་དུས། བོད་ནས་ཕེབས་ཡོང་མཁན་སྔ་ཕྱི་ག་རེ་ཡིན་ཡང་རིགས་སྣ་ཚོགས་ཤིག་ཡོད་རེད་བསམ་གྱི་འདུག ཁག་ཅིག་སློབ་སྦྱོང་གི་ཆེད་དུ་ཡོང་བ་དང༌། མང་པོ་ཞིག་རྒྱ་མིའི་འོག་ཏུ་གནས་མ་ཐུབ་ནས་བཙན་བྱོལ་རང་ལ་ཡོང་ནས་ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གི་འོག་ལ་འགྲོ་ས་ཞིག་ཡོད་རེད་བསམས་ནས་ཡོང་བར་སོང་མི་འབོར་འཕེལ་བའི་གནས་སྟངས་ཤིག་རེད། དེ་མཚུངས་ཀྱི་དགོན་པ་ཁག་དང་གདན་ས་ཁག་ལ་ཡིན་ནའང་གྲྭ་ཚོགས་ཧ་ཅང་འཕེལ་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད། བར་ལམ་ས་ཁང་སྒྲིག་གཞིའི་སྐབས་ལའང་ང་ཚོའི་བསམ་ཚུལ་རབས་དང་རིམ་པ་ཞུས་པ་ཡིན། གདན་ས་ཁག་ལ་ཡིན་ནའང་ཐོག་མར་སྤྲད་པའི་ས་ཁང་གིས་མ་འདང་ནས་ད་ལྟ་ཞིང་ས་ཕལ་ཆེ་བའི་ཐོག་ལ་གྲྭ་ཤག་བརྒྱབས་ནས་ས་ཆ་རྫོགས་པའི་དཀའ་ངལ་གྱི་གནས་སྟངས་དེ་དངོས་ཡོད་གནས་ཚུལ་ཆགས་ཀྱི་ཡོད་རེད། རྒྱ་གར་ནང་ལ་རྒྱ་གར་གཞུང་གི་གཞིས་ཆགས་ཀྱི་ལས་རིམ་མཇུག་བསྒྲིལ་ཚར་བ་རེད། དཀའ་ངལ་ཡོད་པ་ཏན་ཏན་རེད། ཡིན་ནའང་ཐབས་ལམ་ཞིག་དགོངས་བཞེས་གནང་དགོས་པ་ཞེ་དྲགས་གལ་ཆེན་པོ་རེད་དྲན་གྱི་ཡོད། ཕྱི་རྒྱལ་ཁག་ལ་གཏང་རྒྱུའི་འབད་བརྩོན་གནང་གི་ཡོད་ནའང་འདྲ། ཐབས་ལམ་གང་ཡང་རུང་བ་ཞིག་དགོངས་བཞེས་དགོས་པ་ཆགས་ཡོད་དུས་མ་འོངས་པར་དེ་འདྲའི་ཐོག་དགོངས་བཞེས་གང་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་འཕྲོས་དོན་དྲི་བ་དངོས་གཞིའི་དྲི་བ་དང་པོ་དང་འབྲེལ་བ་ཡོད། བོད་ནས་ཡོང་མཁན་ལ་རྣམ་གྲངས་སྣ་ཚོགས་ཤིག་ཡོད་རེད། སློབ་སྦྱོང་གི་ཆེད་དུ་ཡོང་མཁན་དང༌། ཆབ་སྲིད་ཀྱི་གནས་སྟངས་ཀྱི་ཐོག་ནས་ཡོང་མཁན་ཡོད་རེད་ཅེས་བཀའ་གནང་སོང༌། དེ་དངོས་གནས་རེད། ངས་གོང་དུ་བོད་མི་གསར་འབྱོར་རྣམས་བོད་དུ་ལོག་རྒྱུའི་སྲིད་བྱུས་འཛིན་གྱི་ཡོད་ཅེས་ཞུས་པ་དེ་ཆབ་སྲིད་ཀྱི་དཀའ་རྙོག་མེད་པའི་ན་གཞོན་སློབ་སྦྱོང་ཆེད་དུ་ཡོང་མཁན་ཚོ་ལ་ཞུས་པ་མ་གཏོགས། ཆབ་སྲིད་འབྲེལ་ཆགས་ཀྱི་སྐྱབས་བཅོལ་བ་རྣམས་བོད་དུ་ཕྱིར་ལོག་གཏང་རྒྱུའི་སྲིད་བྱུས་ནམ་ཡང་བཟུང་ཡོད་པ་མ་རེད། ཆབ་སྲིད་བཙོན་ཟུར་དང་ཆབ་སྲིད་འབྲེལ་ཆགས་ཀྱི་སྡེ་ཚན་གཉིས་ཀར་བདེ་སྲུང་དང་འཕྲོད་བསྟེན་ནས་གང་ལ་གང་འཚམས་ཀྱི་མཐུན་འགྱུར་ཞུ་བཞིན་ཡོད། ཁོང་ཚོ་ནམ་ཡང་བོད་དུ་ལོག་དགོས་ཞེས་ཞུས་མེད་ལ། ཕྱི་རྒྱལ་ཡུལ་ཁག་ཏུ་ཁོང་ཚོ་རིམ་བཞིན་གཞིས་ཆགས་སུའང་གཏོང་གི་ཡོད།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨