དྷ་ས་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཡོངས་གླིང་ཚོགས་ཁང་དུ་དབུ་མའི་ལམ་གྱི་ལམ་གྱི་སྐོར་གནང་བའི་གསུང་བཤད།
སྐྱབས་ཡུལ་དགེ་འདུན་གྱི་སྡེ། རྡ་ས་ས་གནས་འཐུས་མིའི་ཚོགས་འདུའི་དཔལ་ལྡན་ཚོགས་གཙོ་མཆོག ས་གནས་བེུད་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ། གཞན་ཡང་ད་རེས་ཚོགས་འདུར་ཕེབས་པའི་སེར་སྐྱ་ཕོ་མོ་ཡོངས་རྫོགས་ལ། ས་གནས་བེུད་ལྷན་ཚོགས་ཀྱིས་རེ་འདུན་གནང་བ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལམ་སྲོལ་ལམ་དབུ་མའི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན། ཚོགས་འདུའི་དུས་ཚོད་ལ་སྐབས་མཚམས་འགྱུར་བ་གཏོང་དགོས་བྱུང་ཙང༌། ཁ་ཤས་སྔ་པོ་ནས་ཕེབས་ཏེ་བསྒུགས་བཞུགས་པ་མེད་འགྲོ་བསམ་གྱི་འདུག དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ལམ་དབུ་མའི་སྲིད་བྱུས་བཟུང་ནས་ད་ལྟའི་གནས་སྐབས་ལ་ལོ་ ༢༥ འགྲོ་གི་ཡོད་པར་བརྟེན། དངོས་གནས་བྱས་ན་ལམ་དབུ་མའི་སྲིད་བྱུས་དེ་བོད་མི་ཡིན་ནོ་ཅོག་གིས་གསལ་པོ་མཁྱེན་དགོས་པ་དང༌། མཁྱེན་གྱི་ཡོད་པར་ཆ་བཞག་དགོས་པ་ཞིག་རེད། ཡིན་ནའང་མང་ཚོགས་ཀྱི་ནང་སྤྱིར་བཏང་ཆབ་སྲིད་ཀྱི་འགྲོ་ཕྱོགས་དང་ལམ་སྲོལ། ལྷག་པར་དུ་ལམ་དབུ་མའི་སྐོར་དོ་སྣང་དེ་ཙམ་མ་བྱུང་བའི་གནས་སྟངས་ཤིག་མཐོང་གི་འདུག རྡ་རམ་ས་ལའི་སྤྱི་ཚོགས་ནང་ཆ་མཚོན་ན། ལམ་དབུ་མའི་སྐོར་ལ་བཤད་དགོས་ཞེས་གསུང་མཁན་ཕལ་ཆེར་ད་རིང་དང་པོ་རེད་བསམ་གྱི་འདུག དེས་ན་བཙན་བྱོལ་གཞུང་གིས་འདས་པའི་ལོ་ ༢༥ རིང་བཟུང་བའི་ལམ་དབུ་མའི་སྲིད་བྱུས་སྐོར་ལ་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། འོན་ཀྱང་མང་ཆེ་བ་ལྷན་རྒྱས་ཚོས་མཁྱེན་པ་ཤ་སྟག་ཅིག་མ་གཏོགས། མ་མཁྱེན་པའི་གནས་ཚུལ་གསར་པ་ཞིག་ཕལ་ཆེར་ཡོད་མདོག་ཁ་པོ་མ་རེད། ཡིན་ནའང་མཁྱེན་པ་ཚོ་ལ་དྲན་གསོའི་ཚུལ་དང༌། མ་མཁྱེན་པ་རྣམས་ལ་མཁྱེན་རྟོགས་ཆེད་དུ་གང་ཐུབ་ཀྱིས་བསྡོམས་བརྒྱབས་ནས་མདོར་བསྡུས་ཤིག་ངོ་སྤྲོད་ཞུ་རྒྱུའི་འབད་བརྩོན་ཞུ་གི་ཡིན།
སྤྱིར་བཏང་ལམ་དབུ་མ་ཟེར་བའི་ཚིག་འདི་ཆབ་སྲིད་ཀྱི་གནད་དོན་ཐོག་དེ་སྔ་བེད་སྤྱོད་བཏང་བ་བྱུང་མི་འདུག ྋསྐྱབས་མགོན་རིན་པོ་ཆེས་ནང་ཆོས་ཀྱི་ཚིག་ནས་ཚུར་བཞེས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་ཆེད་དུ་བེད་སྤྱོད་གནང་བ་ཞིག་རེད། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པའི་སྔོན་ལ་དབུ་མ་དང་ལམ་དབུ་མ་ཞེས་པའི་ཚིག་འདི་ཐབས་ལམ་དང་སྒྲུབ་པ་ཉམས་ལེན་གྱི་ལམ་གྱི་རིམ་པ་ཞིག་ལ་བེད་སྤྱོད་གཏོང་མཁན་བྱུང་ཡོད་བཟོ་མི་འདུག དེ་ནི་ནང་པའི་ཐུན་མོང་མ་ཡིན་པའི་བརྡ་ཚིག་ཅིག་རེད། སྤྱིར་བཏང་བོད་སྐད་ལ་དབུས་མ་དང་དབུ་མ་ཞེས་ཚིག་བེད་སྤྱོད་བྱེད་སྟངས་མི་འདྲ་བ་གཉིས་ཡོད་རེད། ཚིག་གི་ངོ་གདོང་གི་ཆ་ནས་དབུས་མ་དང་དབུ་མ་ལ་དེ་ཙམ་ཁྱད་པར་མེད་ནའང་ལེགས་སྦྱར་སྐད་ཀྱི་མདྷ྄ཡ་དང་མདྷ྄ཡམཀ་གཉིས་བོད་སྐད་ནང་སྒྱུར་སྐབས་མ་འདྲེས་པའི་ཆེད་དུ་དབུས་དང་དབུ་ཞེས་ཚིག་ཐ་དད་གཉིས་སྔོན་གྱི་ལོ་ཙཱ་བ་ཚོས་བེད་སྤྱོད་གནང་བའི་བཟོ་འདྲ་ཞིག་འདུག གང་ལྟར་དབུས་མ་དང་དབུ་མ་ཞེས་གང་ལབ་རུང༌། དེ་ནི་མཐའ་དང་བྲལ་བ་ཞིག་ལ་ཟེར་གྱི་ཡོད། ཕྱོགས་གཅིག་གི་མཐའ་ལ་མ་ལྷུང་བར་དབྱིན་སྐད་དུ་ Extreme ཞེས་པ་མ་ཡིན་པར། དེ་ལས་ལྡོག་ནས་དཀྱིལ་ལ་བསྡད་པ་ཞིག་ལ་དབུ་མ་དང༌། དེ་འདྲའི་ལམ་ཞིག་ལ་དབུ་མའི་ལམ་ཞེས་ང་ཚོས་བེད་སྤྱོད་གཏོང་གི་ཡོད་རེད། དབུ་མ་ཞེས་པའི་ཚིག་དེ་ནང་ཆོས་སུ་གཙོ་ཆེ་བ་ལྟ་བ་ལ་སྦྱར་ཡང༌། སྒོམ་པ་དང་སྤྱོད་པ་ལའང་སྦྱར་གྱི་ཡོད། སངས་རྒྱས་ཀྱི་ཞལ་ནས་དབུ་མའི་ལམ་ཞེས་པའི་ཚིག་དེ་དང་པོ་སྤྱོད་པ་ལ་སྦྱར་ནས་གསུངས་ཡོད། དེ་གསུངས་དགོས་པའང་གཞོན་ནུ་དོན་གྲུབ་ཀྱིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་སྐབས་ཕྱོགས་གཉིས་ཀར་ཉམས་མྱོང་བསགས་ཟིན་པ་ཞིག་རེད། དེའང་གཞོན་ནུ་དོན་གྲུབ་གཞོན་ནུའི་རོལ་རྩེད་དང་བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ་བསྟན་སྐབས་འདོད་པ་བསོད་ཉམས་ཀྱི་མཐའ་ལ་ལྷུང་བའི་བཟོ་འདྲ་ཞིག་ཡོད་རེད། ཧ་ཅང་གིས་སྤྲོས་པ་རྒྱས་པོ་དང༌། མཐུན་རྐྱེན་འཛོམས་པོ། ཟས་གོས་གནས་མལ་ཇི་འདྲ་ཞིག་ཡིན་རུང་ཧ་ཅང་གྲ་རྒྱས་པོ་བཞུགས་པ་ཡིན་ཙང༌། དེའི་དབང་གིས་བདེན་པའི་གནས་ལུགས་མ་གཟིགས་པ་རེད། ཡང་དགུང་ལོ་ ༢༩ ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ནས་གཞོན་ནུ་དོན་གྲུབ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང༌། མུ་སྟེགས་ཀྱི་སྟོན་པ་མང་པོའི་དྲུང་དུ་ཕེབས། མཐའ་མ་ཆུ་བོ་ནཻརཉ྄ཇན་འགྲམ་དུ་ལོ་དྲུག་རིང་ནས་འབྲུ་ནས་ཕུང་ཙམ་ལ་བརྟེན་ནས་དཀའ་ཐུབ་སྤྱད་པའི་མཛད་པ་བསྟན་སྐབས་ངལ་ཞིང་དུབ་པའི་མཐའ་ལ་ལྷུང་བའི་བཟོ་འདྲ་ཞིག་ཡོད་རེད། ཧ་ཅང་དཀའ་ལས་བརྒྱབས་ནས་ལུས་སེམས་ལ་ངལ་བ་ཤུགས་ཆེ་སྤྲད་པ་དེའི་དབང་གིས་བདེན་པའི་གནས་ལུགས་མ་གཟིགས་པ་རེད། དེ་རྗེས་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་སྤངས་ནས་ཟས་རགས་པ་བཞེས། སྐུ་ཁྲུས་མཛད། རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་འོག་མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཉམས་བཞེས་གནང་བ་དེའི་ཐོག་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རངས་ལ་སྦྱོར་ལམ་དྲོད་ཡན་ཆད་སྟན་ཐོག་གཅིག་ལ་རྫོགས་པར་མཛད་དེ་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་པ་རེད། དེ་ནས་ཆོས་འཁོར་དང་པོ་སྐོར་སྐབས་བསྒྲུབ་བྱ་ག་འདྲ་ཞིག་ཡིན་རུང་མཐའ་གཉིས་དེ་མ་སྤངས་པ་ཡིན་ན་མངོན་འདོད་ཀྱི་བསྒྲུབ་བྱ་བསྒྲུབ་མི་ཐུབ་ཅེས་ངོ་སྤྲོད་གནང་བའི་ཆེད་དུ་དབུ་མའི་ལམ་ཞེས་པའི་ཚིག་དེ་བེད་སྤྱོད་གནང་བ་རེད། དེ་ནས་བཟུང་སྟེ་ནང་ཆོས་ཀྱི་ཐ་སྙད་ནང་དབུ་མ་དང་དབུས་མ་ཞེས་པའི་ཚིག་དེ་བརྒྱུད་ཡོང་བ་རེད། དེ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆབ་སྲིད་ནང་ཆབ་སྲིད་ཀྱི་འཛིན་སྐྱོང་ཁྱད་པར་བ་ཞིག་ལ་དབུ་མའི་ལམ་ཞེས་བཏགས་གནང་བ་རེད། ང་ཚོས་འཛིན་པའི་སྲིད་བྱུས་དེ། ཆབ་སྲིད་ཀྱི་མངའ་དབང་དང༌། མངའ་རིས་སམ་ས་ཁྱོན། Territory ཆབ་སྲིད་ཀྱི་ལམ་སྲོལ། རང་སྐྱོང་གི་ངོ་བོ་བཅས་དོན་ཚན་བཞིའི་ཐོག་ནས་མཐའ་གཉིས་དང་འབྲལ་སྟངས་དེ་ཞུས་པ་ཡིན་ན་དབུ་མ་ཡིན་པ་དེ་གསལ་པོ་ངོ་འཕྲོད་ཐུབ།
ཆབ་སྲིད་ཀྱི་མངའ་དབང་གི་དབང་དུ་བྱས་ན། རང་བཙན་གཙང་མ་རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུ་དེ་མཐའ་གཅིག་རེད། ནང་གི་རང་དབང་མེད་པར་ད་ལྟའི་གནས་བབས་བཞིན་བསྡད་རྒྱུ་དེ་མཐའ་གཞན་པ་དེ་རེད། མཐའ་གཉིས་པོ་དེ་སྤངས་ནས་རྒྱ་ནག་ནས་ཁ་བྲལ་གྱིས་རང་བཙན་གཙང་མ་དེའང་མིན་པ་དང༌། ད་ལྟ་བཞིན་བོད་རིགས་རྣམས་ཁ་ཐོར་དགུ་ཐོར་དུ་བསྡད་པ་དེ་དག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁས་ལེན་བྱས་པའི་ནང་གི་རང་དབང་ཙམ་ཡང་མ་རག་པ་དེ་ལྟ་བུ་མ་ཡིན་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནང་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་ཙང༌། ཆབ་སྲིད་མངའ་དབང་གི་གནས་བབས་ཀྱི་ཆ་ནས་དབུ་མ་ཆགས་སྟངས་དེ་འདྲ་རེད།
མངའ་རིས་སམ་ས་ཁྱོན་གྱི་དབང་དུ་བྱས་ན། རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་བོད་རིགས་མེད་པའི་ས་ཁྱོན་དེ་དག་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བོད་ནང་གཏོགས་མྱོང་ཡོད་ཙང༌། དེ་དག་ཆ་ཚང་དགོས་ཞེས་ཁྱབ་ཆེ་བའི་མཐའ་དེ་ང་ཚོས་བཟུང་གི་མེད། དེ་བཞིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བོད་ཀྱི་ས་ཁྱོན་གྱི་གསུམ་ཆ་གཅིག་ཟིན་མ་ཟིན་ཙམ་མ་གཏོགས་མེད་པའི་ཁྱབ་ཆུང་བའི་མཐའ་དེའང་བཟུང་གི་མེད། དེས་ན་གནའ་སྔ་མོའི་ལོ་རྒྱུས་དང་བསྟུན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ཟེར་བ་ལ་སོགས་པ་དེ་འདྲའི་ཁྱབ་ཆེ་བའི་ས་ཁྱོན་ཡང་ཚུད་མི་དགོས་པ་དང༌། ད་ལྟ་བཞིན་བོད་ཀྱི་མངའ་ཁུལ་གྱི་གསུམ་ཆ་གཅིག་མ་ལོངས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལའང་ཆ་མི་བཞག་པར། བོད་རིགས་གནས་པའི་ས་ཁྱོན་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་ཅེས་ང་ཚོས་རེ་འདུན་གནང་གི་ཡོད་ཙང༌། ས་ཁྱོན་གྱི་ཆ་ནས་མཐའ་གཉིས་དང་བྲལ་བའི་དབུ་མ་ཡིན་སྟངས་དེ་འདྲ་རེད།
ཆབ་སྲིད་ལམ་སྲོལ་གྱི་དབང་དུ་བྱས་ན། ཕྱི་ལོ་ ༡༩༥༩ སྔོན་དུ་ང་ཚོའི་ཆབ་སྲིད་ཀྱི་ལམ་སྲོལ་ནི་རྒྱལ་པོའི་རིང་ལུགས་དང་མཚུངས་ཀྱང༌། རྒྱལ་པོའི་རིང་ལུགས་རེད་ཅེས་བརྗོད་མི་ཐུབ། རྒྱ་མིས་བཤད་པའི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱང་ཆགས་ཀྱི་མེད། གང་ལགས་ཤེ་ན། བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་དེ་རྒྱུད་འཛིན་བྱ་རྒྱུ་ཞིག་མེད། དེ་མི་གཅིག་གི་བཀས་བཀོད་འོག་ཏུ་འགྲོ་བ་ཞིག་ཀྱང་མེད། བར་ལམ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བྱུང་བའི་རྒྱལ་པོའི་རིང་ལུགས་དང་ཡང་འདྲ་གི་མེད། དེ་བཞིན་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་འཛིན་སྐྱོང་བྱེད་སྟངས་ཀྱང་འགྲིགས་ཀྱི་མེད། ཚོགས་འདུ་ཆེན་མོ་ལ་སོགས་པ་མང་པོ་ཞིག་ཡོད་པ་བཤད་ཀྱི་ཡོད་ཀྱང༌། དེའི་ནང་ལ་མང་གཙོའི་རིང་ལུགས་ཀྱི་ཆ་ཤས་ཡོངས་རྫོགས་ཚང་གི་མེད། དེས་ན་ཕྱི་ལོ་ ༡༩༥༩ སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུན་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུད་དང༌། དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང༌། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད།
རང་སྐྱོང་གི་ངོ་བོའི་ཐོག་ནས་བྱས་ན། རང་སྲིད་རང་སྐྱོང་གི་གནས་བབས་དེའང་རྒྱ་མིས་འགྲེལ་བཤད་རྒྱག་སྟངས་དང༌། ཕྱི་རྒྱལ་གྱིས་འགྲེལ་བཤད་རྒྱག་སྟངས། ང་ཚོས་འགྲེལ་བཤད་རྒྱག་སྟངས་བཅས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། མདོར་བསྡུས་ཏེ་ཞུ་ན་མི་རིགས་རང་སྐྱོང་རྐྱང་པ་དེ་མཐའ་གཅིག་རེད། ས་གནས་རང་སྐྱོང་རྐྱང་པ་དེ་མཐའ་གཞན་པ་དེ་རེད། གལ་ཏེ་མི་རིགས་རང་སྐྱོང་རྐྱང་པ་དེ་ང་ཚོས་ལག་ལེན་དུ་བསྟར་ན། མི་རིགས་དེ་ལ་ས་གནས་ཀྱི་རང་སྐྱོང་དེ་རག་གི་མེད། མི་རིགས་དེ་ལ་རང་སྐྱོང་གི་ཐོབ་ཐང་གང་ཡོད་པ་དེ་ས་གནས་གང་དུ་བསྡད་ཀྱང་བེད་སྤྱོད་གཏང་རྒྱུ་ཞིག་མ་གཏོགས། ས་གནས་འདིའི་ནང་མི་རིགས་འདིའི་རང་སྐྱོང་འདི་རེད་ཅེས་མཚོན་ཐུབ་ཀྱི་མེད། དེང་སང་རྒྱལ་ཁབ་མང་པོའི་ནང་མི་རིགས་རང་སྐྱོང་ཡོད་པ་དང་ས་གནས་རང་སྐྱོང་མེད་པ་མང་པོ་ཡོད་རེད། ཁ་ཤས་ལ་ས་གནས་རང་སྐྱོང་ཡོད་པ་དང༌། མི་རིགས་རང་སྐྱོང་མེད་པ་དེ་འདྲའང་ཡོད་རེད། ས་གནས་གཅིག་ལ་རང་སྐྱོང་གི་གནས་བབ་སྤྲད་ན་ས་གནས་དེའི་ནང་ཡོད་པའི་མི་ཚང་མས་རང་སྐྱོང་གི་ཁེ་ཕན་ལོངས་སུ་སྤྱད་ཆོག་པ་དེ་བྱུང་ཡང༌། ང་ཚོར་ཕན་ཐོགས་ཀྱི་མེད། གང་ལགས་ཤེ་ན། ད་ལྟ་བོད་ནང་རྒྱ་མི་དང་བོད་མི་གཉིས་བསྡུར་ན་རྒྱ་མི་མང་བ་ཡོད། བོད་ལ་ས་གནས་རང་སྐྱོང་ཆ་ཚང་ཞིག་སྤྲད་ན་རྒྱ་མི་ལའང་རང་སྐྱོང་གི་ཐོབ་ཐང་གཅིག་གྱུར་རག་སོང་བ་ཡིན་ན་ང་ཚོར་རང་སྐྱོང་རག་དང་མི་རག་གི་ཁྱད་པར་མེད་པ་ལྟ་བུ་ཆགས་འགྲོ་གི་རེད། དེས་ན་མི་རིགས་རང་སྐྱོང་གི་མཐའ་དང་ས་གནས་རང་སྐྱོང་གི་མཐའ་གཉིས་དང་བྲལ་བའི་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་དགོས་ཀྱི་ཡོད་པ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུའང་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་གནས་བབས་ཤིག་ཁས་བླངས་པ་ཡིན་ཙང༌། བོད་པ་དེ་གྲངས་ཉུང་མི་རིགས་ཤིག་རེད། བོད་རིགས་ཡོངས་རྫོགས་ལ་རང་སྐྱོང་ཞིག་དགོས་ཀྱི་རེད། དེ་ནི་མི་རིགས་ཀྱི་རང་སྐྱོང་རེད། ཡིན་ནའང་མི་རིགས་རང་སྐྱོང་དེ་དང་མཉམ་དུ་མི་རིགས་དེ་དག་གནས་སའི་ས་ཁུལ་ཟུར་དུ་ཕྱེ་ནས་ཆོལ་གསུམ་བོད་རིགས་གནས་ཡུལ་ཡོངས་སུ་རྫོགས་པ་དེ་ས་གནས་རང་སྐྱོང་ནང་ཚུད་དགོས་པ་ཡིན། དེས་ན་མི་རིགས་དང་ས་གནས་རང་སྐྱོང་གཉིས་མཉམ་དུ་འཛོམས་པ་བྱུང་ན་མངའ་ཁུལ་ཡང་ཡོད་པ་དང༌། རང་སྐྱོང་གི་གནས་བབས་དེའང་ཡོད་པ་ཆགས་ཀྱི་ཡོད། གང་ལྟར་རང་སྐྱོང་གི་ངོ་བོ་དེ་ས་གནས་ཀྱི་རང་སྐྱོང་རྐྱང་པ་མ་ཡིན་པར་མི་རིགས་རང་སྐྱོང་གི་ངོ་བོར་འགྲོ་བ་ཡིན་ཙང༌། བོད་ཀྱི་ས་གནས་ནང་བོད་རིགས་མ་ཡིན་པ་བསྡད་ཡོད་ན་དེ་ལ་ང་ཚོ་དང་ཐོབ་ཐང་འདྲ་མཉམ་གྱི་རང་སྐྱོང་གི་གནས་བབས་དེ་རག་གི་མེད། མདོར་བསྡུས་ན་ང་ཚོའི་ཆབ་སྲིད་ཀྱི་མི་ཚེའི་ནང་ཁོ་ཚོས་ཆ་ཤས་ལེན་ཐབས་མེད་པ་ཕྱི་མི་ལྟ་བུ་བསྡད་དགོས་པ་དེ་འདྲའི་གནས་བབ་ཤིག་རྩོད་ཀྱི་ཡོད། དེ་ལྟར་དོན་ཚན་བཞིའི་ཐོག་ནས་བལྟས་ན་ང་ཚོས་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་རྒྱུ་དེ་མཐའ་གཉིས་དང་བྲལ་བའི་དབུ་མ་ཆགས་ཀྱི་ཡོད་ཅེས་ཞུས་པ་ཡིན་ན་ཕལ་ཆེར་མ་འགྲིགས་པ་མེད། མདོ་ཙམ་ཞིག་མ་གཏོགས་དུས་ཚོད་ངེས་ཅན་ནང་རྒྱས་ཤིང་རྒྱས་པ་ཞུ་ཐབས་མི་འདུག དེ་འདྲ་ཞིག་ཞུས་པ་ཡིན་ན་སློབ་སྦྱོང་གནང་མཁན་ཚོས་དེའི་ཐོག་ནས་ལམ་མདོར་བསྡུས་ཤིག་མཁྱེན་ཐུབ་ཀྱི་རེད། ད་ལྟ་ཞུས་པ་ནི་དབུ་མའི་ལམ་གྱི་བསྒྲུབ་བྱར་གྱུར་པའི་དབུ་མ་དེ་རེད། མདོར་བསྡུས་ན་བསྒྲུབ་བྱ་དབུ་མ་དེ་གང་རེད་ཅེ་ན། ཆོས་གསུམ་ཡོངས་རྫོགས་ཀྱི་བོད་རིགས་རྣམས་ལ་མི་རིགས་དང་ས་གནས་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་དགོས་པ་དེ་རེད། དེ་སྒྲུབ་བྱེད་ཀྱི་ལམ་ནི་འཚེ་མེད་ཞི་བ་དེ་རེད། འཚེ་མེད་ཞི་བའི་ལམ་ནས་དེ་སྒྲུབ་ཀྱི་ཡོད། དེ་འདྲ་ཞིག་ལ་དབུ་མའི་ལམ་ཞེས་བརྗོད་ཀྱི་ཡོད།
དེ་ལྟ་བུའི་དབུ་མའི་ལམ་དེ་ད་ལྟའི་སྲིད་བྱུས་འདིའི་ཐོག་ལ་ཤ་མོ་སྐྱེས་པ་བཞིན་གློ་བུར་དུ་སླེབས་པ་ཞིག་ཡིན་ནམ། ཡང་ན་འདིའི་འཕེལ་རིམ་ནང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡོད། དེ་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། ད་ལྟའི་རང་སྲིད་རང་སྐྱོང་གི་གནས་བབས་སམ་དབུ་མའི་ལམ་གྱི་བསྒྲུབ་བྱ་དེ་ཡུན་རིང་ཞིག་ནས་དེ་ལྟ་བུའི་བྱུང་བའི་ནང་ནས་ཡོང་བ་ཞིག་རེད་མ་གཏོགས་གློ་བུར་དུ་ྋསྐྱབས་མགོན་རིན་པོ་ཆེས་དྲན་གནང་བ་དང༌། གློ་བུར་དུ་བཙན་བྱོལ་གཞུང་གིས་བསམ་པ་དེ་འདྲའི་གནས་སྟངས་ཤིག་ཆགས་ཀྱི་མེད། ང་ཚོས་ལོ་རྒྱུས་ནང་ཕྱིར་བལྟས་བྱས་ན། ཕྱི་ལོ་ ༡༩༡༣། ༡༤ ལོར་ལྕགས་སྟག་སིམ་ལའི་ཆིངས་ཡིག་གཞག་རྒྱུའི་སྙིང་དོན་དེའང་ཕལ་ཆེར་ད་ལྟ་ང་ཚོས་བཤད་རྒྱུའི་རང་སྲིད་རང་སྐྱོང་གི་གནས་བབས་དང་གཅིག་པ་ལྟ་བུ་ཞིག་ཡོད། སིམ་ལའི་ཆིངས་ཡིག་ཐོག་སྐབས་དེ་དུས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱིས་མིང་རྟགས་བཀོད་པ་ཙམ་ལས་ཐེལ་ཙེ་བརྒྱབས་མེད། རྗེས་སུ་ངོས་ལེན་མ་བྱས་པའི་གནས་སྟངས་ཤིག་ཏུ་ཕྱིན་ཡང༌། བོད་དང་དབྱིན་ཇིའི་མངའ་འོག་ཏུ་ཡོད་པའི་རྒྱ་གར་གཉིས་ཀྱིས་མོས་མཐུན་དེ་ལ་མིང་རྟགས་དང་ཐེལ་ཙེ་བརྒྱབས་ཏེ་ལག་ལེན་བསྟར་རྒྱུའི་ཐབས་ཤེས་བྱས་པ་རེད། སིམ་ལའི་ཆིངས་ཡིག་གི་ནང་དོན་རྡོག་རྡོག་ནི་རྒྱ་མིའི་ཆབ་སྲིད་ཀྱི་མངའ་དབང་ཡོངས་སུ་རྫོགས་པ་Sovereigntyདེ་བོད་ཀྱི་ཐོག་ལ་མེད་ཀྱང༌། རྒྱ་ནག་གི་མིང་ཙམ་གྱི་མངའ་དབང་Suzerainty དེ་བོད་ཀྱི་ཐོག་ལ་ཡོད་རེད་ཅེས་བཀོད་ཡོད། སྤྱིར་བཏང་ Sovereignty ཞེས་པའི་ཚིག་དེ་སྲིད་དོན་གྱི་ཚན་རིག་ནང་ཡོངས་གྲགས་རེད། དེ་ནི་མངའ་དབང་ཞེས་པ་དེ་རེད། Suzerainty ཞེས་པ་དེ་བོད་ཀྱི་ཐོག་ལ་མ་གཏོགས། རྒྱལ་ཁབ་གཞན་སུ་ལའང་བེད་སྤྱོད་བཏང་བ་བྱུང་མེད། དེ་ནི་མིང་ཙམ་གྱི་མངའ་དབང་ཞེས་པ་དེ་རེད། མིང་ཙམ་གྱི་མངའ་དབང་ཞེས་པ་དེ་ Suzerainty སྒྲ་སྒྱུར་ཏག་ཏག་ཡིན་མིན་མི་ཤེས་ཀྱང༌། སྔོན་མ་བོད་པ་མང་པོས་དེ་རང་བེད་སྤྱོད་བཏང་འདུག དེ་སྐབས་དབྱིན་ཇིའི་གཞུང་གིས་བོད་ཀྱི་ཐོག་ཏུ་བཙན་ཤེད་ལྟ་བུ་བཏང་ནས་རྒྱ་ནག་གི་མིང་ཙམ་གྱི་མངའ་དབང་བོད་ཀྱི་ཐོག་ཏུ་ཡོད་པ་དེ་བོད་པར་ཁས་ལེན་བྱས་བཅུག་ཡོད། དེ་བཞིན་བོད་ལ་ནང་གི་རང་དབང་ཆ་ཚང་ཡོད་པ་དེ་རྒྱ་མིས་ཁས་ལེན་དགོས་ཀྱི་རེད་ཅེས་གསལ་ཡོད། འདིར་ Autonomy ཞེས་པར་ནང་གི་རང་དབང་ཞེས་བཀོད་འདུག གང་ལྟར་སིམ་ལའི་ཆིངས་ཡིག་ནང་བོད་དང་རྒྱ་ནག་གཉིས་ཁ་བྲལ་དུ་མ་བཏང་བར་མཉམ་དུ་བསྡད་དགོས་རྒྱུ་ཞིག་བཟོས་ཡོད། དེ་དུས་དབྱིན་ཇིའི་དམིགས་ཡུལ་གཙོ་བོ་ནི་ཕྱི་འབྲེལ་དེ་བོད་པ་དང་ཐད་ཀར་བྱེད་མ་དགོས་པར་རྒྱ་ནག་བརྒྱུད་ནས་ཐུབ་པ་ཞིག་བྱུང་ན་བསམ་པ་ཞིག་ཡོད། དེ་མིན་གྱི་ཙག་ཙིག་གི་དམིགས་ཡུལ་གཞན་པའང་ཡོད་རེད། གང་ལྟར་སྐབས་དེ་དུས་མིང་ཙམ་གྱི་མངའ་དབང་བོད་ཀྱི་ཐོག་ཏུ་བཞག་ནས་བོད་ཀྱིས་རྒྱལ་ཁབ་གཞན་མཉམ་དུ་ཆབ་སྲིད་ཀྱི་གཞུང་ཚབ་གཏོང་རེས་བྱེད་པའི་འབྲེལ་ལམ་Diplomatic Relation དེ་ཐད་ཀར་བྱེད་ས་མེད་པར་རྒྱ་ནག་བརྒྱུད་ནས་བྱེད་དགོས་པ་དེ་ཡོང་རྒྱུའི་དམིགས་ཡུལ་བཟུང་སྟེ་གྲུབ་མིན་ལ་མ་ལྟོས་པར་ཐབས་ཤེས་བྱས་པ་རེད། དེ་དུས་ནས་རང་སྲིད་རང་སྐྱོང་གི་གནས་བབས་ཙམ་ཞིག་མ་གཏོགས། རང་དབང་རང་བཙན་གྱི་གནས་བབས་མེད་པ་དེ་རྒྱལ་སྤྱིའི་ནང་གསལ་པོ་བཟོ་རྒྱུའི་འབད་རྩོལ་བྱས་པ་རེད་ལ། དེ་ལ་ང་ཚོས་ཀྱང་གང་ལ་གང་འཚམས་ཤིག་ཁས་ལེན་བྱས་ཡོད། ཡིན་ནའང་སིམ་ལའི་ཆིངས་ཡིག་བཞག་སྟེ་ཕྱི་ལོ་ ༡༩༥༡ བར་བོད་ནང་སིམ་ལའི་ཆིངས་ཡིག་གི་འབྲུ་དོན་དང་མཐུན་པའི་ལག་ལེན་གང་ཡང་བསྟར་མེད། ཕྱི་ལོ་ ༡༩༢༤ དང་ ༡༩༣༤ ༡༩༤༤ སོ་སོར་བཞག་པའི་བོད་དང་དབྱིན་ཇིའི་མངའ་འོག་གི་རྒྱ་གར་གཉིས་བར་གྱི་ཚོང་འབྲེལ་གྱི་ཆོད་གན་རྣམས་རྒྱལ་ཁབ་གཉིས་ཐད་ཀར་བཞག་པ་མ་གཏོགས། སིམ་ལའི་ཆིངས་ཡིག་གི་ཟླས་དྲངས་ནས་དབྱིན་ཇིས་རྒྱ་ནག་བརྒྱུད་དེ་ང་ཚོའི་མཉམ་ཆིངས་ཡིག་བཞག་པ་དེ་འདྲ་བྱུང་མེད། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཕྱི་ལོ་ ༡༩༡༢། ༡༣ ནང་རང་བཙན་གྱི་གསལ་བསྒྲགས་བསྐྱར་ནན་གནང་བ་དེ་ནས་བཟུང་སྟེ་ཕྱི་ལོ་ ༡༩༥༡ བར་བོད་ནང་ཕྱིའི་རྒྱལ་ཁབ་ཀྱི་དབང་ཤུགས་གང་ཡང་མེད་པ་དེ་ཧ་ཅང་གསལ་པོ་རེད། གང་ལྟར་རང་སྲིད་རང་སྐྱོང་གི་གནས་བབས་དེ་འདྲ་ཞིག་ཡོད་དགོས་པ་དེ་སིམ་ལའི་ཆིངས་ཡིག་ནང་བསམ་ཚུལ་དེ་ཐོན་ཡོད་རེད། བསམ་ཚུལ་ཐོན་པ་ཙམ་དུ་མ་ཟད། ཡིག་ཆའི་ནང་དུའང་སླེབས་པ་རེད། དེ་རྗེས་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་བོད་ཡོངས་རྫོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའི་མངའ་འོག་ལ་ཕྱིན་པ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཚིག་བརྗོད་འགོད་སྟངས་ཀྱང་གནའ་སྔ་མོའི་སྐད་ཡིག་བེད་སྤྱོད་བཏང་མེད་ལ། དེང་སང་གི་ཆབ་སྲིད་ཀྱི་སྐད་ཡིག་ཀྱང་བེད་སྤྱོད་བྱས་མེད། རྒྱ་མིས་དེང་དུས་སྲིད་དོན་ཚན་རིག་ནང་ཡོད་པ་བཞིན་གསལ་པོ་མ་བཟོས་པར་སྲོལ་རྒྱུན་གྱི་སྐད་ཆ་བཤད་སྟངས་ཤིག་གི་ཐོག་ནས་དོན་ཚན་བཅུ་བདུན་བང་བསྒྲིགས་ཡོད་རེད། ཡིན་ནའང་དེའི་ནང་ཆབ་སྲིད་ཀྱི་གནད་དོན་ཡོངས་སུ་རྫོགས་པ་དེ་ཚང་ཡོད། གྲོས་མཐུན་དོན་ཚན་བཅུ་བདུན་ལ་གཟིགས་ན། དོན་ཚན་དང་པོ་གཉིས་པས་བོད་རང་བཙན་མ་ཡིན་པ་དེ་གསལ་པོ་བཟོས་པ་རེད། གང་ལྟར་བོད་རང་བཙན་མ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་འོག་ལ་ཡོད་པ་རེད་ཅེས་བཀོད་ཡོད། དོན་ཚན་དང་པོ་དང་གཉིས་པའི་ནང་ཚིག་ཁ་གསལ་མ་བཟོས་པ་མ་གཏོགས། དོན་དུ་བོད་ལ་ཟུར་དུ་མངའ་དབང་མེད་པ་དང༌། རྒྱ་ནག་གི་མངའ་དབང་བོད་ཀྱི་ཐོག་ལ་ཁྱབ་ཀྱི་ཡོད་པ་དེ་གསལ་བཟོ་བྱས་ཡོད། དེ་ནས་དོན་ཚན་གསུམ་པ་དང༌། བཞི་པ། ལྔ་པ། དྲུག་པ། བདུན་པ། དགུ་པ། བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ་བཅས་དེ་དག་གི་བོད་ལ་ནང་གི་རང་དབང་དང་རང་སྲིད་རང་སྐྱོང་གི་གནས་བབས་གང་དང་གང་ཡོད་པ་རྣམས་ཞིབ་ཚགས་བཀོད་ཡོད། དོན་ཚན་དེ་དག་ནང་བལྟས་ན། རྗེས་སུ་ྋསྐྱབས་མགོན་རིན་པོ་ཆེས་སིཏྲསིསྦག་གསུང་བཤད་ནང་གསུངས་པ་དང་མཚུངས་པ་ལྟ་བུ་ཞིག་བྱུང་ཡོད། ད་ལྟ་ང་ཚོས་རྩོད་གླེང་བྱེད་བཞིན་པའི་ནང་གི་རང་དབང་དེ་ལས་ཆེ་བ་ཞིག་གྲོས་མཐུན་དོན་ཚན་བཅུ་བདུན་ནང་ཡོད་པ་ལྟ་བུ་ཞིག་ཡོད། དེ་ནས་དོན་ཚན་བརྒྱད་པའི་ནང་བོད་ཀྱི་རྒྱལ་སྲུང་གི་ལས་དོན་ཆ་ཚང་དབུས་གཞུང་གིས་བྱེད་རྒྱུ་ཡིན་པ་གསལ་པོ་བཟོས་ཡོད། གང་ལྟར་བོད་ཀྱིས་དམག་མི་ཉར་མི་ཆོག་པ་དང༌། ས་མཚམས་བསྲུང་རྒྱུའི་དམག་གི་ལས་དོན་ཚང་མ་དབུས་གཞུང་གིས་བྱེད་རྒྱུ་ཡིན་པ་རེད། དོན་ཚན་བཅུ་བཞི་པའི་ནང༌། བོད་ཀྱི་ཕྱི་འབྲེལ་གྱི་ལས་དོན་ཡོངས་རྫོགས་དབུས་གཞུང་གིས་བྱེད་པ་མ་གཏོགས་བོད་ཀྱི་རང་སྲིད་རང་སྐྱོང་གི་གཞུང་དེས་བྱེད་མི་ཆོག་པ་བཟོས་ཡོད། མདོར་ན་གྲོས་མཐུན་དོན་ཚན་བཅུ་བདུན་ལས། དོན་ཚན་དང་པོ་དང་གཉིས་པའི་ནང་རང་བཙན་དེ་མེད་པ་བཟོས་པ་དང༌། དོན་ཚན་བརྒྱད་པའི་ནང་སྲུང་སྐྱོབ་དེ་མེད་པ་བཟོས་པ། དོན་ཚན་བཅུ་བཞི་པའི་ནང་ཕྱི་འབྲེལ་དེ་མེད་པ་བཟོས་ཡོད། དོན་ཚན་གཞན་རྣམས་ནང་གི་རང་སྐྱོང་ཇི་ལྟར་བྱ་རྒྱུ་ཡིན་པ་རྣམས་རེད། ངོ་གདོང་ལ་བལྟས་ན་དབུ་མའི་ལམ་བཟོ་འདྲ་ཞིག་ཡོད་རེད། ྋསྐྱབས་མགོན་རིན་པོ་ཆེས་ཕྱི་ལོ་ ༡༩༥༡ ནས་ ༡༩༥༩ བར་ལོ་བརྒྱད་ཀྱི་རིང་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་མཐུན་གྱིས་བཞུགས་རྒྱུའི་འབད་བརྩོན་ཆ་ཚང་གནང་ཡང༌། མཐའ་མ་བོད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུའི་གྲུབ་འབྲས་དེ་མ་ཐོན་པར་བརྟེན་བཙན་བྱོལ་ལ་ཕེབས་དགོས་བྱུང༌། དེ་ནས་ྋསྐྱབས་མགོན་རིན་པོ་ཆེས་ཏེཇ་པུར་ལ་རྒྱལ་སྤྱིའི་གསར་འགོད་པ་དང་ཐོག་མར་མཇལ་ཏེ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་གྲོས་མཐུན་དོན་ཚན་བཅུ་བདུན་དེ་རྩིས་མེད་ལ་བཏང་བ་རེད། རྩིས་མེད་གནང་དགོས་པའི་རྒྱུ་མཚན་གཉིས་བཀའ་གནང་ཡོད། དང་པོ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་བཙན་ཤུགས་འོག་ལ་བཞག་དགོས་བྱུང་བ་དང༌། གཉིས་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གྲོས་མཐུན་དོན་ཙན་བཅུ་བདུན་ལ་སྲུང་རྩི་མ་བྱས་པར་བརྡལ་བཤིག་བཏང་བ་བཅས་རེད། དེ་ལྟར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་ནང་གི་རང་སྲིད་རང་སྐྱོང་གི་ངོ་བོ་ལ་གནས་རྒྱུ་དེ་མ་འགྲིགས་པ་རེད། དེ་རྗེས་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ནས་ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༣ བར་ལོ་ ༢༠ ཐམ་པའི་རིང་རང་བཙན་གཙང་མ་བསྐྱར་གསོ་གནང་རྒྱུའི་སྲིད་བྱུས་བཟུང་བ་རེད། དེའི་རིང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་སྔ་རྗེས་སྙན་གསན་གནང་རྒྱུ་དང༌། དེ་བཞིན་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་རྒྱུ་སོགས་ཐབས་ལམ་སྣ་ཚོགས་ཤིག་གནང་ཡོད། ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེའི་གཟིགས་ཆུལ་ལ་ག་རེ་བྱུང་ཡོད་ཅེ་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྟངས་དང༌། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས། རྒྱ་ནག་གི་ཆབ་སྲིད་ཀྱི་གནས་སྟངས། བོད་རང་གི་ཆབ་སྲིད་ཀྱི་གནས་སྟངས། སྤྱིར་བཏང་བོད་མིའི་ཆབ་སྲིད་ཀྱི་ནུས་པའི་གནས་སྟངས་བཅས་ག་འདྲ་ཞིག་ལ་བལྟས་ཀྱང་རང་བཙན་གཙང་མ་བསྐྱར་གསོ་དེ་ཧ་ཅང་བསྒྲུབ་དཀའ་བ་དང༌། ཧ་ལམ་སྒྲུབ་ཐབས་མེད། དེའི་ཆེད་རྒྱལ་སྤྱིའི་ནང་མང་ཚོགས་ཁྲོད་ནས་རྒྱབ་སྐྱོར་རེ་ཟུང་རག་པ་མ་གཏོགས། སྲིད་གཞུང་ཚོའི་ངོས་ནས་རག་ཐབས་མེད་པ། རྒྱབ་སྐྱོར་རག་ཀྱང་དངོས་སུ་བོད་ནང་རང་བཙན་བསྐྱར་གསོ་བྱེད་རྒྱུའི་གོ་སྐབས་དེ་དཀོན་པོ་ཡིན་པ། གལ་ཏེ་རང་བཙན་བསྐྱར་གསོ་ཐུབ་པ་ཞིག་བྱུང་ནའང༌། ད་ལྟའི་བོད་རང་སྐྱོང་ལྗོངས་ཞེས་པའི་ས་ཁྱོན་དེ་མ་གཏོགས། མདོ་སྟོད་ཆོལ་ཁའི་ཕྱེད་ཀ་ལྷག་ཙམ་དང་མདོ་སྨད་ཆོལ་ཁ་ཡོངས་རྫོགས་རང་བཙན་བསྐྱར་གསོ་དེའི་ནང་ཚུད་མི་ཐུབ་པ་བཅས་རྒྱུ་མཚན་མང་པོ་ཞིག་ལ་གཟིགས་ཏེ། ྋསྐྱབས་མགོན་རིན་པོ་ཆེས་ཚད་མཐོའི་རང་སྐྱོང་ཞེས་པ་ཞིག་རྩོད་ན་ལེགས་ཚུལ་དགོངས་ཏེ། ཕྱི་ལོ་ ༡༩༦༧ ཙམ་ནས་སྐབས་དེ་དུས་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བཀའ་ཤག་བཅས་ལྷན་དུ་རིམ་པས་བཀའ་བསྡུར་དང་དགོངས་པ་བཞེས་རྒྱུ་འགོ་འཛུགས་གནང་སྟེ་གང་ལ་གང་འཚམས་ཀྱི་གནས་ཚད་ལ་སླེབས་མཚམས་ཤིག་ལ། དེ་སྐབས་ཀྱི་རྒྱ་ནག་གི་གཉིས་མེད་ཀྱི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་མི་བཞི་ཤོག་ཁག་གི་གཡོན་ཐལ་སྲིད་བྱུས་ཀྱི་ནོར་འཁྲུལ་ལ་བརྟེན་བོད་ནང་དཀའ་ངལ་མང་པོ་བྱུང་བ་དེ་ང་ཚོས་ངོས་ལེན་བྱེད་ཀྱི་ཡོད། དཀའ་ངལ་དེ་དག་མེད་པ་བཟོ་རྒྱུ་ཡིན། ྋསྐྱབས་མགོན་རིན་པོ་ཆེ་ཕར་ཕེབས་དགོས་ཀྱི་རེད། རང་བཙན་མ་གཏོགས་པའི་གནས་ཚུལ་གཞན་ཡོངས་རྫོགས་གོ་བསྡུར་གྱི་ཐོག་ནས་ཐག་གཅོད་བྱེད་ཆོག་ཅེས་གསུངས་པར་བརྟེན། ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༣ ནས་ཚད་མཐོའི་རང་སྐྱོང་རྩོད་རྒྱུའི་ཚིག་བརྗོད་གསར་པའི་ཐོག་བསྐྱར་དུ་བབས་ཏེ་ད་ལྟ་ལོ་ ༢༥ འགྲོ་གི་ཡོད་རེད། དེའི་རྗེས་ལ་གཟིགས་སྐོར་དང་བཀའ་བསྡུར་གནང་ཆེད་སྐུ་ཚབ་རིམ་པས་ཕེབས་ཀྱང་ད་བར་བཀའ་བསྡུར་འགོ་འཛུགས་མ་ཐུབ་པ་རེད། མཚམས་རེ་རྒྱ་མིའི་ངོས་ནས་ཁྱེད་རང་ཚོའི་དགོས་འདུན་གསལ་པོ་མི་འདུག་ཅེས་ལབ་རྒྱུའི་གོ་སྐབས་བྱུང་ཙང༌། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༡ ཉིན་ྋསྐྱབས་མགོན་རིན་པོ་ཆེས་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ནང་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས་པ་རེད། ཞི་བའི་དོན་ཚན་ལྔ་ནི་ང་ཚོས་ཞི་མོལ་གནང་རྒྱུའི་རྒྱབ་ལྗོངས་དེ་རེད། བོད་རྒྱ་ཞི་མོལ་ཐོག་ནས་འགྲིགས་ཆགས་བྱུང་རུང་མ་བྱུང་རུང༌། བོད་ལ་དགོས་རྒྱུའི་གནས་ཚུལ་མང་པོ་ཞིག་ཞི་བའི་དོན་ཚན་ལྔའི་ནང་བཀོད་ཡོད་རེད། དེ་ནས་ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༥ ཉིན་ྋགོང་ས་མཆོག་གིས་སིཏྲསིསྦག་གསུང་བཤད་ནང་ང་ཚོས་རྩོད་རྒྱུའི་རང་སྲིད་རང་སྐྱོང་གི་དོན་སྙིང་གང་ཡིན་པ་དེ་གསལ་བཟོ་གནང་ཡོད། སིཏྲསིསྦག་གསུང་བཤད་མ་གནང་གོང་ ༡༩༨༨ ཕྱི་ཟླ་ ༦ པའི་ཟླ་སྟོད་དུ་རྡ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཉིན་གྲངས་བདུན་ཞིག་ཚོགས་ཀྱང༌། མཐའ་མ་ཉིན་གྲངས་བརྒྱད་ལྟ་བུ་ཞིག་ཆགས་སོང༌། དམིགས་བསལ་ཚོགས་ཆེན་དེའི་ནང་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། གཞུང་ཞབས་ཡོངས་རྫོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱད། བོད་ནས་གསར་འབྱོར་བའི་སྐུ་ཚབ། བོད་མིའི་སྡོད་སྒར་ ༥༤ ནང་ནས་སྐུ་ཚབ། དམིགས་བསལ་སྐུ་མགྲོན་གདན་འདྲེན་ཞུས་པ་ཁ་ཤས་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ཙམ་ཕེབས་ཏེ་གསུང་བཤད་ཀྱི་ཟིན་བྲིས་དེའི་ཐོག་བགྲོ་གླེང་གནང་བ་རེད། གནད་དོན་རེ་རེ་བཞིན་བགྲོ་གླེང་གནང་སྐབས། ཁ་ཤས་ཀྱིས་འགྲིགས་མི་འདུག་ཅེས་དགག་བྱ་གནང་བ་དང༌། ཁ་ཤས་ཀྱིས་འགྲིགས་འདུག་ཅེས་རྒྱབ་སྐྱོར་ཞུ་མཁན་བྱུང་སོང༌། ཡིན་ནའང་བགྲོ་གླེང་གནང་བའི་མཐའ་མར་སིཏྲསིསྦག་གསུང་བཤད་དེ་འགྲིགས་འདུག་ཅེས་ཚོགས་མི་ཡོངས་རྫོགས་ཀྱིས་སྤྱི་མོས་ཐོག་ནས་གཏན་ལ་ཕབ་ཡོད། དེར་བརྟེན་སྐབས་དེ་དུས་སྤྱི་མོས་ཀྱིས་གཏན་འབེབས་གནང་སྐབས་ཆ་ཤས་ལེན་མཁན་གྱི་མི་དེ་ཚོ་དང༌། ཁོང་ཚོའི་ངོ་ཚབ་མཚོན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོར་ད་གཟོད་དབུ་མའི་ལམ་ལ་དགག་བྱ་གནང་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་མེད་ཅེས་ཞུ་གི་ཡོད། གང་ཡིན་ཟེར་ན་དགག་བྱ་ཡོད་ན་དེ་དུས་སྤྱི་མོས་ཐོག་ནས་ཐག་གཅོད་གནང་སྐབས་ང་ཚོ་མོས་མཐུན་མེད་ཅེས་གསལ་པོ་གསུང་དགོས། ཡང་ན་ཕྱིར་འཐོན་དགོས་ཀྱི་ཡོད། དེ་སྐབས་འོས་ཤོག་བླུགས་པ་དང་ལག་པ་བརྐྱངས་པ་བཅས་གང་ཡང་བྱུང་མེད་ཀྱང༌། མཐའ་མ་དེར་འགྲིགས་ཀྱི་འདུག་གམ་ཞེས་ཡང་ཡང་བཀའ་འདྲི་གནང་སོང༌། འོན་ཀྱང་དེ་སྐབས་འགྲིགས་ཀྱི་མི་འདུག་ཅེས་གསུང་མཁན་བྱུང་མ་སོང༌། སྐབས་དེ་དུས་མང་ཚོགས་ནང་དབུ་མའི་ལམ་དང༌། ཚད་མཐོའི་རང་སྐྱོང༌། རང་སྲིད་རང་སྐྱོང་ཞེས་ལབ་པ་མ་གཏོགས་དེའི་ནང་དོན་ཆ་ཚང་ཞིག་གསལ་པོ་ཆགས་མེད། གཞི་ནས་སིཏྲསིསྦག་གསུང་བཤད་ནང་མི་འབོར་གྱི་ཆ་ནས་བོད་མི་ཡོངས་རྫོགས་ཚུད་དགོས་ཀྱི་ཡོད་པ་དང༌། ས་ཁྱོན་གྱི་ཆ་ནས་ལོ་རྒྱུས་ནང་ཡོད་པའི་བོད་མི་རྣམས་ཀྱི་ས་ཁྱོན་ཆ་ཚང་དགོས་ཀྱི་ཡོད་པ། ཆབ་སྲིད་ཀྱི་ལམ་སྲོལ་གྱི་ཆ་ནས་མང་གཙོའི་ལམ་སྲོལ་དགོས་ཀྱི་ཡོད་པ། རང་སྐྱོང་གི་ངོ་བོའི་ཆ་ནས་མི་རིགས་ས་གནས་རང་སྐྱོང་དགོས་ཀྱི་ཡོད་པ་བཅས་ཞིབ་ཚགས་འཁོད་ཡོད། གལ་ཏེ་དབུ་མའི་ལམ་དེ་ཚིག་གཅིག་ནང་བསྡུས་ཏེ་བཤད་ན། ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་ལ་མང་གཙོའི་ལམ་སྲོལ་ཅན་གྱི་རང་སྲིད་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞེས་པ་དེ་རེད། ཆོལ་གསུམ་ཡོངས་རྫོགས་ཞེས་པ་དེའི་ནང་བོད་མི་རིགས་དང་ས་ཁྱོན་ཡོངས་རྫོགས་ཚུད་པ་ཡིན། མང་གཙོའི་ལམ་སྲོལ་ཅན་ཞེས་པ་དེ་གཅིག་སྡུད་དབང་འཛིན་མ་ཡིན་པར། མི་མང་གིས་འོས་འདེམས་བྱས་པའི་གཙོའི་ལམ་སྲོལ་གཞི་རིམ་གྱི་ཁྲིམས་ལོགས་སུ་ཡོད་པ་ཞིག་ལ་གོ་དགོས། རང་སྲིད་རང་སྐྱོང་གི་གནས་བབས་ཚད་དང་ལྡན་པ་ཞེས་པ་དེ་ཕྱི་འབྲེལ་དང༌། བོད་འཚེ་མེད་ཞི་བའི་བསྟི་གནས་སུ་མ་བསྒྱུར་བར་དུ་ངེས་ཅན་གྱི་སྲུང་སྐྱོབ་དེ་གཉིས་མ་གཏོགས། གནས་ཚུལ་གཞན་ཡོངས་རྫོགས་བོད་མིས་རང་སྲིད་རང་སྐྱོང་གི་ཐོག་ནས་བྱེད་དགོས་པ་དེ་རེད། སིཏྲསིསྦག་གསུང་བཤད་གནང་རྗེས་གཞི་ནས་ང་ཚོའི་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་འཕེལ་རིམ་དེ་ཡོངས་སུ་རྫོགས་པ་ཞིག་ཆགས་པ་རེད། དེའི་རྗེས་ལ་དབུ་མའི་ལམ་ལ་སླར་ཡང་མང་ཚོགས་ནང་བསྐྱར་ཞིབ་གནང་རྒྱུའི་གོ་སྐབས་ཡུན་རིང་བྱུང་བ་དེའང་ང་ཚོ་ཚང་མས་མཁྱེན་དགོས། ཕྱི་ལོ་ ༡༩༨༨ ནས་ ༡༩༩༣ བར་ལོ་ལྔ་ཙམ་རིང་འབད་རྩོལ་ཇི་འདྲ་ཞིག་གནང་ཡང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་བདེན་དོན་ལྡན་པའི་ཡ་ལན་རྩ་ནས་ཞུས་མེད། གང་ལྟར་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འབྲེལ་བ་གནང་རྒྱུར་གྲུབ་འབྲས་གང་ཡང་ཐོན་མེད། སྤྱིར་བཏང་འཛམ་གླིང་ནང་གྲུབ་འབྲས་མང་པོ་ཞིག་ཐོན་པ་དེ་གནས་ཚུལ་གཞན་ཞིག་རེད། དེ་ལྟར་གྲུབ་འབྲས་མ་བྱུང་བར་བརྟེན་ྋསྐྱབས་མགོན་རིན་པོ་ཆེས་དུས་བཀག་བཟོས་གནང་བ་རེད། དེ་ལའང་གནས་ཚུལ་གང་ཡང་མ་བྱུང་བར་བརྟེན། བོད་མིའི་སྤྱི་ཚོགས་ནང་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཅེས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་མང་པོ་ཞིག་ཐོན་པ་ཡིན་ཙང༌། ཕྱི་ལོ་ ༡༩༩༤ ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ྋགོང་ས་མཆོག་གིས་དེའི་ཐོག་མི་མང་གི་བསམ་ཚུལ་བསྡུས་ནས་བསྐྱར་ཞིབ་གནང་རྒྱུ་ཡིན་ཞེས་བཀའ་གནང་བ་རེད། དེ་སྐབས་བསྐྱར་ཞིབ་གནང་གི་ཡིན་གསུངས་པ་མ་གཏོགས། གནང་ལུགས་གནང་སྟངས་གང་ཡང་བཀའ་གནང་མེད། དེ་ནས་ ༡༩༩༥ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་གསུམ་དུས་གསུང་འཕྲིན་ནང་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་དབུ་མའི་ལམ་ལ་བསྐྱར་ཞིབ་གནང་གི་ཡིན་ཞེས་བཀའ་ཕེབས་པ་རེད། གཞུང་གི་འཛིན་སྐྱོང་སྣེ་མོ་བ་རྣམས་ལའང་བཀའ་ཡང་ཡང་ཕེབས་པར་བརྟེན། ༡༩༩༥ ཕྱི་ཟླ་ ༩ ཚེས་ ༢ ཉིན་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ཐོག་ནས་དབུ་མའི་ལམ་རང་འཇགས་བཞག་དང་མི་བཞག་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་བསྐྱར་ཞིབ་བྱ་རྒྱུ་ཡིན། མང་མོས་ཐག་གཅོད་འོས་བསྡུ་བྱེད་སྐབས་གདམ་བྱ་གང་དང་གང་བཞག་མི་མང་ནང་གོ་བསྡུར་གནང་རྒྱུ་ཡིན། ༡༩༩༦ ཕྱི་ཟླ་ ༧ ཚེས་ ༣༡ ནང་ཚུད་མཇུག་བསྡོམས་ཟིན་པ་གནང་གི་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་དེ་གནང་བ་རེད། ཡིན་ནའང་མི་མང་ནང་བཀའ་མོལ་དེ་བྱུང་སྐབས་གསལ་པོ་ཆགས་རྒྱུའི་ཚབ་ཏུ་ད་དུང་མགོ་བོ་འཁྲུག་ཏུ་ཕྱིན་ནས་ཕྱི་ལོ་ ༡༩༩༦ ནས་གཏན་འཁེལ་ཐུབ་མེད། སླར་ཡང་བཀའ་སྤྱི་ཐོུང་ཐོག་ནས་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༣༡ ནང་ཚུད་ཐོག་མའི་བསམ་ཚུལ་བསྡུ་རྒྱུ་དེ་ཟིན་པ་དགོས་ཀྱི་རེད་ཅེས་ ༡༩༩༦ ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་གསལ་བསྒྲགས་གསར་པ་ཞིག་གནང་བ་རེད། དེ་རྗེས་འཛིན་སྐྱོང་ངོས་ནས་ས་གནས་གང་སར་ཆེད་མངགས་མི་བཏང་ནས་ལས་རིམ་འདིའི་ཐོག་ནུས་ཤུགས་བསྒྲིལ་ཏེ་མཐར་ ༡༩༩༧ ཕྱི་ཟླ་ ༧ ཚེས་ ༣༡ བར་བོད་མིའི་གནས་ཡུལ་ཡོངས་རྫོགས་ནས་ཐོག་མའི་བསམ་འཆར་བསྡུས་ཐུབ་པ་བྱུང༌། བོད་ཀྱི་ནང་ནས་ཡོང་དགོས་གནས་ཚུལ་ཁ་ཤས་དེ་དུས་མ་འབྱོར་བར་ཟླ་ཤས་ཡང་བསྐྱར་བསྒུག་དགོས་བྱུང་བ་མ་གཏོགས། དེ་མིན་ཆ་ཚང་འགྲིགས་པ་རེད། ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༡ ཉིན་བཀའ་སྤྱི་ལྷན་རྒྱས་ཐོག་ནས་བསམ་ཚུལ་དེ་དག་ཞིབ་འཇུག་གནང་སྐབས་རྒྱ་བལ་འབྲུག་གསུམ་ནང་བོད་མིའི་གནས་ཡུལ་ ༦༦ ནས་བསམ་ཤོག ༤༧༠༨༤ འབྱོར། བསམ་ཤོག་དེ་དག་ཀྱང་མི་རེ་རེའི་བསམ་ཤོག་ཙམ་མིན་པར། ཁ་ཤས་ནང་མི་བརྒྱ་ཕྲག་ཡོད་པའི་དགོན་སྡེ་གྲྭ་ཚང་ཐོུང་གི་ངོས་ནས་དང༌། ཁ་ཤས་ནང་ཚོགས་པ་སྐྱིད་སྡུག་གི་ངོས་ནས། ཁ་ཤས་ནང་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ངོས་ནས། ཁ་ཤས་ནང་ས་གནས་འཐུས་མིའི་ཚོགས་འདུའི་ངོས་ནས། ཁ་ཤས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ངོས་ནས་ཡོད་རེད། གང་ལྟར་བསམ་ཤོག་ ༤༧༠༨༤ ནང་ཧ་ལམ་བཙན་བྱོལ་བོད་མི་ཚང་མའི་བསམ་ཚུལ་སླེབས་ཡོད་ཅེས་བརྗོད་ནའང་འགྲིགས། དེ་ཚོ་ཚང་མའི་ནང་དོན་རྣམས་བསྡོམས་སྐབས། མང་མོས་ཐག་གཅོད་འོས་བསྡུ་གནང་དགོས་མི་འདུག ྋརྒྱལ་བ་རིན་པོ་ཆེས་དུས་ནས་དུས་སུ་བཀའ་གང་གནང་ལ་རྒྱབ་སྐྱོར་ཞུ་གི་ཡིན་ཞེས་པ་དེ་ལ་བརྒྱ་ཆ་ ༦༤་༦༠ བྱུང་བ་རེད། དེ་ནི་མང་ཚོགས་ཀྱི་མང་མོས་ཤུགས་ཆེན་པོ་ཞིག་རེད། དེ་ནས་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་སྐབས་བཅིུས་པའི་གྲོས་ཚོགས་ཀྱིས་གྲོས་ཆོད་གྲགས་ཅན་ཞིག་བཞག་པ་དེའི་ནང༌། ང་ཚོས་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་ཆེད་དུ་ྋརྒྱལ་བ་རིན་པོ་ཆེས་བཀའ་གནང་བ་བཞིན་ལས་རིམ་འདི་དང་འདི་བརྩམས་པ་ཡིན། བོད་མིའི་གནས་ཡུལ་འདི་དག་ནས་བོད་མི་འདི་དག་གིས་རྒྱུ་མཚན་འདི་འདྲ་ཞུ་གི་འདུག དེས་ན་སྤྱི་འཐུས་ལྷན་ཚོགས་སྤྱི་ཡོངས་ཀྱི་ཐོག་ནས་ྋསྐྱབས་མགོན་རིན་པོ་ཆེ་ལ་རྒྱལ་སྤྱིའི་གནས་བབས་དང༌། རྒྱ་ནག་གི་གནས་བབས། བོད་ནང་གི་གནས་བབས་ལ་གཟིགས་ནས་དུས་ནས་དུས་སུ་ཆབ་སྲིད་ཀྱི་ལམ་སྟོན་ཇི་འདྲ་ཞིག་གནང་ཡང་དེ་ལ་བརྒྱ་ཆ་བརྒྱ་ཐམ་པས་སྤྱི་མོས་ཞུ་གི་ཡིན། དེ་ཙམ་དུ་མ་ཟད་ྋསྐྱབས་མགོན་རིན་པོ་ཆེས་གང་ཐག་གཅོད་གནང་བ་ལ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་མང་ཚོགས་ཀྱིས་ཐག་གཅོད་བྱས་པའི་ནུས་པ་དང་གཅིག་གྱུར་ལ་བརྩི་གི་ཡིན་ཞེས་འཁོད་ཡོད། གང་ལྟར་ྋརྒྱལ་བ་རིན་པོ་ཆེས་གང་ཐག་བཅད་པ་དེ་མང་མོས་ཐག་གཅོད་འོས་བསྡུའི་ཐག་གཅོད་དང་གཅིག་པ་ཡིན། དེ་ལ་ང་ཚོས་ཐེ་ཚོམ་ནམ་ཡང་ཞུ་གི་མིན་ཞེས་སྙན་གསན་ཞུས་པར་བརྟེན། ྋསྐྱབས་མགོན་རིན་པོ་ཆེས་དེ་འདྲ་ཡིན་ན་ངའི་ལངས་ཕྱོགས་དབུ་མའི་ལམ་ལ་འགྱུར་བ་མེད་ཅེས་བཀའ་ཕེབས་པ་ལ། སྤྱི་འཐུས་ལྷན་ཚོགས་ཀྱིས་འགྲིགས་ཀྱི་འདུག་ཅེས་ཡར་སྙན་གསན་ཕུལ་བ་རེད། དེ་ལྟར་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ནས་ད་བར་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར་འགྲོ་བཞིན་པ་དེ་རེད། མདོར་བསྡུས་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་ཐོག་མ་ྋསྐྱབས་མགོན་རིན་པོ་ཆེས་ལམ་སྟོན་གནང་བར་བཀའ་ཤག་དང་སྤྱི་འཐུས་ཀྱིས་རྒྱབ་སྐྱོར་ཞུས། དེ་ནས་དམིགས་བསལ་ཚོགས་ཆེན་གྱི་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཞུས། དེ་རྗེས་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་བརྒྱ་ཆ་ ༦༤་༦༠ ཡིས་མོས་མཐུན་ཞུས། དེ་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱི་གྲོས་ཆོད་བཞག་ནས་ཐག་གཅོད་བྱས་པ་ཞིག་རེད། དེས་ན་འདི་ནི་ྋརྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གི་ཐག་གཅོད་མིན་པར། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱིས་བསམ་ཞིབ་ནན་ཏན་བྱས་པའི་མཐའ་མའི་གྲུབ་དོན་ཞིག་རེད། མཐའ་དོན་ཞུ་དགོས་པ་ཞིག་ལ། དེ་ལྟར་ཐག་གཅོད་བྱས་པའི་ད་ལྟའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་འགྱུར་བ་གཏོང་དགོས་བྱུང་ན། འགྱུར་བ་གཏོང་བའི་ལམ་གང་དང་གང་ཡོད་པ་དེའང་མཁྱེན་དགོས། སྲིད་བྱུས་ཟེར་བ་དེ་ག་དུས་ཡིན་རུང་ཡུལ་དུས་གནས་སྐབས་ལ་ལྟོས་ཏེ་འགྱུར་བ་གཏོང་དགོས་པ་ཞིག་རེད། འོན་ཀྱང་ ༡༩༩༧ ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བཞག་པའི་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་ལྟར་ན། འདི་འགྱུར་བ་གཏོང་བ་ལ་ལམ་གཉིས་མ་གཏོགས་མེད། དང་པོ་ནི་ྋསྐྱབས་མགོན་རིན་པོ་ཆེ་ལ་འདི་འགྱུར་བ་གཏོང་བའི་སྐུ་དབང་ཆ་ཚང་ཕུལ་ཡོད་པར་བརྟེན་ྋསྐྱབས་མགོན་རིན་པོ་ཆེས་འགྱུར་བ་གནང་ན་གནང་ཆོག གཉིས་པ་ནི་མང་མོས་ཐག་གཅོད་འོས་བསྡུ་གནང་དགོས། དེ་གཉིས་ལས་གཞན་པའི་ལམ་མེད་པ་དེ་གསལ་པོ་མཁྱེན་དགོས། ཐུགས་རྗེ་ཆེ།