དྲི་བ་དྲིས་ལན་གྱི་ལམ་ལུགས་སྐོར།

དྲི་བ་དྲིས་ལན་གྱི་ལམ་ལུགས་སྐོར་དང༌། དྲི་བར་ལན་འདེབས་བྱེད་སྟངས།
དྲི་བ་དྲིས་ལན་གྱི་ལམ་ལུགས་ནི་གྲོས་ཚོགས་ཀྱི་ལམ་ལུགས་ཡོད་པའི་རྒྱལ་ཁབ་ཕལ་མོ་ཆེའི་ནང་ཡོད་པ་ཞིག་རེད། དེ་ཡང་གཞུང་འཛིན་བཀའ་ཤག་དེ་གྲོས་ཚོགས་ལ་འགན་འཁྱེར་དགོས་པ་དང་ལན་འདེབས་དགོས་པའི་ལམ་སྲོལ་ཅན་ཞིག་ཡིན་ན་གྲོས་ཚོགས་སུ་དྲི་བ་དྲིས་ལན་གྱི་ལས་རིམ་ཡོད་ཅིང༌། དེ་འདྲ་མ་ཡིན་རིགས་ལ་ལས་རིམ་འདི་མེད་པ་ཡིན། ལོ་རྒྱུས་ཀྱི་དབང་དུ་བྱས་ན་དྲི་བ་དྲིས་ལན་གྱི་ལམ་སྲོལ་འདི་ཐོག་མར་ ༡༧༢༡ ལོར་དབྱིན་ཇིའི་གྲོས་ཚོགས་འོག་མའི་ནང་ནས་འགོ་འཛུགས་བྱས་པ་ཞིག་རེད། དེའི་རྗེས་རྒྱལ་ཁབ་མང་པོ་ལ་དར་ཕྱིན་པ་རེད། གྲོས་ཚོགས་ནང་བཀའ་བློན་ལ་དྲི་བ་འདྲི་རྒྱུ་དེ་གྲོས་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་དུ་བརྩི་བ་དང་ཁེ་དབང་ལ་བརྩི་ཚུལ་གཉིས་ཀྱི་ཐོག་སྲིད་དོན་ཚན་རིག་པ་རྣམས་ལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང༌། ང་ཚོའི་འཕྲལ་སེལ་སྒྲིག་གཞིའི་ནང་དྲི་བ་བཀོད་ཆོག་གི་ཡོད་པ་ཙམ་ལས་གསལ་ཁ་བཏོན་མེད།གལ་ཆེ་ཤོས་ནི་འབྲེལ་ཡོད་བཀའ་བློན་གྱིས་བཀའ་ལན་གནང་མ་ཐུབ་པ་དང་མ་བདེ་བ་བྱུང་ན་མ་གཏོགས། དེ་མིན་བཀའ་ལན་ནོར་འཁྲུལ་མེད་པ་ཞིག་གནང་དགོས།གལ་ཏེ་བསམ་བཞིན་དུ་ནོར་འཁྲུལ་གཏང་བ་ཡིན་ན་དྲི་བ་འདྲི་མཁན་འཐུས་མི་བྱེ་བྲག་པའི་ཁེ་ཕན་ལ་གནོད་སྐྱོན་ཕྱིན་པ་ཞིག་དང༌། གྲོས་ཚོགས་ཀྱི་ཁེ་དབང་དང་ཐོབ་ཐང་ལའང་གནོད་སྐྱོན་དུ་གྱུར་པ་ཞིག་ལ་རྩིས་ཀྱི་ཡོད་པས་འགན་ཆེན་པོ་རེད། གསང་བ་དང་མཆོག་ཏུ་གསང་བའི་གནས་ཚུལ་རྣམས་ལན་གནང་གི་མིན་གསུངས་པ་ཡིན་ན་འགྲིག་གི་རེད། དེ་མིན་ཡིད་ཆེས་ཡོད་མཁན་གྱི་མི་ལ་བཤད་ཆོག་པའི་གནས་ཚུལ་ཡིན་ན། གྲོས་ཚོགས་ནང་འཐུས་མི་རྣམས་ཡིད་ཆེས་པའི་མི་ཤ་སྟག་ཡིན་པར་ཆ་བཞག་དགོས་པས། ལན་གསུང་གི་མིན་གསུངས་ན་མི་འགྲིག གཞི་རིམ་གྱི་གནས་ཚུལ་དེ་རྣམས་ཐུགས་ལ་བཞག་ནས་དྲི་བ་དྲིས་ལན་གནང་དགོས།ད་ལན་ང་ཚོས་འཕྲོ་དོན་དྲི་བ་འཐུས་མི་སུས་བཏང་ཡང་ཆོག་པ་བཟོས་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༢/༠༡/༡༤ ་་་ ༡༩༩༢/༠༢/༠༣