དྲི་བ་དྲིས་ལན་གྱི་དགོས་དོན་ལས་འཕྲོས་པའི་ལམ་སྟོན།

གྲོས་ཚོགས་ཀྱི་དྲི་བ་དྲིས་ལན་གྱི་ལས་རིམ་དེ་ལ་དུས་ཚོད་མང་ཤོས་གཏོང་དགོས་པ་དང༌། གལ་ཆེ་ཤོས་བརྩི་རྒྱུའི་ལས་རིམ་ཞིག་ཡིན། དེའི་དམིགས་ཡུལ་སྤྱི་འཐུས་རྣམ་པ་ཚང་མས་མཁྱེན་གསལ་ལྟར། དྭོགས་པ་ཡོད་པའི་རིགས་དང༌། གསལ་ཁ་མེད་རིགས་དེ་ཚོ་དྭོགས་པ་ཆོད་པ་དང་གསལ་པོ་བཟོ་རྒྱུའི་ཆེད་དུ་དྲི་བ་དྲིས་ལན་གནང་གི་ཡོད་པ་རེད། འོན་ཀྱང་ང་ཚོའི་གྲོས་ཚོགས་ནང་དྲི་བ་དྲིས་ལན་མང་པོ་ཞིག་དྲི་བ་དྲིས་ལན་ཚར་བའི་རྗེས་སུ་དྭོགས་པ་མང་དུ་དང༌། མགོ་བོ་རྨོངས་སུ་འགྲོ་བ་དེ་འདྲ་མང་པོ་ཡོང་བསྡད་ཀྱི་འདུག བར་ལམ་དྲི་བ་དྲིས་ལན་བྱུང་བ་ཚོའི་ནང་ད་ནང་སྔ་དྲོའི་ལས་རིམ་ནང་གི་དྲི་བ་ཨང་ ༩ དང་དེའི་ལན་གཉིས་ཀ་དམིགས་བསལ་ཡག་པོ་བྱུང་འདུག རྒྱབ་རྟེན་གྱི་ཡིག་ཆ་དང་བཅས་པ་གྲོས་ཚོགས་ནང་གནང་རྒྱུའི་ལམ་སྲོལ་དང་རེ་སྒུག་ཡོད་པ་བཞིན་གནང་འདུག དེ་འདྲ་སོང་ཙང་མ་འོངས་པར་སྤྱི་འཐུས་རྣམ་པ་ཚོས་དྲི་བ་བཟོས་སྐབས་དྲི་བ་དེ་གསལ་པོ་དང་གནད་ལ་འཁེལ་བ། དྲི་བ་དྲིས་མཁན་གྱི་བསམ་བློའི་ནང་གང་དྲི་བ་གནང་གི་ཡོད་པ་དེ་གསལ་པོ་ཡོད་པ་ཞིག་དང༌། བཀའ་ལན་གནང་མཁན་གྱིས་ཀྱང་ཡིན་མིན་ཐག་ཆོད་པའི་ལན་རྒྱབ་རྟེན་གྱི་ཡིག་ཆ་བཅས་ཚང་མ་གནང་ཐུབ་པ་བྱུང་ན་ཡག་པོ་འདུག ཡག་པོ་རེ་གཉིས་བྱུང་སྐབས་ང་ཚོ་དགའ་པོ་ཡོང་རྒྱུ་དང༌། སེམས་ཤུགས་འཕར་རྒྱུའི་གཞི་རྩ་ཞིག་ཡིན་ཙང༌། ངས་ཡག་པོ་བྱུང་འདུག་ཅེས་ཟུར་དུ་བཏོན་ནས་གྲོས་ཚོགས་ཀྱི་དེབ་ཐེར་ནང་འཇོག་རྒྱུའི་འདོད་པ་བྱུང་སོང༌།
འཕྲོ་དོན་དྲི་བ་ང་ཚོའི་གྲོས་ཚོགས་ནང་རིང་པོ་དང་མང་པོ་བྱུང་བ་བཞིན་ཕལ་ཆེར་གྲོས་ཚོགས་གང་གི་ནང་དུའང་ཡོང་གི་ཨེ་ཡོད་བསམ་གྱི་ཡོད། ཡང་ཡང་ཞུས་ཟིན་པ་ཞིག་ཡིན་ནའང་ད་དུང་བསྐྱར་ལྡབ་བྱ་རྒྱུ་ཞིག་ལ། འཕྲོ་དོན་དྲི་བ་ཟེར་བ་དེ་དྲི་བ་དངོས་གཞི་གང་ཡིན་དེའི་གནས་ཚུལ་དང་འབྲེལ་བ་ཡོད་པའི་དྲི་བ་གནང་རྒྱུའི་གོ་སྐབས་ཤིག་རེད་མ་གཏོགས། གནམ་འོག་ས་སྟེང་དུ་ཡོད་པའི་དངོས་པོ་ཡོངས་རྫོགས་འཕྲོ་དོན་དྲི་བའི་ནང་དུ་སྦྱར་གནང་རྒྱུ་དེ་གྲོས་ཚོགས་ཀྱི་ལམ་སྲོལ་དང་མཐུན་པ་མ་རེད་ཅེས་ངས་བསྐྱར་ནན་གྱིས་ཞུ་རྒྱུ་ཡིན། ཞེ་ས་མེད་པར་གསལ་པོ་བྱས་ནས་ཞུས་ན། སྤྱི་འཐུས་རྣམ་པས་གསུང་འདོད་ཅིག་བྱུང་ཡང་དེའི་ཆེད་དུ་ཕྱག་ལས་གནང་འདོད་མེད་པ་དང༌། དྲི་བ་གཅིག་འདྲི་དགོས་བྱུང་ན་ཡི་གེ་འབྲི་དགོས། རྩད་གཅོད་བྱ་དགོས། སྔོན་ཚུད་ནས་སྒྲིག་གཞི་བཞིན་ཚོགས་དྲུང་ལ་ཕུལ་དགོས་ལ་སོགས་པ་ཕྱག་ལས་མང་པོ་དེ་འདྲ་མི་དགོས་པ་གནང་ནས་རྟ་ཞོན་ཞོར་མེ་ཏོག་འཐུ་ཞོར་ཟེར་བའི་བཟོ་འདྲ་བྱས་ནས་གང་གཱ་རྒྱུག་ཞོར་ལ་ལག་པ་བཀྲུ་རྒྱུའི་བསམ་བློས་འཕྲོ་དོན་དྲི་བ་འབྲེལ་མེད་མང་པོ་དེ་དག་གྲོས་ཚོགས་ནང་གི་ཕྱག་ལས་གནང་སྟངས་ཡར་ཐོན་དང་དཔེ་བཟང་ཡོད་པ་ཞིག་མ་རེད། ཞེ་ས་མ་ཞུས་ན་སྐབས་འཚོལ་རིང་ལུགས་པ་ཟེར་བ་དེ་རེད། གཞན་ཡང་དྲི་བའི་སྔོན་ལ་གསུང་བཤད་རྒྱས་པོ་གནང་དགོས་པའི་རྒྱུ་མཚན་མེད། དྲི་བ་དེ་རྡོག་རྡོག་གསུང་གནང་དགོས་པ་ལས་དྲི་བའི་རྒྱབ་ལྗོངས་སུ་གསུང་བཤད་རིང་པོ་གནང་ན་དྲི་བ་དྲིས་ལན་གྱི་དུས་ཚོད་དེ་གསུང་བཤད་གནང་རྒྱུར་ཆེད་མངགས་བེད་སྤྱོད་བཏང་བའི་བཟོ་འདྲ་ཞིག་ཆགས་ཀྱི་འདུག དྲི་བ་དང་དྲིས་ལན་གནང་མཁན་གཉིས་ཀས་སོ་སོའི་ལྷག་བསམ་དང་དྲི་བ་གཏོང་རྒྱུའི་ཀུན་སློང་སྐོར་གསལ་བཤད་མང་པོ་ཞིག་གནང་བསྡད་ཀྱི་འདུག དེ་དགོས་པ་རྩ་བ་ནས་ཡོད་མ་རེད། ཀུན་སློང་ལ་དྭོགས་འདྲི་བྱུང་ན་འགྲེལ་བཤད་སྐྱོན་དགོས་པ་ཆགས་ཀྱི་རེད་མ་གཏོགས། སུ་ཞིག་གིས་ཀྱང་ཁྱེད་རང་ཀུན་སློང་མ་དག་པ་རེད་ཅེས་བརྗོད་མཁན་མེད་པའི་སྐབས་ནས་དྭོགས་པ་ཁོང་བསུས་ཀྱིས་ངའི་ཀུན་སློང་ཡག་པོ་ཡོད་ཅེས་འགྲེལ་བཤད་རྒྱག་དགོས་པ་ཡོད་མ་རེད། དེ་བཞིན་བཀའ་ལན་གནང་མཁན་གྱིས་ཀྱང་ཀུན་སློང་ཡག་པོ་ཡིན་པའི་འགྲེལ་བཤད་སྐྱོན་དགོས་མ་རེད། ཀུན་སློང་ཡག་པོ་ཡོད་པ་གཞི་ལ་བཞག་ནས་གྲོས་ཚོགས་འདིའི་ནང་ཕྱག་ལས་གནང་གི་ཡོད། དེ་བཞིན་དུ་ལན་ཡག་པོ་བྱུང་འདུག་ན་བསྐྱར་འདྲི་མ་ཞུས་པར་ཞལ་ཁག་བཞུགས་ན་དེས་འགྲིག་པ་རེད། བཀྲིན་ཆེ་ཐུགས་རྗེ་ཆེ་ཞེས་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་དེ་མི་དགོས་པ་རེད། དྲིས་ལན་གནང་བའི་སྐབས་ལ་ལན་རང་གནང་དགོས་པ་ལས་དེ་བགྲོ་གླེང་གི་དུས་ཚོད་མིན་ཙང་དྲི་བ་འདྲི་མཁན་གྱི་སྤྱི་འཐུས་ལ་ཕྱིར་ལོག་དྲི་བ་གནང་བ་དེ་ཚུལ་མཐུན་མ་རེད། གང་ལགས་ཟེར་ན། སྤྱི་འཐུས་དེ་ལ་ལན་བསྐྱོན་རྒྱུའི་གོ་སྐབས་ཡོད་མ་རེད། རིག་པའི་གཞུང་ལུགས་ལྟར་ན་འདྲི་མ་ཆོག་པ་མ་རེད། མགོ་གཅིག་དང་ནི་རྣམ་ཕྱེ་དང༌། །དྲི་དང་གཞག་པར་ལུང་བསྟན་པ།། ཞེས་མངོན་པ་མཛོད་ཀྱི་ནང་ལན་རྒྱག་སྟངས་སུ་མགོ་གཅིག་གིས་ལན་བརྒྱབ་པ་དང༌། རྣམ་པར་ཕྱེ་ནས་ལན་བརྒྱབ་པ་དང༌། དྲི་བ་ལ་དྲི་བ་བཀོད་ནས་ལན་བརྒྱབ་པ་དང༌། ལན་མ་བརྒྱབ་པར་བཞག་པ་བཅས་རྣམ་པ་བཞི་བཤད་ཡོད། བཀའ་བློན་རྣམ་པ་ཚོས་མཚམས་རེ་བཞག་པར་ལུང་བསྟན་པ་དེའི་ནང་མང་པོ་ཕེབས་ཀྱི་འདུག ཡིན་ནའང་གྲོས་ཚོགས་སུ་དྲི་བ་དང་དྲིས་ལན་གནང་བའི་སྐབས་མགོ་གཅིག་པ་དང་རྣམ་ཕྱེ་དེ་གཉིས་མ་གཏོགས། དྲིས་དང་བཞག་པ་གཉིས་པོ་དེ་ཕྱག་བཞེས་གནང་རྒྱུ་ཡོད་མ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠