དྲི་བ་དྲིས་ལན་གྱི་གནས་ཚད་ཚད་ལྡན་མེད་པ་ལས་འཕྲོས་པའི་གསལ་བཤད།

ཚོགས་དུས་སྔ་མ་མང་པོའི་ནང་ཡང་ཡང་ཞུས་ཟིན་པ་བཞིན། ད་དུང་ཡང་བློ་ཕམ་ཐོག་ནས་ཞུ་དགོས་པ་ཞིག་ལ། གྲོས་ཚོགས་ནང་དྲི་བ་དང་འཕྲོ་དོན་དྲི་བ་གནང་མཁན་གྲོས་ཚོགས་འཐུས་མི་ཚོའི་དྲི་བའི་གནས་ཚད་དང༌། དེ་ལ་བཀའ་ལན་གནང་མཁན་གྱི་བཀའ་བློན་ཚོའི་བཀའ་ལན་གྱི་གནས་ཚད་གཉིས་ཀ་མང་གཙོའི་གྲོས་ཚོགས་ཀྱི་ལམ་སྲོལ་དང་མཐུན་པའི་ཚད་ལྡན་བློ་ཁ་ཁེངས་པ་ཞིག་ཡོང་གི་མེད་པའི་ཚོར་བ་དེ་ཚོགས་གཙོ་ལ་ཡང་ཡང་ཡོང་གི་འདུག་ཅེས་མི་འདོད་བཞིན་དུ་བཤད་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་འདུག བཤད་པ་དེས་ཕན་ཐོགས་ཡོང་མིན་ལ་མ་ལྟོས་པར་བདེ་སྡུག་གི་ཚོར་སྣང་ཅན་གྱི་གང་ཟག་ཅིག་ཚོགས་གཙོ་ཡིན་ཙང༌། ལེགས་ཉེས་ཀྱི་ཚོར་བ་གང་བྱུང་བ་དེ་མ་བཤད་ན། རང་གི་ལས་འགན་མ་གྲུབ་པ་ཆགས་ཀྱི་རེད་བསམས་ཏེ་ཞུ་གི་ཡོད། གནས་ཚུལ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་མ་གཏོགས་གང་ཟག་བྱེ་བྲག་པ་ལ་དམའ་འབེབས་དང་སྐྱོན་བརྗོད་བྱེད་འདོད་ཀྱིས་ཞུས་པ་ཞིག་རྩ་བ་ནས་མིན། དྲི་བ་དྲིས་ལན་གྱི་གནས་ཚད་ཙམ་དུ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་གིས་སྒྲིག་ཁྲིམས་འཁྱེར་ཕྱོགས་ལའང་ཚོར་སྣང་སྣ་ཚོགས་ཤིག་ཡོང་གི་འདུག བཀའ་ཤག་གི་འགན་ཁུར་ནི་མཉམ་འདུས་ཀྱི་འགན་ཁུར་ཡིན་པ་གསལ་པོ་རེད། ཡང་ཡང་དེའི་སྐོར་འགྲེལ་བརྗོད་བྱས་ཡོད་ཅིང༌། བཅའ་ཁྲིམས་དང་སྒྲིག་གཞི་ཚང་མའི་ནང་གསལ་པོར་འཁོད་ཡོད། དྲི་བ་དེ་བཀའ་བློན་སུ་འདྲ་ཞིག་ལ་ཞུས་ཡོད་ཀྱང༌། སྐབས་བབ་ལས་འགན་གྱི་དབང་གིས་བཀའ་བློན་སོ་སོས་བཀའ་ལན་གནང་བ་མ་གཏོགས། དོན་དུ་བཀའ་ཤག་གི་མཉམ་འདུས་ཀྱི་འགན་ཁུར་ཞིག་གི་ཐོག་ནས་ལན་གནང་དགོས་པ་ཞིག་རེད། གལ་སྲིད་དྲི་བ་ཞུ་མཁན་གྱིས་བཀའ་བློན་གྱི་མཚན་འཁོད་པ་དེ་ནོར་ཡོད་ན་བཀའ་ཤག་ནང་བཀའ་བསྡུར་གནང་དགོས་པ་ཞིག་དང༌། བཀའ་ལན་གནང་མཁན་གྱི་བཀའ་བློན་བརྗེ་དགོས་ན། དེའི་སྔོན་བརྡ་ཚོགས་དྲུང་ལས་ཁུངས་ལ་གནང་དགོས་པ་དེ་འདྲའི་གནས་ཚུལ་ཞིག་ཡོད་རེད། དྲི་བ་གྲོས་ཚོགས་ནང་སླེབས་ཟིན་རྗེས་དྲི་བའི་འབོད་སྒྲ་སྦྱར་སའི་བཀའ་བློན་ལས་གཞན་པ་ཞིག་གིས་བཀའ་ལན་གནང་དགོས་བྱུང་ན། སྒྲིག་གཞི་ནང་གསལ་ཚོགས་གཙོའི་དབང་ཚད་ལྷག་མའི་བེད་སྤྱོད་འོག་ལ་ཕྱིན་ན་མ་གཏོགས། སྒྲིག་གཞིའི་ཚིག་ཟིན་ཐོག་ནས་ལམ་དེ་ཡོད་མ་རེད། དྲི་བ་གནང་མཁན་ཚོས་དྲི་བའི་ནང་ཚོགས་གཙོའི་ལས་དོན་བྱེད་ཕྱོགས་གང་ཡང་རུང་བ་ཞིག་གི་ཐོག་འགྲེལ་བརྗོད་དང་ལུང་འདྲེན་གནང་དགོས་ཡོད་ན། ཚོགས་གཙོ་ལ་སྔོན་བརྡ་དགོས་ཀྱི་རེད། ཚོགས་གཙོར་སྔོན་བརྡ་མེད་པར་ཚོགས་གཙོའི་ལས་དོན་བྱེད་ཕྱོགས་སྐོར་གྲོས་ཚོགས་ནང་གླེང་སློང་དང་ལུང་འདྲེན་བྱ་རྒྱུ་དེ་འགྲིགས་ཀྱི་ཡོད་མ་རེད། ད་རེས་དྲི་བ་གཅིག་གི་འཕྲོ་དོན་གྱི་དྲི་བའི་ཞོར་ལ་བུ་ལོན་གཏོང་ལེན་གྱི་ཁྲིམས་མཐུན་གྱི་ཡིག་ཆ་ཡག་པོ་མེད་པ་དེའི་དབང་གིས་ཚོགས་གཙོར་རོགས་རམ་ཞུ་ཆེད་ཡོང་བ་རེད་ཅེས་གོ་རྒྱུ་འདུག་ཅེས་གསུངས་སོང༌། གྲོས་ཚོགས་ནང་དེའི་གནས་ཚུལ་གསལ་པོ་མ་བཟོས་ན་མ་འགྲིགས་པར་བརྟེན། དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་མ་རེད་ཅེས་ཞུ་རྒྱུ་ཡིན། ཁྲིམས་མཐུན་གྱི་ཡིག་ཆ་ཡག་པོ་མེད་ན་དེ་ལ་ཚོགས་གཙོས་རོགས་པ་བྱེད་རྒྱུ་གང་ཡང་ཡོད་མ་རེད། ཡིག་ཆ་གཞིར་བཟུང་ཁྲིམས་ཁང་ནས་བུ་ལོན་གཡར་མཁན་གྱི་མཁར་དབང་བཙན་ལེན་བྱ་རྒྱུའི་བཀའ་མ་ཞུས་པའི་སྔོན་ལ་བར་འདུམ་པ་ཞིག་བསྐོ་གཞག་བྱ་དགོས་རྒྱུ་དེ་ཡིག་ཆའི་ནང་འཁོད་ཡོད། དེར་བརྟེན་བུ་ལོན་གཏོང་མཁན་གྱི་འཛིན་སྐྱོང་ཚོགས་པ་དེས་གྲོས་ཆོད་ཐོག་ནས་ཚོགས་གཙོ་གང་ཟག་བྱེ་བྲག་པ་ལ་བར་འདུམ་པར་བསྐོ་གཞག་བྱས་པ་རེད། དེ་གཞིར་བཟུང་བུ་ལོན་ཁག་གཉིས་ཐོག་ཁྲིམས་མཐུན་གྱི་བར་མིའི་ལས་འགན་བྱེད་རིམ་གང་ཡོད་པ་དེ་དག་བྱས་ཏེ་དེ་འབྲེལ་གྱི་ཡིག་ཆ་དགོས་པ་དེ་བཟོས་པ་རེད། དེ་ནི་རྗེས་མ་ཁྲིམས་ཁང་ནས་ཁྲིམས་མཐུན་གྱི་བཀོད་ཁྱབ་བླང་རྒྱུའི་ཆ་རྐྱེན་ཚང་བ་བཟོ་རྒྱུ་ཞིག་རེད་མ་གཏོགས། སྔོན་མ་ཁྲིམས་མཐུན་གྱི་ཡིག་ཆ་ཡག་པོ་མེད་པ་དེ་ད་ལྟ་ཡག་པོ་བཟོ་རྒྱུ་དང༌། ཡང་ན་དེ་ལ་རོགས་རམ་བྱ་རྒྱུའི་ཆེད་དུ་ཚོགས་གཙོ་ལ་རོགས་པ་བཙལ་བ་ཞིག་མ་རེད། གནས་ཚུལ་དེ་གྲོས་ཚོགས་ནང་གསུངས་པ་འགན་ཁུར་དགོས་པའི་བཀའ་མོལ་ཞིག་གི་ཁར་ལ་བྱུང་ཙང༌། གསལ་པོ་བཟོ་དགོས་པ་ཞིག་རེད། ཡང་དྲི་བ་གཞན་ཞིག་གི་ཞར་ལ། མ་ཇ་ནུ་ཀྲི་ལའི་ས་ཆ་ཁྲིམས་མཐུན་ཡོང་ཆེད་ལྐོག་རྔན་སྤྲད་པའི་ལས་ཀ་བྱེད་ན་འགྲིགས་ཀྱི་མ་རེད་ཅེས་ཚོགས་གཙོས་ལབ་ཡོད་རེད་ཅེས་གསུངས་སོང༌། དེ་ཡང་ཚིག་དེ་དག་མགོ་མཇུག་ཆ་ཚང་ཞིག་མ་བྱུང་ན། ཆ་མ་ཚང་བའི་ལུང་འདྲེན་དེ་གོ་དོན་ལོག་པར་བཀྲལ་སྲིད་པར་བརྟེན། རྒྱུན་ལས་ཀྱིས་མཁྱེན་གྱི་ཡོད་ཀྱང་གྲོས་ཚོགས་ཀྱིས་མཁྱེན་དགོས་པ་ཞིག་ལ་ཚོགས་གཙོ་གཞུང་འབྲེལ་གྱིས་མཇ་ནུ་ཀྲི་ལའི་མང་ཚོགས་ལ་འཚམས་འདྲི་ཞུ་ཆེད་བཅར་སྐབས་ཤིག་ལ། གསོལ་ཇ་བཞེས་སའི་ཁང་པའི་ནང་ས་གནས་ཀྱི་འཐུས་མི་ཞིག་གིས་ཁོ་ཚོའི་ས་ཆ་ཁྲིམས་མཐུན་ཡོང་ཆེད་ལས་འགུལ་ཞིག་བྱེད་ཀྱི་ཡོད། དེའི་ཆེད་ས་གནས་མི་མང་ནས་གང་ལ་གང་འཚམས་དངུལ་བསྡུས་པ་ཡིན། གཞུང་ངམ་སྤྱི་འཐུས་ལྷན་ཚོགས་ནས་དེའི་ཐོག་དངུལ་འབབ་ཀྱི་རོགས་རམ་གནང་དགོས་ཀྱི་འདུག་ཅེས་གསུངས་སོང༌། དེ་སྐབས་ཚོགས་གཙོས་འགྲོ་སོང་དེ་ག་འདྲ་གཏོང་གི་ཡིན་ནམ་ཞེས་འདྲི་བརྩད་བྱེད་སྐབས་འགྲོ་སོང་དེ་དག་ཆ་ཚང་ཁྲིམས་མཐུན་དང་བྱུང་འཛིན་ཡོད་པ་བྱས་ཏེ་བཏང་ཐུབ་པ་མི་འདུག་ཅེས་ལན་གནང་སོང༌། དེ་འདྲ་ཡིན་ན་དེའི་ཐོག་སྤྱི་འཐུས་ལྷན་ཚོགས་ནས་དངུལ་འབབ་གནང་རྒྱུ་ཡོད་མ་རེད། གཞུང་གི་ངོས་ནས་དངུལ་གནང་རྒྱུ་ལའང་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་ཞུ་མི་ཐུབ་པ་མ་ཟད། དགག་བྱ་བྱེད་དགོས་པ་ཞིག་ཆགས་ཀྱི་རེད། གང་ལགས་ཤེ་ན། སྔོན་རྩིས་དང་རྗེས་རྩིས་གཏོང་རྒྱུ་མེད་པའི་བར་ལྡིང་གི་འགྲོ་སོང་མིང་མེད་པ་དེ་འདྲ་གཏོང་ཆེད་གཞུང་འབྲེལ་གྱི་རོགས་རམ་བྱེད་མི་ཐུབ།ང་རང་སྒེར་གྱི་བསམ་ཚུལ་ལའང་ལས་དོན་དེ་དག་རྩིས་ཁྲ་གཞག་རྒྱུ་མེད་པའི་འགྲོ་སོང་གི་ཐོག་ནས་བྱེད་རྒྱུ་དེ་ཡག་པོ་མིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ལབ་པ་ཡིན། ལོ་ཁ་ཤས་སོང་ཙང་ངས་ཞུས་པའི་ཚིག་དེ་ཚོར་ཕྲན་བུའི་ཁྱད་པར་འགྲོ་སྲིད་པ་མ་གཏོགས། དོན་དག་དངོས་ཡོད་དེ་རང་ཡིན། དེ་ཡང་གནས་ཚུལ་ཆ་ཚང་ཞིག་མ་མཁྱེན་ན་འགྲིགས་ཀྱི་མ་རེད་བསམ་གྱི་འདུག ལར་ནས་གྲོས་ཚོགས་ནང་གི་དྲི་བ་དྲིས་ལན་དེ་དག་དྲི་བ་གནང་མཁན་དང་བཀའ་ལན་བསྐྱོན་མཁན་གཉིས་ཀས་སྲིད་གཞུང་ཞིག་དང་གྲོས་ཚོགས་ཤིག་གི་མཚན་མཐོང་དང་གནས་ཚད་ལ་དགོངས་པ་བཞེས་པའི་ཐོག་ནས་ཐུགས་འགན་ཆེན་པོ་བཞེས་དགོས་པ་དང༌། ཐུགས་སྣང་ཆེན་པོ་གནང་དགོས་ཀྱི་འདུག འཕྲོ་དོན་གྱི་དྲི་བ་དེ་དག་སླེབས་སྐབས་འབྲེལ་ཡོད་བཀའ་བློན་ཞིག་ཡིན་ཕྱིན་ཆད་གང་ལ་གང་འཚམས་ཀྱི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་གསུང་རྒྱུ་ཡོད་དགོས་པ་དེ་གལ་ཆེན་པོ་འདུག་ཅེས་ངས་སྔོན་མའང་མང་པོ་ཞུས་ཡོད་ལ། ད་དུང་ཡང་ཞུ་རྒྱུ་ཡིན། དེའི་ཐོག་ནས་འཛིན་སྐྱོང་གི་གནས་ཚད་དེ་མཚོན་གྱི་ཡོད་རེད། དབུ་ལ་བཞུགས་མཁན་འགན་འཛིན་བཀའ་བློན་དེས་ལས་ཁུངས་ནང་གི་ལས་དོན་ཐོག་བཏང་འཛིན་ཇི་ཙམ་ཡོད་པ་ནི་གནས་ཚུལ་གོ་རྟོགས་དང་ཐུགས་ངེས་ཡོད་མེད་ལ་བལྟས་ནས་གསལ་པོ་མཚོན་ནུས་པ་ཞིག་རེད། འཛིན་སྐྱོང་གི་ལས་དོན་སྤྱི་དང༌། ལྷག་པར་དུ་གྲོས་ཚོགས་ནང་དྲི་བ་བྱུང་བའི་རྙོག་འཛིངས་ཅན་གྱི་དོན་གནད་དེ་དག་འགན་འཛིན་བཀའ་བློན་གྱིས་ཕྲ་ཞིང་ཕྲ་བ་ཞིག་མཁྱེན་རྟོགས་མེད་པར་དྲིས་ལན་ལས་ཁུངས་ནས་བཟོས་པ་དེ་ལྗགས་ཀློག་གནང་རྗེས་འཕྲོ་དོན་དྲི་བ་མང་ཆེ་བ་རྗེས་སུ་ཡིག་ཐོག་ནས་འབུལ་རྒྱུའི་བཀའ་མོལ་གནང་དགོས་བྱུང་དུས། ལྟ་སྣང་ལ་བྱས་པ་ཡིན་ན་དབུ་བཞུགས་བཀའ་བློན་གྱིས་ཞིབ་ཚགས་པོ་ཞིག་ཐུགས་ངེས་མེད་པ་དང་ཐུགས་སྣང་གནང་གི་མེད་པ་ཞིག་མཚོན་གྱི་རེད། དེ་གྲོས་ཚོགས་ལམ་སྲོལ་ཅན་གྱི་མང་གཙོའི་རིང་ལུགས་ནང་འགྲོ་མཁན་དང༌། ཡར་ཐོན་ཅན་གྱི་སྲིད་གཞུང་ཞིག་ལ་རྒྱན་དང་དགེ་མཚན་ཆགས་ཀྱི་མ་རེད་ཅེས་ཚོགས་གཙོས་གསལ་པོ་ལབ་དགོས་པའི་གནས་ཚུལ་ཞིག་ཆགས་ཀྱི་འདུག ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ། ༡༩༩༦/༠༡/༣༠ ་་་ ༡༩༩༦/༠༢/༡༠