དྲི་བ་དྲིས་ལན་གནད་དུ་ཕིག་པ་ཞིག་ཡོང་གི་མེད་ཚུལ།

དྲི་བ་དྲིས་ལན་གྱི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང༌། དྲི་བ་དྲིས་ལན་གནད་དུ་ཕིག་པ་ཞིག་ཡོང་གི་མེད་ཚུལ།
དྲི་བ་དྲིས་ལན་གྱི་ལས་རིམ་འདི་གྲོས་ཚོགས་ཀྱི་ལས་རིམ་རྣམས་ཀྱི་ནང་ནས་གལ་ཆེ་བའི་ལས་རིམ་ཞིག་རེད། འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་འཁུར་བའི་ཐོག་ནས་དྲི་བར་ལན་འདེབས་བྱེད་དགོས་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དེ་ལག་ལེན་དུ་བསྟར་བའི་གོ་སྐབས་བཟང་ཤོས་ཤིག་རེད་ལ། འཛིན་སྐྱོང་གི་ཕྱག་ལས་དང་དོན་གནད་ཚང་མའི་སྐོར་མང་ཚོགས་ལ་གནས་ཚུལ་གསལ་པོ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་ལྟར། ཐོབ་ཐང་བེད་སྤྱོད་གཏང་སའི་བརྒྱུད་ལམ་ཞིག་ཀྱང་རེད།དེར་བརྟེན་སྤྱི་འཐུས་རྣམ་པས་མང་ཚོགས་ཀྱི་སྐུ་ཚབ་ཚད་ལྡན་ཞིག་གནང་འདོད་ཡོད་ན།དྲི་བ་གནང་ཕྱོགས་ལ་སློབ་སྦྱོང་གནང་དགོས་ཀྱི་འདུག དྲི་བ་གནང་སྟངས་གནད་དུ་སྨིན་པོ་ཞིག་མ་བྱུང་སྐབས། འདྲི་རྒྱུའི་དོན་གནད་ཀྱི་ཐོག་དྭོགས་པ་ཆོད་རྒྱུ་དང་གསལ་དུ་འགྲོ་རྒྱུའི་ཚབ་ལ་དྭོགས་པ་མང་དུ་འགྲོ་བ་དང་མགོ་སྦོས་ཆེ་རུ་འགྲོ་བ་ཞིག་ཡོང་གི་ཡོད་པ་གཟིགས་བཞིན་པ་དེ་རེད། དྲི་བ་དྲིས་ལན་ནི་དྭོགས་པ་སེལ་རྒྱུའི་ཆེད་དུ་རེད་མ་གཏོགས། དྭོགས་པ་གསར་དུ་བསླང་རྒྱུའི་ཆེད་མ་རེད།གྲོས་ཚོགས་གཞན་དག་ཏུ་གྲོས་ཚོགས་ཀྱི་དྲི་བ་ལ་བརྗོད་ཚིག་ཡིག་འབྲུའི་གྲངས་ཚད་དང༌། འཕྲོ་དོན་དྲི་བ་ལ་དུས་ཡུན་ཚོུད་སྐར་ཆའི་ཚད་གཞི་སོགས་དོ་དམ་པོ་ཡོད་རུང༌། ང་ཚོ་འདི་གར་དེ་འདྲའི་དོ་དམ་པོ་མེད་པར་གོ་སྐབས་ལྷོད་དལ་ཡོད་ནའང༌། ད་དུང་དྲི་བ་རྣམས་གནད་ལ་སྨིན་པ་དང༌། གནད་དོན་གསལ་པོ་མེད་པ་ཞིག་གསལ་པོ་བཟོ་རྒྱུའི་དམིགས་ཡུལ་ལ་འཁྱོལ་བ་ཞིག་ཡོང་དཀའ་ཙམ་འདུག་པས། སྤྱི་འཐུས་རྣམ་པས་ཐུགས་སྣང་གནང་གལ་ཆེ་བ་འདུག དྲི་བའི་འགེངས་ཤོག་གི་རྒྱབ་ཏུ་ཚོགས་འདུའི་སྒྲིག་གཞིའི་དོན་ཚན་ཁག་ལ་ཐུགས་སྣང་དགོས་པའི་མཆན་ཡང་བཀོད་ཡོད།
བཀའ་བློན་རྣམ་པས་དྲིས་ལན་གོ་སྒྲིག་གནང་སྟངས་སྐོར་ལའང་སྔོན་དུ་ལན་གཅིག་ལས་མང་བ་ཞུས་ཟིན་ཅིང༌། ད་དུང་བློ་ཕམ་དང་འཚེར་སྣང་བཅས་ཞུ་རྒྱུ་ལ།དྲིས་ལན་མང་ཆེ་བ་རོབ་རྩིས་དང་སྤོམ་ཚོད་བྱས་པ་མ་གཏོགས། ཐག་ཆོད་པོ་དང་གསལ་པོ་གཏན་འཁེལ་བ་ཞིག་ཡོང་གི་མི་འདུག ལན་ཁ་ཤས་ཧ་ཅང་བསྡུས་དྲགས་པས་མི་གསལ་བ་དང༌།ཁ་ཤས་ཚིག་ལོ་ཧ་ཅང་མང་བས་མི་གསལ་བ།དྲི་བའི་ཐོག་ཐད་ཀར་རྣག་ཐོག་གཙག་འཁེལ་ཞིག་མེད་སྟབས། དྭོགས་པ་ཆ་ཚང་སེལ་ཐུབ་པ་ཞིག་ཡོང་གི་མི་འདུག སྐབས་རེ་ཡིག་ཐོག་འཁོད་པའི་ལན་དང༌། འཕྲོ་དོན་དྲི་བའི་ལན་ངག་ཐོག་ནས་གསུངས་པ་གཉིས་མི་མཐུན་པའང་ཡང་ཡང་ཡོང་གི་འདུག དེ་ཚོ་དྲིས་ལན་གོ་སྒྲིག་ནང་སྦྱོང་ཚད་ལྡན་གནང་གི་མེད་པའི་རྟགས་རེད། ཚོགས་ཐེངས་གཅིག་གི་ནང་བྱུང་ཟིན་པའི་དྲི་བ་རྣམས་ལ་ཞིབ་འཇུག་གནང་སྟེ། ཚོགས་ཐེངས་རྗེས་མར་དྲི་བ་དེ་བསྐྱར་ལྡབ་བྱུང་ན་ངོ་ཚ་པོ་རེད་དགོངས་པའི་ཐུགས་གཟབ་མི་གནང་བ་དེ་གྲོས་ཚོགས་ལ་འགན་ཁུར་ཆུང་དྲགས་པ་ཞིག་རེད། དྲི་བ་དྲིས་ལན་གནང་བ་འདིས་དངོས་སུ་གཞུང་དོན་ལ་ཕན་ནུས་ཡོད་པ་ཞིག་ཡོང་ཐབས་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀས་གནང་དགོས་པ་མ་གཏོགས། དོན་གནད་ལས་གཡོལ་ཐབས་དང༌། དུས་ཚོད་འབུད་རྒྱག་ཐུབ་ཙམ་གྱི་ཐབས་ཤེས་གནང་ན་ཡག་པོ་མ་རེད། ལྷག་པར་དུ་དྲི་བ་གཏོང་མཁན་ཚོས་འགན་འཁུར་བའི་ཐོག་ནས་དོན་གནད་གང་ཡང་ཁུངས་སྐྱེལ་ར་སྤྲོད་ཐུབ་པ་ཞིག་གནང་དགོས་པ་མ་གཏོགས། ལན་དེ་ལ་ཡིད་ཆེས་མེད་ཟེར་བ་དང་ངོས་ལེན་མེད་ཟེར་བ་ལྟ་བུའི་ཚིག་བེད་སྤྱོད་བཏང་ན་ཕན་ཐོགས་གང་ཡང་མེད།
ཁ་སང་དྲི་བ་དྲིས་ལན་སྐབས་སྤྱི་འཐུས་ཤིག་གིས་བཀའ་བློན་གྱི་དྲིས་ལན་དེར་ཡིད་ཆེས་མེད་ཅེས་གསུངས་སོང༌།གྲོས་ཚོགས་ཀྱི་ལམ་སྲོལ་ནང་ཡིད་ཆེས་མེད་ཅེས་པའི་ཚིག་དེ་བེད་སྤྱོད་གཏོང་ལམ་གཅིག་ལས་མི་འདུག དེ་ནི་ཡིད་ཆེས་མེད་པའི་གྲོས་འཆར་གྱི་ལམ་ནས་གཏང་རྒྱུ་དེ་རེད། དེར་བརྟེན་ཁ་སང་སྤྱི་འཐུས་གཅིག་གིས་ཡིད་ཆེས་མེད་ཅེས་གསུངས་པའི་ཚིག་དེ་གྲོས་ཚོགས་ཀྱི་ཡིག་ཆའི་དེབ་ཐེར་ནས་ཕྱིར་བཏོན་བྱེད་རྒྱུ་ཡིན། ཞེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥