དུས་རབས་ཀྱི་ཉི་གཞོན།

མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
དུས་རབས་ཉི་ཤུའི་འཛུམ་དཀར་འཕྲོས་པའི་ཚེ།།
འཇིག་རྟེན་དགེ་བཅུའི་ཐོས་བསམ་དཔལ་གྱི་རྒྱན།།
ཆབ་སྲིད་རྒྱལ་རྔ་ལྡིར་བའི་ཁྱོན་དུ་ཁྱབ།།
༸རྒྱལ་བའི་དགོངས་པ་འཁྲུལ་བྲལ་ཐོག་མར་བཞད།།

ངུར་སྨྲིག་འཚོ་བ་དཀྱུས་མའི་ལོ་ཟླ་བསྐྱལ།།
གཞུང་ཆེན་ཟབ་དོན་ལུང་རིགས་མན་ངག་འཐུ།།
ཕྱི་ཡི་སྤྱོད་པ་འདུལ་བའི་ལུགས་དང་མཐུན།།
ནང་དུ་གསང་བའི་མན་ངག་བདུད་རྩི་འཁྱིལ།།
རྫོགས་ལྡན་གཉིས་གསུམ་ལ་སོགས་སྙིགས་དུས་སུ།།
རྒྱལ་བར་བསྙེན་བཀུར་ཞབས་ཏོག་ཡང་དག་སྒྲུབ།།
འཇིག་རྟེན་ཚུལ་ལུགས་བསྟུན་པར་ཀུན་གྱིས་བཀུར།།
གདོང་དམར་ཅན་ལ་བཀའ་དྲིན་སྲིད་ལས་བྲལ།།
ལྷན་སྐྱེས་མཛའ་བརྩེའི་དར་ཡུག་ལྷོད་མེད་ངང་།།
བོད་མིར་མཐུན་སྒྲིལ་གཤོག་ཡང་མཁའ་རུ་ལྡིར།།
མི་རིགས་ལ་རྒྱའི་འགྲོ་དོན་གཞོལ་འདིས་བྲེལ།།
ཤེས་ལྡན་གཉིས་སྐྱེས་དཔའ་པོ་ཁྱེད་མིན་སུ།།
བོད་དོན་ཉི་འོད་འགྲོ་བའི་ལམ་སྟོན་དང་།།
བོད་འབངས་རེ་སྐོང་སོམ་ཉི་སེལ་མཛད་པ།།
རྒྱལ་སྲིད་འབྱོར་བ་ཕུན་ཚོགས་རྟག་ཏུ་སྐྱོངས།།
གཉེན་བཤེས་ཟམ་གདོང་བླ་མ་ཁྱེད་མིན་སུ།།
བོད་ཡུལ་མུན་སེལ་སྔོན་བྱོན་མཁས་གྲུབ་དང་།།
གཉིས་སུ་མེད་པའི་ཟམ་གདོང་བླ་མ་ཡིས།།
དཀའ་བ་ཁྱད་བསད་བོད་དོན་དུ་མར་གཏུགས།།
ལེགས་བསྒྱུར་མུན་རུབ་དུས་འདིར་སྒྲོན་མེ་སྦར།།
ཁྱེད་ཀྱི་རྣམ་དཀར་དགེ་བ་མེ་འཁྱེར་འདིས།།
བོད་མི་ས་ཡ་དྲུག་གི་རེ་སྨོན་སོགས།།
འོད་སྣང་ཞི་བདེའི་ཉི་གཞོན་འཆར་དུ་འཛུམ།།
མྱུར་དུ་གངས་ཅན་ལྗོངས་སུ་ཁྱབ་པར་སྨོན།།