དམིགས་བཀར་མིང་དོན་མཚུངས་པ་དགོས་པའི་གྲོས་ཆོད་གྲོས་འཆར་དང་འབྲེལ་ནས་ཁྲིམས་སྒྲིག་བརྩི་བསྲུང་གི་འདུན་པ་ལྷོད་སྐྱོན་སྐོར་འགྲེལ་བརྗོད།

གྲོས་ཚོགས་ཀྱི་དགོངས་ཚུལ་གང་ཡིན་ད་ལྟ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་གསུངས་པ་དེས་གསལ་པོ་བྱུང་བ་ཡོད། བཀའ་ཤག་གིས་གྲོས་ཆོད་དེ་མ་བཞག་གོང་ལ་དུས་ཚོད་ཅིག་དགོས་ཞེས་གསུངས་པ་ལྟར་ད་ལྟ་གསལ་བཤད་གནང་སོང༌། དེར་བརྟེན་ཕྱོགས་གཉིས་ཀ་ནས་གནས་ཚུལ་ཞིག་སླེབས་པ་ཡིན་སྟབས། གྲོས་ཚོགས་ཀྱི་དགག་བྱ་མེད་ཚེ། ཚོགས་གཙོས་དེའི་ཐོག་ལ་ཐག་གཅོད་བྱེད་ན་བསམ་པ་བྱུང༌། མང་གཙོའི་ལམ་སྲོལ་དེ་ྋརྒྱལ་བ་རིན་པོ་ཆེས་བཙན་དབང་ཐོག་ནས་མ་ཡིན་པར་བྱམས་བརྩེའི་སྒོ་ནས་ང་ཚོར་ལམ་སྟོན་གནང་བ་ཞིག་རེད། དེ་ལ་ང་རང་ཚོའི་ངོས་ནས་ཀྱང་དྭང་བླངས་ཞུས་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱང་ྋགོང་ས་ཆེན་པོས་ཟིན་བྲིས་ཙམ་ལས་བཙན་དབང་གིས་ཐག་གཅོད་གནང་བ་མ་རེད། མི་མང་གིས་འོས་བསྡུ་བྱས་པའི་སྤྱི་འཐུས་ཚོས་རྣམ་དཔྱོད་བཏོན་ཏེ་བགྲོ་གླེང་གནང་ནས་གཏན་ལ་ཕབ་པ་ཞིག་རེད། ད་བར་དེ་ལ་ང་ཚོའི་དགོས་གལ་དང་བསྟུན་ནས་བསྐྱར་བཅོས་ཀྱང་གྲངས་ ༩ གནང་ཟིན་པ་རེད། བཅའ་ཁྲིམས་དང་སྒྲིག་གཞི་ཁག་གཞུང་གི་འཛིན་སྐྱོང་ཚུལ་མཐུན་དང༌། ཡང་དག་པ། མཛད་སྟབས་བདེ་བ་ཡོང་ཆེད་རེད་མ་གཏོགས། ལས་དོན་ལག་བསྟར་བྱེད་མཁན་ཚོའི་རྐང་པ་ལག་པ་བསྡམ་རྒྱུའི་ཆེད་མ་རེད། སྤྱི་འཐུས་སྐབས་བཅིུག་པས་བཅའ་ཁྲིམས་གཏན་ལ་ཕབ་རྗེས་བཅའ་ཁྲིམས་གཞིར་བཟུང་འོས་ཐོན་བྱུང་བའི་བཀའ་ཤག་སྐབས་དང་པོའི་བཀའ་བློན་ཚོ་མཉམ་བཀའ་སྤྱི་ལྷན་ཚོགས་དང་པོ་གནང་བའི་སྐབས། བཅའ་ཁྲིམས་དང་དེ་འོག་གཏན་འབེབས་བྱས་པའི་ཁྲིམས་སྒྲིག་རྣམས་ལྷམ་ལ་དཔེ་སྦྱར་ཏེ་ཆུང་དུས་ལྷམ་གྱོན་མ་མྱོང་བའི་ཀློ་པ་ཞིག་ལ་ལྷམ་གཡོག་ན་དང་ཐོག་བདེ་པོ་ཡོང་གི་མ་རེད་དེ། ཉིན་མ་ཁ་ཤས་ཨུ་ཚུགས་བརྒྱབ་ན་རྐང་པ་གོམས་འགྲོ་གི་རེད། གོམས་པའི་རྗེས་ལ་སྤྱི་ཚོགས་ཀྱི་རྡོ་ཧྲུབ་དང་ཚེར་མ་ག་འདྲ་ཞིག་གི་ནང་འགྲོ་དགོས་ཀྱང་འཇིགས་ཞུམ་མེད་པར་བློ་བདེ་པོས་འགྲོ་ཐུབ་པ་ཡོང་གི་རེད་ཅེས་ཞུས་པ་ཡིན། འོན་ཀྱང་ང་ཚོའི་འཛིན་སྐྱོང་འགན་འཛིན་ཚོས་ད་ལྟའང་ཞབས་གོམས་མེད་པའི་བཟོ་ཞིག་མཐོང་གི་འདུག བཅའ་ཁྲིམས་དང་ཁྲིམས་སྒྲིག་དེ་ཚོ་ད་ལྟའང་རྒྱན་དུ་མ་སོང་བར་ཁུར་དུ་སོང་བ་འདྲ་ཞིག་སྐབས་མང་པོར་མཐོང་བསྡད་ཀྱི་འདུག བཅའ་ཁྲིམས་རིན་པོ་ཆེས་དབུས་པའི་ཁྲིམས་སྒྲིག་ག་འདྲ་ཞིག་ཡིན་རུང་ཐུགས་སྟབས་མ་བདེ་བ་ཞིག་ཡོད་ན་བསྐྱར་བཅོས་གནང་རྒྱུའི་ལམ་དང་ལུགས་སྲོལ་ཡོད་བཞིན་པ་རེད། ཁྲིམས་སྒྲིག་ལ་བསྐྱར་བཅོས་མ་བྱས་པར་དེ་དང་མ་མཐུན་པར་ཕེབས་རྒྱུའི་ཐབས་ཤེས་མ་གནང་ན་ཡག་གི་མིན་འགྲོ། སྤྱི་འཐུས་སྐབས་བཅིུག་པས་བར་སྐབས་ཤིག་ལ་ཡང་བསྐྱར་བཀའ་ཤག་ལ་ཁྲིམས་དང་སྒྲིག་གཞི་དགོས་གལ་ཡོད་མེད་བཀའ་འདྲི་ཞུས་པ་ཡིན། དེ་དུས་ཀྱང་དགོས་ཀྱི་འདུག་གསུངས་སོང༌།

བཅའ་ཁྲིམས་དང་སྒྲིག་གཞི་ཁག་གཞིར་བཟུང་བཙན་བྱོལ་གཞུང་གི་དཔལ་འབྱོར་འདུ་འགོད་དང་གཏོང་ལེན་གྱི་དབང་སྒྱུར་ཆ་ཚང་གྲོས་ཚོགས་ཀྱིས་གནང་ཐུབ་པ་ཞིག་ཡོང་རྒྱུ་དང༌། གཞུང་གི་དཔལ་འབྱོར་གྱི་གནས་སྟངས་ཕྱི་གསལ་ནང་གསལ་རྩིས་དཔང་འཕེར་ངེས་ྋགོང་ས་མཆོག་དང་མང་ཚོགས་ལ་འགན་ཁུར་དང༌། ལན་འདེབས་ཐུབ་ངེས་ཤིག་ཡོང་རྒྱུའི་འབད་བརྩོན་ཞུ་བཞིན་པ་ཡིན། ཡིན་ནའང་འཛིན་སྐྱོང་གི་ངོས་ནས་དེ་ལ་མཐུན་འགྱུར་ཆ་ཚང་ཞིག་གནང་གི་མེད་པ་འདྲ་པོའི་མཐོང་ཚུལ་ཕྲ་ལ་ཕྲན་བུ་ཞིག་སྐབས་རེ་སྐབས་རེ་ཡོང་བསྡད་ཀྱི་འདུག དེ་མཐོང་ཚུལ་རེད་མ་གཏོགས་དངོས་གནས་རེད་ཅེས་ཞུ་གི་མེད། ང་ཚོའི་མཐོང་ཚུལ་ནོར་སྲིད་པ་རེད་ལ། ནོར་བ་ཡིན་ན་ཡག་ཤོས་དེ་རེད། མཐོང་ཚུལ་གཞན་ཞིག་ནི་བཀའ་ཤག་ལ་ཐུགས་འདོད་ཡོད་ན་གྲོས་ཚོགས་ཀྱི་འབད་བརྩོན་ལ་མཐུན་འགྱུར་ཆ་ཚང་གནང་མི་ཐུབ་པ་རྩ་བ་ནས་ཡོད་མ་རེད་བསམ་གྱི་ཡོད།
ཡང་བཀའ་ཤག་ལ་དེ་འདྲའི་འདུན་པ་མེད་ནའང་གྲོས་ཚོགས་ལ་དེ་འདྲའི་འདུན་པའི་སྟོབས་ཤིག་ཡོད་ན་གྲོས་ཚོགས་ཀྱིས་བཏང་འཛིན་གནང་ཐུབ་ངེས་ཤེས་པའི་ཁྲིམས་ཀྱི་ཆ་རྐྱེན་ཡོད་པ་རེད། ཡིན་ནའང་ད་བར་ང་ཚོའི་གནས་སྟངས་དེ་ངའི་ཕ་ཡུལ་གྱི་གཏམ་དཔེ་ལ། སྟེང་རྡོ་འཁོར་དུས་འོག་རྡོ་མི་འཁོར། གཉིས་ཀ་འཁོར་དུས་རྩམ་པ་མི་བབས་ཟེར་བ་ནང་བཞིན་ཞིག་ཆགས་འགྲོ་གི་འདུག མཚམས་རེ་ཨུ་ལུ་འགྲོ་འདོད་མེད་པ་དང༌། བོང་གུ་ཉལ་འདོད་ཡོད་པ་མཐུན་ཟེར་བ་ལྟར་གྲོས་ཚོགས་དང་འཛིན་སྐྱོང་ཐུགས་འདོད་མཐུན་འགྲོ་བ་དང༌། མཚམས་རེ་བླ་མ་རྟ་བསམ་མཁན་ལ་རྟ། གྲྭ་པ་ལུག་བསམ་མཁན་ལ་ལུག ཚེ་འདས་ཡར་འདྲེན་བྱེད་མཁན་ལ་ཞོ་ཕོར་པ་གང་ཟེར་བ་འདྲ་ཞིག་བྱས་ནས་འགྲོ་བསྡད་ཀྱི་ཡོད་རེད། ཚོགས་གཙོ་ཡིན་པའི་ཆ་ནས་དོན་གནད་གང་གི་ཐོག་ལའང་རྒྱབ་སྐྱོར་དང་དགག་བྱའི་གཏམ་བཤད་བྱ་རྒྱུའི་གོ་སྐབས་མེད་ནའང༌། ལས་རིམ་གྱི་འགྲོ་སྟངས་ཐོག་ཚོར་སྣང་ཇི་བྱུང་ཐག་གཅོད་ཟིན་རྗེས་འགྲེལ་བརྗོད་བྱེད་རྒྱུ་དང༌། གྲོས་ཚོགས་ཀྱི་དགོངས་ཚུལ་དང་བསྟུན་པའི་ལམ་སྟོན་བྱེད་རྒྱུ་ནི་ཚོགས་གཙོའི་འགན་ཡིན་པས་ཞུས་འདོད་མེད་ནའང་ཞུ་དགོས་པ་བྱུང་སོང༌། ཐུགས་ལ་མ་འཐད་ན་གེ་སར་གྱི་སྒྲུང་གླུར། གོ་བ་རྣ་བའི་བུ་རམ་གྱིས། མ་གོ་གླུ་ལ་ཡང་བཤད་མེད། ཟེར་བ་ལྟར་གནང་ན་འགྲིག་གི་རེད། ངས་སྐུ་རྩེད་དང་སྦྲགས་མཚམས་རེ་ཚིག་ཅུང་ཟད་རྣོ་པོ་འདྲ་ཞུས་བསྡད་ཀྱི་ཡོད་དེ། བོད་མི་རྣམས་བྱམས་བརྩེ་དང་བཟོད་བསྲན་ཆེ་བས་ཐུགས་ལ་ཕོག་གི་མི་འདུག རྗེ་གུང་ཐང་པས། གཏམ་འདི་ཀུན་ལ་ཕོག་གྱུར་ཅིག །ཕོག་ནས་གོ་བློ་སྐྱེ་གྱུར་ཅིག །གསུངས་པ་ནང་བཞིན་བྱུང་ན་བསམ་པའི་རེ་བ་ཡིན། ད་ལྟའི་གྲོས་འཆར་འདི་ལ་བཀའ་ཤག་གི་ཐུགས་དྭོགས་ཡོད་ན་སྟོན་ཁའི་ཚོགས་དུས་དྲུག་པའི་བར་གདང་ལ་བཀལ་ནས་བཞག་གི་ཡིན། དེའི་བར་ལ་རྒྱུན་ལས་དང་བཀའ་བསྡུར་གནང་ནས་གསེད་བཀྲོལ་ཐུབ་པ་ཡོང་བའི་རེ་བ་ཡོད། དེ་བྱུང་ན་རྗེས་སུ་གྲོས་ཚོགས་སུ་སྙན་གསན་ཞུ་རྒྱུ་དང༌། མ་བྱུང་ན་སྐབས་དེར་གྲོས་ཆོད་ཐོག་བགྲོ་གླེང་གིས་ཐག་གཅོད་ཞུ་གི་ཡིན། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་ལྔ་པ། ༡༩༩༨/༠༣/༡༦ ་་་ ༡༩༩༨/༠༣/༢༧