དཔེ་སྟོན་ཡབ་ཆེན་གྱི་འཁྲུངས་སྐར་ལ་ཕུལ་བ།

བསྟན་འཛིན་ཤེས་རབ། ལོ་ ༡༥འཛིན་གྲྭ་བཅུ་པ། དཔེ་སྟོན་སློབ་གྲྭ
ཞོགས་པའི་ནམ་མཁའ་རུ་བྱིའུ་རྣམས་གང་འདོད་དུ་འཕུར་བ་དང། སྙན་འཛོམས་ཀྱི་གླུ་དབྱངས་ལེན་པ་ནི་མི་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཚུངས། ཞོགས་པའི་བསེར་བུའི་ཁྲོད་བུ་ཆུང་ང་རང་དགའ་སྐྱིད་ལྡན་པའི་གླུ་དབྱངས་ལེན་བཞིན། གྲོང་མི་ཚོས་ལས་ཀར་བྲེལ་བའི་སྣང་ཚུལ་ལ་བལྟས་ནས་བསྡད། དེ་ནས་བུ་ཆུང་ང་རང་སྔོ་ལྗང་ལྡན་པའི་སྤང་ལྗོངས་སྟེང་དུ་ཤོག་བུ་དཀར་པོའི་སྟེང་ཡབ་ཆེན་མཆོག་ལ་བསྟོད་རྩོམ་འབྲི་བར་བརྩམས་པ་ཡིན།

དཔེ་སྟོན་གྱི་ཡབ་ཆེན་ལགས། རིན་ཐང་ཆེ་བའི་དཔེ་སྟོན་གྱི་ཨ་ཕ་ལགས། བཀའ་དྲིན་ཅན་གྱི་དཔེ་སྟོན་གྱི་ཀ་བ་ལགས། ཁྱེད་ང་ཚོའི་ཀ་བ་དང་མཚུངས་ལ། ཁྱེད་ནི་ང་ཚོའི་སེམས་སུ་རི་བོའི་བཀོད་པ་ལྟར་བརྗིད་ཅིང་གནས། ཁྱེད་ཀྱི་གོམ་སྟབས་རེ་རེ་དང་ལྷན་དཔེ་སྟོན་སློབ་གྲྭར་ཡར་རྒྱས་སོང་ཞིང། ཁྱེད་ཀྱིས་མི་གཞན་དང་མི་འདྲ་བར། སློབ་གྲྭ་རྩེ་ཕུད་དག་བཙུགས་ཡོད་པ་དང། ཁྱེད་ཀྱི་འོད་སྣང་ཕྱོགས་བཞིར་ཁྱབ་ཡོད།
ཁྱེད་ཉིད་དེང་སྐབས་ས་ཕྱོགས་གང་དུ་ཕེབས་ནའང་། སྤོབས་པ་མཐོ་པོའི་ངང་ཕེབས་ཆོག དཔེ་སྟོན་སློབ་གྲྭ་དེ་བོད་སྐད་གཙང་མའི་སློབ་སྦྱོང་བྱ་ཡུལ་ཡིན་པ་དང་། ཕྲུ་གུ་གཞན་གྱི་ཕ་མ་རྣམས་འགྱོད་པ་སྐྱེས་བཞིན་སློབ་གྲྭ་དེ་རུ་ཚུད་བའི་རེ་སྨོན་བྱེད་བཞིན་ཡོད། དཔེ་སྟོན་སློབ་གྲྭ་ནི་ཡི་གེ་གཅིག་པུར་སྦྱང་ས་ཙམ་མ་ཡིན་པར་། གཞན་ཕན་སོགས་ཀྱང་བསླབ་ཀྱི་ཡོད། སློབ་གྲྭ་དེ་ནི་བོད་སྐད་ཡིག་བསྐྱར་གསོ་བྱེད་མཁན་གྱི་སློབ་གྲྭ་ཞིག་ཡིན།
དུས་རྒྱུན་དུ་བུ་ཆུང་ང་རང་ཁོང་གིས་བསླབ་བྱ་བརྒྱབ་དུས་མི་གཞན་དང་མི་འདྲ་བར་རྣ་མཆོག་ཀྲོང་ངེར་ཉན་གྱི་ཡོད་ལ། ཁོང་གི་དེབ་དེ་ཚོ་ཡང་ཡང་ཀློག་འདོན་བྱེད་ཀྱི་ཡོད། ཁོང་གིས་བོད་ཀྱི་བཀའ་བློན་ཁྲི་པར་ལོ་ངོར་བཅུ་ཙམ་གནང་རིང་། རང་རེའི་སློབ་གྲྭ་བཙུགས་ཏེ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཞེས་པའི་མཚན་སྙན་གནང། ཁྱེད་ཀྱིས་འཛུམ་དང་བཅས་དགའ་བའི་གསུང་བཤད་དང་བཀའ་སློབ་གནང་སྐབས། ད་ཆ་སློབ་ཕྲུག་གཞན་ལས་ལྷག་པ་ཆགས་མ་ཐུབ་ན་ཡང་རྗེས་སུ་མི་ལུས་པ་ཞིག་ཆགས་སོང། ཁྱེད་ནི་བུ་ཆུང་ང་ཙམ་མ་ཟད་བོད་མི་ས་ཡ་དྲུག་གི་རྩ་ཆེན་ནོར་བུ་ཞིག་ཡིན་པ་དང་། ད་དུང་ཡང་བོད་མི་ང་ཚོའི་ཆེད་དུ་ཕྱག་ལས་གནང་བཞིན་ཡོད། ཁྱེད་དང་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལས། ད་ཆ་བུ་ཆུང་ང་ཚོ་སློབ་སྦྱོང་བྱེད་རྒྱུ་གོ་སྐབས་བཟང་པོ་རག་པ་མ་ཟད། དྲོ་སོབ་སོབ་ཀྱི་ཁོར་ཡུག་ཅིག་ཀྱང་ཐོབ་བྱུང། བུ་ཆུང་ང་རང་ལོ་ཆུང་དུས་སྐབས་ཁོང་གིས་ངའི་མགོ་བོར་བྱིལ་བྱིལ་གནང་བ་དེ། བུ་ངས་ཡིད་ལ་དྲན་དུས་མིག་ནས་མིག་ཆུ་ལྷུང་ལྷུང་དུ་འབབ་ཀྱི་འདུག
བཙན་བྱོལ་དུ་ཁོང་གིས་གཞུང་འབྲེལ་ཡིག་ཆ་ཚང་མ་བོད་སྐད་ཐོག་ཏུ་བེད་སྤྱོད་བྱེད་པར་འབད་བརྩོན་གནང་བ་དང་། གཞུང་ཞབས་ཀྱི་གསལ་བསྒྲགས་ཀྱང་བོད་སྐད་ཐོག་བེད་སྤྱོད་བྱ་རྒྱུར་འབད་བརྩོན་གནང་བ་རེད།
བུ་ཆུང་ང་རང་གིས་རྨི་ལམ་ནང་དུ་ཡང་ཁྱེད་མི་བརྗེད་ལ། ཁྱེད་ཀྱིས་གསུངས་པའི་བཀའ་སློབ་བཟང་པོ་དེ་ཡང་ངས་ཉིན་རེ་ནས་ཉིན་རེར་དྲན་བཞིན་ཡོད། བུ་ཆུང་ང་ཡི་རེ་བར་ཁྱེད་ཉིད་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པ་དང། དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ལ་བུ་ཆུང་ང་ཙམ་མ་ཟད་བོད་མི་ས་ཡ་དྲུག་གིས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

དཔེ་སྟོན་ཡབ་ཆེན་ཟམ་གདོང་རིན་པོ་ཆེ།།
ཁྱེད་ཀྱི་སྐུ་གཟུགས་རི་ལས་བརྗིད་པ་དང།།
ཁྱེད་ཀྱི་ཐུགས་སེམས་གངས་དཀར་ལྟ་བུ་ཡིན།།
ཁྱེད་ཉིད་མི་བརྗེད་སེམས་སུ་བཅངས་ནས་ཡོད།།

བོད་ཀྱི་སྐད་ཡིག་ཡར་རྒྱས་དངོས་སུ་བཏང།།
དེ་ནི་ཁྱེད་ཀྱི་ཐུགས་རྗེ་ཟབ་མོ་ཡིན།།
དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལ།།
བུ་ཆུང་ང་ཡིས་ཐུགས་རྗེ་ལེགས་འབུལ་ཞུ།།