དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོ།

༄༅། །བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་འཁྲུངས་སྐར་གྱི་དགའ་སྟོན་ལ་བསྟོད་དབྱངས་དད་གསུམ་གསལ་བྱེད།
གངས་ཅན་མགོན་པོའི་མཛད་འཕྲིན་དཔུང་འདེགས་དང།།
གངས་ཅན་རིག་གནས་གོང་མཐོར་སྤེལ་བའི་སླད།།
གངས་ཅན་འགྲོ་བའི་བསོད་ནམས་ཞིང་མཆོག་ཏུ།།
གངས་ཅན་བོད་དུ་བསམ་བཞིན་ཁྱོད་སྐུ་བལྟམས།།

ལང་ཚོའི་མེ་ཏོག་བཞད་པའི་དུས་ཉིད་ནས།།
བྱམས་བརྩེའི་འཛུམ་མདངས་སྔོན་བྱོན་དམ་པ་ཡི།།
རང་རྟགས་མངོན་པར་གསལ་བའི་གཞོན་ནུ་དེ།།
བསྟན་པའི་གསལ་བྱེད་ཆེན་པོར་བཞེངས་འདི་མཚར།།
གཞོན་ནུའི་སྔོན་བྱས་འབྲས་བུ་གཡུར་ཟ་བས།།
༸རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་དང་ལྷན།།
རིག་གནས་མེ་ཏོག་ལྡུམ་རར་སྤྲོ་བཞིན་དུ།།
འཇུག་པའི་རྣམ་ཐར་འདི་ཡང་ཨེ་མ་ཧཱོ།།
དཔེ་ཟླ་མེད་པའི་རྣམ་དཔྱོད་ཟོང་རྣོན་གྱིས།།
བཀའ་པོད་ལྔ་ཡི་གཞུང་དོན་གཏེར་བཏོན་ནས།།
སྦས་པའི་རྣལ་འབྱོར་འདུལ་འཛིན་ཆེན་པོ་རུ།།
བཞེངས་པའི་མཛད་བཟང་འདི་ཡང་རྗེས་སུ་དྲན།།
སྐུ་ཚེ་སྔོན་མར་སྦྱངས་པ་སྔོན་སོང་མཐུས།།
ལེགས་སྦྱར་སྒྲ་སོགས་ཐུན་མོང་རིག་གནས་ལ།།
འབད་པ་ཆུང་ངུས་རླབས་ཆེན་མཁྱེན་རྒྱའི་རྩལ།།
རྗོགས་པའི་ངང་ཚུལ་འདི་ཡང་ཨེ་མ་ཧཱོ།།
སྙིགས་མ་ལྔ་ཡི་རྒུད་ཚོགས་བརྡོལ་དང་ལྷན།།
བོད་ཁམས་སྣོད་བཅུད་༸རྒྱལ་བསྟན་གཉེན་འཕྲང་དུས།།
༸གོང་ས་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱིས།།
རླབས་ཆེན་སྲི་ཞུའི་མཛད་འཕྲིན་རྗེས་སུ་དྲན།།
ལྷག་པར་བཀའ་ཡི་བློན་པོ་ཁྲི་བ་དང། །
ལུགས་གཉིས་གྲོས་ལ་དབང་བའི་གཙོ་བོ་སོགས།།
ཁུར་ཆེན་བདག་གིར་བཞེས་ཏེ་བོད་འབངས་རྣམས།།
མང་གཙོ་བདེ་སྐྱིད་དཔལ་སྦྱོར་ཨེ་མ་ཧཱོ།།
དཔའ་མཛངས་ཁྱེད་ཀྱིས་ལེགས་གསུང་ཉི་ཟེར་གྱིས།།
བོད་འབངས་ལུགས་ཟུང་པདྨོ་སྐྱོང་དང་ལྷན།།
ལམ་ནོར་སྨྲ་ངན་སྲིན་བྱ་འུག་པའི་ཚོགས།།
དམུལ་ལོང་གནས་སུ་འགོད་འདི་རྗེས་སུ་དྲན།།
མཁས་བཙུན་བཟང་པོའི་དགའ་ཚལ་སྣུམ་པོའི་ཁྲོད།།
འཆད་རྩོད་རྩོམ་པའི་མེ་ཏོག་ཉམས་དགའ་བར།།
ཆོལ་གསུམ་བོད་མི་དགའ་དད་སྤྲོ་གསུམ་གྱིས།།
བཀའ་དྲིན་རྗེས་སུ་དྲན་ཏེ་བསྟོད་དབྱངས་འབུལ།།
ཁྱེད་སྐུ་གངས་དཀར་ཏི་སེ་རབ་བརྟན་ཞིང་།།
རྨད་བྱུང་མཛད་འཕྲིན་ཆུ་བོ་རྣམ་བཞིའི་རྒྱུན།།
བདག་ཅག་གདུལ་བྱའི་ཉ་མོ་འཚོ་བའི་རྟེན།།
འཛད་མེད་རིང་དུ་སྐྱོངས་མཛོད་མཁྱེན་པའི་གཏེར།།
རྒྱད་སྨད་སློབ་གཉེར་ཁང་གི་སློབ་སྤྱི་དགེ་ལས་སློབ་མ་ཡོངས་ནས་དཔལ་ལྡན་བླ་མའི་བཀྲིན་རྗེས་སུ་དྲན་ཏེ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་དང་དགའ་དད་སྤྲོ་བའི་མེ་ཏོག་ཚུན་པོས་བརྒྱན་ཏེ་ཕུལ།། །།