དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་།
༈ བདེན་གཏམ་བསྟོད་དབྱངས་རོལ་མོ།
༄༅།། རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཡི།། མདོ་སྔགས་བསྟན་པའི་གནད་ཀུན་མ་ལུས་པ།། ཡོངས་སུ་འཛིན་ཅིང་ཆོས་ཀྱི་རྒྱལ་མཚན་ཆེ།། སྒྲེང་མཛད་མཁས་པའི་དབང་པོ་རྒྱལ་གྱུར་ཅིག།།
དུས་འདིར་བསྟན་སྲིད་ལུགས་གཉིས་སྐྱོང་ཕྱིར་དུ།། སྔོན་གྱི་ཐུགས་བསྐྱེད་དམ་བཅའི་མཐུ་ནུས་ལས།། བསམ་བཞིན་དུས་ཐོག་མིག་གི་བདུད་རྩི་རུ།། བལྟམས་ཏེ་འཁྲུལ་མེད་ངོས་འཛིན་བྱུང་ལ་འདུད།།
གོང་མའི་རྣམ་ཐར་བདག་གིར་ལྷུར་བཞེས་ཏེ།། གཞུང་ཆེན་གསན་སྦྱོང་གྲྭ་སྐོར་དམ་བཅའ་དང།། དཔལ་ལྡན་སྟོད་རྒྱུད་སྡེ་འདིར་བཀོད་དེ།། རྡོ་རྗེ་ཐེག་པའི་ཉམས་བཞེས་མཛད་དེར་འདུད།།
༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་།། རིགས་ཀྱི་ཅོད་པཎ་ཡོངས་འཛིན་རྣམ་པ་གཉིས།། དམ་པའི་མགོན་རྣམས་བསམ་དང་སྦྱོར་བ་ཡིས།། བསྟེན་ཚུལ་ཕུལ་བྱུང་དཔེ་ཟླ་བྲལ་དེར་འདུད།།
འདུ་འཛིའི་སྤྲོས་པ་ཆེ་བ་དེང་གི་དུས།། ངུར་སྨྲིག་རྒྱལ་མཚན་རྟག་ཏུ་མི་འབྲལ་ཞིང།། ལག་འདོགས་ཆུ་ཚོད་རྒྱན་ཚུན་འཛེམ་མཛད་པའི།། གསུམ་ལྡན་འདུལ་འཛིན་ཆེན་པོ་ཕྱག་གི་ཡུལ།།
ལོ་མང་ན་གཞོན་སློབ་ཕྲུག་སྟོང་ཕྲག་འགའ།། བསྐྱངས་ཏེ་ཕྱི་ནང་རིག་གནས་རབ་ཕྱུག་ཅིང་།། ཆོས་སྲིད་ལུགས་གཉིས་འདེགས་བཟོད་སྐྲུན་མཛད་པ།། ཁྱེད་ཀྱི་སྙིང་སྟོབས་ལྷག་བསམ་གཞལ་ནུས་བྲལ།།
ལེགས་སྦྱར་དབྱིན་སྐད་ཐུན་མོང་རིག་གནས་ཚོགས།། མཁས་རྒུའི་དབུས་ན་མངོན་པར་མཐོ་ནའང་།། ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་གསུམ་གྱིས།། མདོ་སྔགས་ཉམས་ལེན་འབྲས་བཟང་དུད་འདིར་བསྔགས།།
དབང་ཐང་གཟི་བརྗིད་ཐུན་མོང་མིན་པ་ཡི།། སྐུ་ཡི་ཉམས་དང་གསུང་གི་ཟུར་ཙམ་གྱིས།། ཕ་རོལ་སྤོབས་པ་འཇོམས་པའི་དཔལ་ལྡན་ཡང་།། ཞི་དུལ་སྦྱང་བའི་ཡོན་ཏན་གནས་འདིར་བསྔགས།།
འཇིག་རྟེན་སྲིད་ཀྱི་མཁྱེན་པའི་དཔལ་མཐོ་བའི།། ཚད་མཐོའི་མང་མོས་མང་བཀུར་འོས་ཐོབ་ཀྱང་།། གངས་ཅན་མགོན་པོའི་བཞེད་དགོངས་ཇི་བཞིན་དུ།། འཛོལ་མེད་བཀའ་སྒྲུབ་མཛད་ལ་སྙིང་ནས་འདུད།།
སྐུ་ཚེ་ཧྲིལ་པོ་བསྟན་སྲིད་དོན་དུ་ནི།། ཉིན་མཚན་ཁོར་མོར་བྱ་བའི་ལས་ཞུགས་ཀྱང།། བསླབ་གསུམ་ཉམས་བཞེས་བསྟན་འཛིན་གཙུག་གི་རྒྱན།། དམ་ཆོས་བདུད་རྩིའི་གྲུ་ཆར་འབེབས་ལ་འདུད།།
མཆོག་གསུམ་སྤྱི་དང་གསང་ཆེན་འདུས་པའི་སྡེའི།། དགེ་འདུན་མི་ཕྱེད་བདེན་པའི་ཐུགས་སྨོན་མཐུས།། སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་།། མཛད་པ་འཕྲིན་ལས་གོང་དུ་འཕེལ་གྱུར་ཅིག།།
ཅེས་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་སྣོད་བཅུད་དང་བཅས་པ་རྩ་བརླག་འགྲོ་ཉེན་གྱི་དུས་སྐབས་གཉན་འཕྲང་ཅན་གྱི་དུས་འདིར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་གདུགས་དཀར་གྱེན་དུ་འདེགས་པ་ལ་གཞན་དྲིང་མ་མཆིས་པའི་རླབས་ཆེན་གྱི་མཛད་རྗེས་ཅན། རང་ཅག་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་སྐྱེས་མཆོག ལུགས་གཉིས་ཀྱི་དཔལ་ལ་དབང་འབྱོར་བའི་གསུམ་ལྡན་འདུལ་བ་འཛིན་པ་ཆེན་པོ། མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་འདི་ལོ་དགུང་གྲངས་དོན་ལྔར་བཞེས་པའི་སྐུའི་འཁྲུངས་སྐར་དུས་སྟོན་ཉིན། གང་གི་མཛད་པ་རྣམ་ཐར་མཁས་བཙུན་བཟང་གསུམ་གྱི་ཚུལ་ལ་བསྟོད་པའི་གསོལ་འདེབས་དང་འབྲེལ་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཕྱོགས་ཀུན་ཁྱབ་པའི་སྨོན་འདུན་དང་བཅས་གསང་ཆེན་སྟོད་རྒྱུད་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས། བོད་རྒྱལ་ལོ་༢༡༤༡ ཕྱི་ལོ་༢༠༡༤ ཟླ་༩ ཚེས་༢༢ ཉིན་དང་བས་ཕུལ།