དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་དབང་ཆེན་ལ་འབྱོར་བའི་གཞིས་བཞུགས་བོད་མི་རྣམས་ལ་གནང་བའི་གསུང་བཤད།
ད་ལམ་གངས་ཅན་བོད་ཀྱི་ཡུལ་ནས་འཕགས་ཡུལ་དཔལ་ལྡན་འབྲས་སྤུངས་སུ་ཆེད་གཉེར་གསུང་ཆོས་སུ་ཕེབས་མཁན་གྱི་བླ་སྤྲུལ་མཁན་པོ། དགེ་བཤེས་རྣམ་པ་དང༌། དགེ་འདུན་རྣམ་པ། བཙུན་མ་རྣམ་པ། དེ་བཞིན་བོད་རིགས་སྤུན་ཟླ་ཕོ་མོ་རྒན་བྱིས་ཡོངས་ལ་ཞུ་རྒྱུར། ཐོག་མ་ད་རེས་ཁྱེད་རྣམ་པས་ས་ཐག་རིང་པོར་སྐུ་ངལ་དང༌། དུས་ཚོད། འགྲོ་གྲོན་སོགས་ལ་མ་འཛེམས་པར་ཆོས་དད་དང༌། བླ་སློབ། རྗེ་འབངས་ཀྱི་དམ་ཚིག་འདོར་བ་མེད་པར་དཀའ་བ་ཁྱད་དུ་བསད་དེ་གནས་ཁྱད་པར་ཅན་སྟོན་མཆོག་རྣམ་འདྲེན་བཞི་པས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་ཆེན་པོ་ཐོག་མ་གང་དུ་གསུངས་པའི་གནས་རྒྱ་གར་དཔལ་ལྡན་འབྲས་སྤུངས་སུ། སྟོན་པ་ཁྱད་པར་ཅན་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དྲུང་ནས། དུས་ཕུན་སུམ་ཚོགས་པ་ཤིང་བྱ་དགུན་ར་མགོ་ཟླ་བའི་ཡར་ངོ་ལ། ཆོས་ཕུན་སུམ་ཚོགས་པ་གསང་སྔགས་བླ་ན་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་གི་རིམ་པ་ཟབ་མོ་ཞུ་བའི་དོན་དུ། ཁྱེད་ཅག་འཁོར་ཕུན་སུམ་ཚོགས་པ་བོད་ཀྱི་ཆོལ་ཁ་གསུམ་གྱི་རིས་སུ་མ་ཆད་པའི་ས་གནས་ཁག་ནས་ཕེབས་པའི་རྒྱལ་སྲས་བླ་སྤྲུལ། མཁན་པོ་སློབ་དཔོན། དཀའ་རམ་དགེ་བཤེས། དགེ་འདུན་དང་བཙུན་མ། ཁྱིམ་པ་ཕོ་མོ་ཁྲི་ཕྲག་དགུ་ལ་ཉེ་བ་ཆེད་དུ་ཕེབས་པ་རྣམས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བཙན་བྱོལ་བོད་མི་གཞུང་མང་གཉིས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་དགའ་བསུ་དང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དངོས་གནས་བྱས་ན་དགའ་བསུའི་འཚམས་འདྲི་ཉིན་དང་པོ་ནས་ཞུ་དགོས་ཀྱང༌། ལས་དོན་སྣ་མང་དབང་གིས་ང་རང་འདིར་ཚེས་བཅུ་ལ་མ་གཏོགས་བཅར་མ་ཐུབ་པ་དང༌། གསུང་ཆོས་དང་གསུང་བཤད་སོགས་ཀྱི་མཛད་རིམ་གཞན་མང་པོ་ཞིག་ལ་བརྟེན་ནས་དེ་རིང་བར་དུ་མཇལ་ཐུབ་མ་སོང༌། དེ་རིང་དགའ་བསུའི་ཚབ་ཏུ་ཕེབས་སྐྱེལ་ཞུ་བའི་དུས་ཚོད་ལ་སླེབས་ཡོད། ཉིན་དང་པོ་ནས་མཇལ་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་དང༌། དེ་རིང་དགའ་བསུ་དང་དགའ་སྐྱེལ་གཉིས་ཀ་སྡེབ་གཅིག་ལ་ཞུ་དགོས་བྱུང་སོང༌།
ཆོས་ལྡན་བོད་ཀྱི་ཞིང་དུ་ཆབ་སྲིད་ཀྱི་འགྱུར་ལྡོག་མི་བཟད་པའི་དབང་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་རིགས་ཆིག་འབུམ་ལྔ་ཁྲི་ཙམ་ཞིག་རང་ཡུལ་བྲལ་ནས་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་གྱིས་གནས་དགོས་བྱུང་བ་དང༌། བོད་མི་བྱིངས་རང་ཡུལ་དུ་གནས་ཀྱང་ཆོས་སྲིད་ཀྱི་རང་དབང་མེད་པར་གནས་དགོས་བྱུང་སྟེ་ལོ་ ༤༦ དང༌། མི་རབས་བཞི་ཙམ་སོང་བའི་སྐབས་འདིར་ད་རེས་འཕགས་ཡུལ་གྱི་གནས་ཆེན་ཁྱད་པར་ཅན་འདིར་གཞིས་བྱེས་བོད་མི་མང་པོ་མཉམ་འཛོམས་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཆོས་དང་ཟང་ཟིང་གི་དགའ་སྟོན་ལ་ཉིན་ཁ་ཤས་རིང་མཉམ་དུ་སྤྱོད་རྒྱུ་བྱུང་བ་འདི་ནི་བླ་ན་མེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་དང༌། གོ་སྐབས་འདིའི་ཐོག་ང་ཚོ་ཚང་མས་ཕྱོགས་གཅིག་ནས་ཆོས་འཆད་ཉན་དང༌། ཕྱག་མཆོད་འབུལ། སྡིག་སྤོང་དགེ་སྒྲུབ་གང་ཐུབ་བྱས་ཏེ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་ཐབས་དང༌། དེ་ལ་བརྟེན་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་གསོལ་འདེབས་སྨོན་ལམ་གང་ཐུབ་གནང་དགོས་པ་དང༌། ཕྱོགས་གཞན་ཞིག་ནས་བྱེས་འབྱོར་བོད་མིའི་སྤྱི་ཚོགས་དང༌། ཆབ་སྲིད། ཤེས་ཡོན། རིག་གཞུང་སོགས་ཀྱི་གནས་སྟངས་སྐོར་མཁྱེན་རྟོགས་ཐུབ་པ་གནང་གལ་མ་ཟད། གཞིས་བྱེས་གཉིས་ཀྱི་བར་གནས་ཚུལ་དང་བསམ་ཚུལ་བརྗེ་རེས་གང་ཐུབ་གནང་དགོས། དེ་འདྲ་གནང་ཐུབ་པ་ཡིན་ན་ཆོས་སྲིད་གཉིས་ཀྱི་ཐོག་ནས་ཁེ་ཕན་ཡོང་རྒྱུ་མ་ཟད། བོད་དུ་ཕྱིར་ལོག་རྗེས་རང་རང་སོ་སོའི་ས་ཁུལ་གྱི་གཞིས་བཞུགས་བོད་མི་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་འཕྲིན་དང༌། བྱེས་འབྱོར་བོད་མིའི་ཆོས་སྲིད་ཀྱི་གནས་སྟངས་གསལ་བཤད་གནང་རྒྱུར་ཕན་ཐོགས་ཡོང་གི་རེད།
དེ་སྔོན་ཡིན་ན་བལ་ཡུལ་དུ་ཡོད་པའི་སྣེ་ལེན་ཁང་གིས་བོད་ནས་ཕེབས་མཁན་ཚང་མར་སྐྱབས་བཅོལ་བ་ཡིན་མིན་ལ་མ་ལྟོས་པར་སྣེ་ལེན་མཐུན་འགྱུར་གང་ཐུབ་ཞུས་ཀྱི་ཡོད་ཀྱང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནོན་ཤུགས་ལ་བསྙད་དེ་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༢༡ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་དང་བོད་མིའི་བདེ་དོན་ཚོགས་པའི་ལས་ཁུངས་གཉིས་ཀ་གློ་བུར་དུ་སྒོ་བརྒྱབས་དགོས་བྱུང་བ་དང༌། དེའི་རྗེས་འབྲེལ་གྱིས་བལ་ཡུལ་སྣེ་ལེན་ཁང་གི་ལས་དོན་ཡོངས་རྫོགས་རྒྱལ་སྤྱིའི་སྐྱབས་བཅོལ་ལྷན་ཁང་ནས་དེ་སྔོན་བལ་ཡུལ་དོན་གཅོད་ལས་ཁུངས་བརྒྱུད་གནང་གི་ཡོད་པ་དེ་དག་ལུ་ཐེ་རན་ཝོལཌི་ཕའུན་ཌེ་ཤན་བརྒྱུད་ ༢༠༠༥ ཕྱི་ཟླ་ ༩ ཚེས་ ༡ ནས་བརྗེ་བསྒྱུར་གནང་བ་ཡིན་སྟབས། རྒྱལ་སྤྱིའི་ལས་ཁུངས་ཀྱི་སྒྲིག་གཞི་གཞིར་བཟུང་སྐྱབས་བཅོལ་བ་རྐྱང་པ་ལ་མ་གཏོགས་རྒྱ་ནག་གི་ལག་འཁྱེར་ཐོག་ཐོངས་མཆན་ཡོད་པའི་ཆོས་ཞུ་གནས་སྐོར་བ་རྣམས་ལ་བལ་ཡུལ་དུ་སྣེ་ལེན་མཐུན་འགྱུར་གང་ཡང་ཞུ་ཐུབ་ཐབས་མེད་པ་བྱུང་སོང་བས་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན། ད་ལམ་འདིར་དུས་འཁོར་དབང་ཆེན་གནང་ཡུལ་དུ་བོད་ནས་ཕེབས་མཁན་ཚང་མར་བཞུགས་གུར་དང་གསོལ་ཚིགས་སྟབས་བདེ་ཞིག་དབུས་སྣེ་ལེན་ཁང་ནས་གོ་སྒྲིག་ཞུ་རྒྱུ་བྱས་པ་ཡིན་རུང༌། འདིར་ས་ཆ་གསར་པ་དང༌། དེ་སྔ་མི་ཚོགས་འདི་འདྲ་འཛོམས་མ་མྱོང་བ་ཞིག་ཏུ་འཁེལ་བའི་དབང་གིས་ཁྱེད་རྣམ་པར་ཐུགས་བློ་ཁེངས་པའི་སྣེ་ལེན་གོ་སྒྲིག་འཐུས་ཚང་ཞུས་ཐུབ་པ་བྱུང་མ་སོང་བ་འདི་ལའང་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་ཡིན། ལྷག་པར་དུ་འདིར་བོད་ཀྱི་བླ་ཆེན་མི་ཆེན་དང༌། གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ཡོད་ཚོད་འདུག དེ་དག་ལ་འོས་འཚམས་ཀྱི་ཤངས་ལེན་གོ་སྒྲིག་ཞུས་ཐུབ་པ་བྱུང་མ་སོང༌། བཙན་བྱོལ་བོད་གཞུང་གི་མཐུན་རྐྱེན་གྱི་གནས་བབ་དང༌། གཞན་དབང་སྟབས་བསྟུན་བྱ་དགོས་ཀྱི་གནས་ཚུལ་ལ་དགོངས་ཏེ་དགོངས་ཕྱོགས་མི་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། དེ་བཞིན་སྣེ་ལེན་ཁང་དང༌། བདེ་སྲུང༌། འབྲེལ་ཡོད་ལས་ཁུངས་གཞན་དག་གི་ལས་བྱེད་ཚོས་ལྷག་བསམ་རྣམ་དག་གིས་གང་ཐུབ་ཅི་ཐུབ་ཞུ་ཁུལ་བྱས་ཀྱང༌། སྐབས་རེ་སྐད་གདངས་མཐོན་པོ་དང༌། མི་སྙན་པའི་ཚིག་དེ་འདྲ་ཞུ་དགོས་པ་ཡོང་གི་ཡོད་ཚོད་འདུག དེ་དག་ལས་བྱེད་ཚོས་ལྷག་བསམ་མ་དག་པར་བསམ་བློ་ངན་པས་ཞུས་པ་མ་ཡིན་པར། ལས་དོན་མང་པོ་སྣེ་འཛོམས་དབང་གིས་ཐལ་འགྲོ་བ་ཞིག་ཡིན་པས་དེ་དག་ལ་དགོངས་ཕྱོགས་མ་གནང་རོགས་གནང༌། བཙན་བྱོལ་གཞུང་གི་ངོས་ནས་ལྷག་བསམ་ལ་སྐྱོན་མེད་ལ། གང་ཐུབ་ཅི་ཐུབ་ཀྱིས་གཞིས་བྱེས་བོད་མིའི་དབར་དམ་ཚིག་བསྲེ་ལྷད་མེད་པ་ཞིག་ཡོང་བའི་ཐབས་ཤེས་ཞུས་དང་ཞུ་བཞིན་པ་མ་ཟད། མུ་མཐུད་ཞུ་རྒྱུའི་ཆོད་སེམས་ཀྱང་ཡོད་ཞུ་རྒྱུ་ཡིན།
བོད་དང་རྒྱ་གར་གཉིས་ཀའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ངོ་མཚར་ཆེ་བའི་གནས་ཚུལ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་སྐུའི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་གིས་སྟོན་པ་ཐུགས་རྗེ་ཅན་གྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་གང་དུ་གསུངས་པའི་གནས་ཁྱད་པར་ཅན་འཕགས་ཡུལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོའི་རྗེས་ཤུལ་དུ་སྐལ་ལྡན་གྱི་སློབ་མ་ཁྲི་ཕྲག་མང་པོར་དབུ་མ་རྩ་བ་ཤེས་རབ་ཀྱི་གལ་ཆེ་བའི་རབ་བྱེད་ཁག་གི་བཤད་ལུང་དང༌། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྦྱོར་དངོས་རྗེས་གཙང་བསྩལ་གནང་མཛད་རྒྱུའི་གོ་སྐབས་བྱུང་བ་འདི་ནི་འབྱུང་འགྱུར་འཕགས་བོད་གཉིས་ཀྱི་བྱུང་རབས་དེབ་ཐེར་དུ་གསེར་གྱི་ཡི་གེས་འབྲི་བར་འོས་པའི་བྱུང་བ་ཞིག་ཡིན་པ་དང༌། དེའི་སྐབས་ཐག་རིང་པོ་ནས་ཁྱེད་རྣམ་པ་དངོས་སུ་ཕེབས་ཐུབ་པ་འདི་ནི་སོ་སོའི་མི་ཚེའི་ནང་གི་དོན་སྙིང་ལྡན་པའི་གོ་སྐབས་ལེགས་ཤོས་དང༌། སྐལ་བ་བཟང་ཤོས་ཤིག་ཡིན་པ་འདི་མཁྱེན་པར་མཛད་དེ་དགའ་སྒོམ་ཡི་རངས་དང་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་ཟོས་སུ་མ་བཏང་བར་རྣམ་དཀར་དགེ་སྒྲུབ་མཛད་དགོས་པ་ཡིན་པ་ནི་ཚང་མས་མཁྱེན་གསལ་ཡིན་རུང་གལ་ཆེ་ནན་ཏན་གྱི་ཚུལ་དུ་གསལ་འདེབས་ཞུ་རྒྱུ་ཡིན།
གོ་སྐབས་འདི་བཟུང་ནས་ངས་རྒྱ་གར་དབུས་གཞུང་དང་ས་གནས་མངའ་སྡེ་ཨཱནདྲ་པྲ་དེཤ་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པ་དང༌། སྲི་ཞུ་ལས་བྱེད་རྣམ་པ། ས་གནས་ཡུལ་མི་དང་བཅས་པར་དུས་འཁོར་དབང་ཆེན་གྱི་ཆེད་གུར་ས་དང༌། ཕེབས་ལམ། འཐུང་ཆུ། འཕྲོད་བསྟེན། གློག འགྲིམས་འགྲུལ། སྲུང་སྐྱོབ་སོགས་སྒོ་གང་ས་ནས་དུས་ཚོད་ཐུང་ངུའི་ནང་དུ་གྲ་སྒྲིག་རླབས་ཆེན་ཕུན་སུམ་ཚོགས་པ་གནང་བ་དེ་ལ་བཙན་བྱོལ་སྒྲིག་འཛུགས་དང༌། གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༤༦ སོང་བའི་རིང་བཙན་བྱོལ་བོད་མི་རྣམས་ཀྱི་འཚོ་ཐབས་དང༌། ཤེས་ཡོན་སློབ་སྦྱོང༌། ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས། ཐུན་མིན་ལེགས་བྱང༌། དེ་དག་གི་གཞི་རྩ་སྐད་ཡིག་བཅས་མི་ཉམས་གོང་མཐོར་སྤེལ་ཐབས་དང༌། བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ། རྒྱལ་སྤྱིའི་ནང་བོད་དོན་དྲིལ་བསྒྲགས། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་མཛད་འཕྲིན་སོགས་ཀྱི་སྐོར་འདས་པའི་ཉིན་མ་ཁ་ཤས་རིང་བཀའ་ཟུར་རྣམ་པ་དང༌། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་ངོ་སྤྲོད་གང་ཐུབ་ཞུས་ཟིན་པ་ཡིན་སྟབས། ངས་བསྐྱར་ལྡབ་བྱེད་ཀྱི་མིན།
ངས་ད་རེས་ལྷན་རྒྱས་ཚོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མང་གཙོའི་གཞུང་གི་ཆབ་སྲིད་དང༌། འཛིན་སྐྱོང་གི་གནས་ཚུལ་གལ་གནད་ཆེ་བ་རེ་ཟུང༌། ལྷག་པར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ་རྒྱ་བོད་གཉིས་སྨན་དབུ་མའི་ལམ་གྱི་འཇུག་ངོགས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་སྐོར། མ་འོངས་བོད་ཀྱི་གནས་བབ་ཀྱི་འཆར་སྣང་བཅས་མདོར་བསྡུས་རེ་ཞུ་རྒྱུའི་འབད་རྩོལ་ཞུ་རྒྱུ་ཡིན། དེ་ཞུ་དགོས་པའང་ྋགོང་ས་མཆོག་གི་བཀའ་དགོངས་རེད། རྡ་ས་ནས་ཆིབས་ཞལ་མ་བསྒྱུར་གོང་གསར་འབྱོར་བོད་མི་ཚོར་མཇལ་འཕྲད་དང༌། བཀའ་མོལ་ཞུ་དགོས་པའི་བཀའ་མངགས་ཕེབས་པ་མ་ཟད། འདི་གར་ཆིབས་སྒྱུར་གྲུབ་པའི་རྗེས་སུའང་ཆབ་སྲིད་ཀྱི་གནད་དོན་དེ་དག་ཤོད་དགོས་ཞེས་བཀའ་སྤྱི་ཕེབས་པར་བརྟེན་ཁ་ཟིན་སྤུ་ཟིན་གྱི་ཚུལ་དུ་མདོར་བསྡུས་རེ་ཞུ་རྒྱུ་ཡིན།
ཚང་མའི་དགོངས་པར་མངའ་གསལ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ནམ་མཁའ་དང་མཉམ་པའི་མཛད་པ་འཕྲིན་ལས་ཧ་ཅང་རྒྱ་ཆེན་པོ་ཡོད་པའི་ནང་ནས་གལ་གནད་ཆེ་ཤོས་བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ཡང་དག་པའི་མང་གཙོའི་རིང་ལུགས་སུ་བསྒྱུར་རྒྱུ་དང༌། བོད་ཀྱི་རྩ་དོན་གྱི་འཐབ་རྩོད་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་གནང་མཛད་རྒྱུ་གཉིས་ཡིན་པ་དང༌། དོན་གནད་དེ་གཉིས་ཐོག་འདས་པའི་མི་ལོ་བཅུ་ཕྲག་བཞི་བརྒལ་བའི་ནང་རླབས་ཆེན་གྱི་གྲུབ་འབྲས་ཐོན་ཡོད།
ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་འོག་ཁྲིམས་བཟོ་དང༌། འཛིན་སྐྱོང༌། ཁྲིམས་ལུགས་དབང་འཛིན་བཅས་ཀྱི་སྡེ་ཚན་དང༌། དེ་དག་ཕན་ཚུན་འགན་དབང་ཆ་བགོས་དང་ལྗིད་མཉམ་བཏང་འཛིན་གྱི་གནས་སྟངས་འོག འཛིན་སྐྱོང་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་འཁྱེར་བའི་ཐོག་ནས། བདེན་པ་དང༌། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་རིང་ལུགས་བཅས་ཀྱི་རྩ་བའི་ལྟ་གྲུབ་གསུམ་གཞི་བཟུང་སྟེ། མཐར་ཐུག་གི་དམིགས་ཡུལ་གངས་ཅན་བོད་ཀྱི་ལྗོངས་འདི་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བ་ཞིག་ཏུ་བསྒྱུར་ཏེ། འཚེ་བ་མེད་པའི་བོད་ཀྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་དང༌། དེའི་ཆེད་དུ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་དང༌། གནས་སྐབས་ཀྱི་དམིགས་ཡུལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཚོ་ཐབས་དང༌། ན་གཞོན་ཡོངས་ལ་སྲོལ་རྒྱུན་དང་དེང་རབས་གཉིས་ཀའི་ཤེས་ཡོན་སློབ་སྦྱོང་སྤྲད་རྒྱུ། བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་བོད་ཀྱི་ཆོས་དང༌། རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས། ཡང་དག་པའི་ལེགས་བྱང༌། དེ་དག་གི་གཞི་རྩ་སྐད་ཡིག་བཅས་ཉམས་མེད་རྒྱུན་འཛིན་ཐུབ་ཐབས་བཅས་ལ་ཕྱོགས་ཐམས་ཅད་ནས་འབད་བརྩོན་བྱེད་བཞིན་པ་ཡིན།
ཚང་མས་མཁྱེན་གསལ་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བཞེས་པ་ནས་བཟུང་བོད་རྒྱ་གཉིས་སྨན་དབུ་མའི་ལམ་འབའ་ཞིག་ཕྱག་བཞེས་སུ་བསྟར་ནས་ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཕྱོགས་གཅིག་གི་བསམ་ཚུལ་དང་བཙན་འོག་ཏུ་བཞག་པ་ཞིག་ཡིན་ནའང༌། གྲོས་མཐུན་གཞི་བཟུང་ལག་ལེན་དོན་འཁྱོལ་ཡོང་ཐབས་ཐུགས་བསམ་རྣམ་དག་གིས་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་གནང་ཡོད་པ་དང༌། ཕྱི་ལོ་ ༡༩༥༤། ༥༥ ལོར་རྒྱ་ནག་ཏུ་ཆིབས་བསྒྱུར་གྱིས་མའོ་ཀྲུ་ཞིས་དབུས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཏང་སྲིད་དམག་གསུམ་གྱི་ཆེས་མཐོའི་དབུ་ཁྲིད་རྣམས་དང་མཇལ་འཛོམས་བཀའ་བསྡུར་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་གནས་བབ་དང་མཐུན་པའི་མི་རིགས་ས་གནས་རང་སྐྱོང་གི་སྲིད་བྱུས་འོག་བོད་མིའི་མངོན་འདོད་དང་མཐུན་པའི་རང་སྲིད་རང་སྐྱོང་ཚད་ལྡན་ཡོང་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང༌། རྒྱ་ནག་ནས་བོད་དུ་འཁོར་ལམ་འཛུགས་སྐྲུན་ཟིན་པ་ནས་བཟུང་གྲོས་མཐུན་དོན་ཚན་ཁག་རིམ་པས་བསམ་བཞིན་ཆེད་གཉེར་གྱིས་བརྡལ་བཤིག་བཏང་སྟེ་མཐའ་མ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱ་ལའང་ཉེན་དྭོགས་ཀྱི་གནས་ཚུལ་བྱུང་བར་བརྟེན་བོད་མི་མང་འུ་ཐུག་ཐབས་ཟད་ཀྱིས་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཞི་བའི་གྱེན་ལངས་མ་བྱས་ཐབས་མེད་ཀྱི་གནས་སུ་གྱུར་པ་དང༌། དེའི་སྐབས་སུའང་ྋགོང་ས་མཆོག་གི་ངོས་ནས་ལན་དགུ་ཆད་མཐུད་ཀྱི་དཔེ་ལྟར་ཞི་འགྲིག་ཡོང་ཐབས་ཕྱི་ནང་གསང་གསུམ་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང་དོན་ཕན་གང་ཡང་མ་བྱུང་བར་མཐའ་མ་ཁྱིམ་མཚེས་རྒྱ་གར་གྱི་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་མ་ཟད། སྐབས་དེའི་བོད་གཞུང་བཀའ་ཤག་གི་བཀའ་བློན་ལས་ཐོགས་མང་ཆེ་བའང་ཆིབས་ཞབས་སུ་བཅར་ཏེ་མི་ལོ་ ༣༠༠ བརྒལ་བའི་བར་རྒྱུན་ཆད་མེད་པར་གནས་པའི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་དགའ་ལྡན་ཕོ་བྲང་དེ་བཙན་བྱོལ་དུ་གྱར་བ་དང༌། བོད་ཀྱི་རྒྱལ་ས་ལྷ་སས་མཚོན་བོད་མཐའ་དབུས་ཀུན་ཏུ་ཉེས་མེད་ཀྱི་བོད་མི་མང་པོར་དྲག་གནོན་ཚད་མེད་བྱས་པ་བཅས་ལ་བརྟེན་ནས་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་རྒྱ་གར་ཨ་སམ་ཏེ་ཛ་པུར་དུ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩི་སྲུང་མ་བྱས་པའི་རྒྱུ་མཚན་གཉིས་ལ་བརྟེན་ནས་རྩིས་མེད་དུ་གཏོང་བའི་གསལ་བསྒྲགས་བསྐྱངས་པ་ནས་བཟུང་བོད་རང་དབང་རང་བཙན་བསྐྱར་གསོ་ཡོང་ཐབས་སུ་བཙན་བྱོལ་བོད་མི་ཡོངས་ཀྱིས་མི་ལོ་ཉི་ཤུའི་རིང་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཡོད་པ་མ་ཟད། བོད་ཀྱི་ནང་དུའང་ལོ་གྲངས་མང་ཙམ་གྱེན་ལངས་ཀྱི་ལས་འགུལ་མུ་མཐུད་གནས་ཡོད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ལོ་བདུན་ཅུའི་འགོ་སྟོད་ཙམ་ནས་རྒྱལ་སྤྱིའི་གནས་བབ་དང༌། རྒྱ་ནག་ནང་གི་འགྱུར་འགྲོས་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ་མེས་ཚིག་མེར་གཏུག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་འབྲེལ་གཏུག་གོ་བསྡུར་གྱི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་པ་དང༌། དེའི་ཆེད་བོད་རང་བཙན་བསྐྱར་གསོའི་སྲིད་བྱུས་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་དགོས་པའི་དགོས་པ་དང་རྒྱུ་མཚན་ལ་གཟིགས་ཏེ་སྐབས་དེ་དུས་ཀྱི་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་རྣམ་པར་བཀའ་བསྡུར་སྔ་རྗེས་བསྐྱངས་ཏེ་ནང་དོན་འོག་གྲབས་གནང་བཞིན་ཡོད་པའི་སྐབས། ཕྱི་ལོ་ ༡༩༧༩ ལོར་སྐབས་དེའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་བརྒྱུད་བོད་རང་བཙན་མ་རྩོད་ན་གནས་ཚུལ་གཞན་དག་ཚང་མ་ཞི་མོལ་གྱི་ལམ་ནས་འགྲིགས་ཆགས་ཆོག་རྒྱུའི་གྲོས་འཆར་གནང་བའི་སྐབས་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་ནས་ཀ་ཀོར་གང་ཡང་མེད་པར་ཏེང་ཞའོ་ཕིང་གིས་གང་གསུངས་པ་ལ་ཡིད་ཆེས་བློས་འགེལ་གྱི་ཐོག་ནས་བོད་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བྱུང་ན་རང་བཙན་རྩོད་ཀྱི་མིན་ཞེས་ཐུགས་ཐག་གཙང་བཅད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་དང་ཕྱག་བཞེས་མཛད་པ་ནས་བཟུང་ད་ལྟའ?་བར་འདས་པའི་ལོ་ ༢༦ བརྒལ་བའི་རིང་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་མེད་པར་གནས་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དུས་རྒྱུན་དུ་འདས་པའི་ལོ་རྒྱུས་ལས་མ་འོངས་པའི་མདུན་ལམ་གལ་ཆེ་བ་དང༌། ཆབ་སྲིད་ཀྱི་གནད་དོན་ལས་སྤྱི་ཚོགས་ཀྱི་བདེ་དོན་གལ་ཆེ་བར་གཟིགས་ནས་གྲངས་འབོར་ཉུང་བའི་བོད་རིགས་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་ཐུབ་པ་ཡིན་ན་ས་ཐག་རིང་ཞིང་མཚོ་ལམ་མེད་པའི་བོད་ཡུལ་ལ་དཔལ་འབྱོར་དང་ཕྱི་དངོས་པོའི་ཡར་རྒྱས་ཀྱི་ཐོག་ཕན་ཐོགས་ཡོང་རྒྱུ་དང༌། རྒྱ་ནག་གི་མང་ཚོགས་ལ་བོད་མིས་ཆོས་དང་རིག་གཞུང་གི་ཐོག་སྔར་ལམ་བཞིན་ཕན་ཐོགས་བྱེད་ཐུབ་པ་མ་ཟད། ཁོང་ཚོས་གལ་ཆེར་བརྩི་བའི་མི་རིགས་མཐུན་འབྲེལ་དང་རྒྱལ་ཁབ་བརྟན་ལྷིང་སོགས་ཕུགས་རྒྱང་རིང་བའི་ཁེ་ཕན་དང༌། ད་ལྟའི་རྒྱལ་སྤྱི་དང་རྒྱལ་ནང་གི་དངོས་ཡོད་ཀྱི་གནས་ཚུལ་ལ་དཔགས་ནས་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་གཏན་འབེབས་གནང་བའི་ཡང་དག་པའི་སྲིད་བྱུས་ཤིག་ཡིན། དེང་སང་ནུབ་ཕྱོགས་པ་ཚོས་དབྱིན་སྐད་དུ་ Pragmatic Policy ཞེས་བརྗོད་ཀྱི་ཡོད་པ་དེ་བོད་སྐད་དུ་དངོས་ཐོག་བདེན་འཚོལ་ཞེས་བརྗོད་ན་འགྲིག དེ་ནི་ས་གཞིའི་ཐོག་གི་དངོས་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་དང་བསྟུན་ནས་འགྲོ་རྒྱུ་ཞིག་མ་གཏོགས། འདས་པའི་ལོ་རྒྱུས་དང་མི་སོ་སོའི་སེམས་ཀྱི་ཚོར་སྣང་ཙམ་གྱི་ཐོག་ཕྱིན་ན་ལག་ལེན་འཁེལ་རྒྱུ་ཁག་པོ་རེད། ྋགོང་ས་མཆོག་གིས་རླབས་ཆེའི་དགོངས་བཞེད་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ད་དུང་ཁ་གསལ་དུ་གཏོང་གནང་མཛད་ཆེད་ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་ལྔ་དང༌། ཕྱི་ལོ་ ༡༩༨༨ ལོར་ཡོ་རོབ་གྲོས་ཚོགས་སུ་སི་ཏྲ་སི་སྦག་གྲོས་འཆར་བཅས་གལ་གནད་ཆེ་བའི་རྩ་འཛིན་གྱི་རིག་པའི་གཞུང་ལུགས་གཉིས་བསྩལ་གནང་མཛད་ཡོད་ཅིང༌། ཞི་བའི་དོན་ཚན་ལྔའི་ནང་གི་བོད་ཀྱི་ས་ཁྱོན་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྭ་བར་བསྒྱུར་རྒྱུ་གཉིས་ནི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་དང་མ་ཆགས་ལ་མ་ལྟོས་པར་འཛམ་གླིང་སྤྱི་དང༌། ཨེ་ཤི་ཡ། ལྷག་པར་དུ་བོད་རྒྱ་གཉིས་ལ་མེད་དུ་མི་རུང་བའི་མ་འོངས་པའི་མདུན་ལམ་ཞིག་ཡིན།
བོད་ནི་ས་བབ་ཀྱི་ཆ་ནས་ཨེ་ཤི་ཡའི་མི་འབོར་མང་ཤོས་དང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གསུམ་གྱི་བར་དུ་གནས་པ་མ་ཟད། ཨེ་ཤི་ཡའི་རྒྱལ་ཁབ་མང་ཆེ་བ་དང་འབྲེལ་བ་ཆགས་པའི་ཆུ་བོ་ཆེན་པོ་མང་པོ་བོད་ཡུལ་ནས་འབབ་ཅིང༌། ཤར་གླིང་ཡོངས་རྫོགས་ཀྱི་གནམ་གཤིས་དང་ཆར་ཞོད་ཀྱི་གནས་སྟངས་བོད་སའི་ཁོར་ཡུག་གི་གནས་སྟངས་ལ་རག་ལུས་པས། ཨེ་ཤི་ཡ་དང་དེའི་བརྒྱུད་ནས་འཛམ་གླིང་ལ་ཞི་བདེ་བརྟན་ལྷིང་དང་ཁོར་ཡུག་གཙང་མ་གནས་ཐབས་ལ་ཕན་གནོད་རླབས་ཆེན་འདྲེས་ཐུབ་པའི་གལ་ཆེའི་དགོངས་འཆར་ཞིག་རེད། དེའི་ཆེད་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ད་ལྟ་ཡོད་བཞིན་པ་འདིས་ཁུངས་འཁྱོལ་ཐབས་མེད་པས་རྒྱའི་མི་རིགས་དང་སྤྱི་མཐུན་མཉམ་གནས་ཐུབ་པ་ཞིག་དགོས་ཀྱི་ཡོད་ན། བོད་མི་རྣམས་འདོད་བློ་ཚིམས་པའི་ཐོག་ནས་རང་དབང་དྭང་ལེན་གྱི་སྒོ་ནས་རྒྱའི་མི་རིགས་དང་མཛའ་མཐུན་བློ་ཐག་ཉེ་བ་ཞིག་མ་བྱུང་ན་བཙན་ཤུགས་ཀྱི་འཇིགས་སྐུལ་དང༌། རྒྱུ་དངོས་ཀྱི་སླུ་བྲིད་རྐྱང་པའི་འོག་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་ཚང་མས་མཁྱེན་གསལ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་སྲིད་དོན་གྱི་བདག་དབང་གི་མིང་སྐམ་ཙམ་ལ་གཙིགས་ཆེར་མ་མཛད་པར་བོད་རྒྱ་མི་རིགས་གཉིས་ཀྱི་འཕྲལ་ཡུན་གྱི་བདེ་སྐྱིད་ཁོ་ན་ལ་དགོངས་ནས་རླབས་ཆེའི་གྲོས་འཆར་དེ་དག་བཏོན་གནང་མཛད་པ་རེད། སི་ཏྲ་སི་སྦག་གི་གྲོས་འཆར་གྱི་ནང་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྙིང་དོན་མདོར་བསྡུས་བསྡོམས་བརྒྱབ་ན་བོད་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་མང་གཙོའི་ལམ་སྲོལ་དང་ལྡན་པ་ཞིག་དགོས་པ་དེ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དོན་རྡོག་དེ་རེད་ལ། སི་ཏྲ་སི་སྦག་གྲོས་འཆར་གྱི་སྙིང་དོན་ཡང་དེ་རེད། ང་ཚོའི་དགོས་འདུན་ནི་བོད་རིགས་ཡོངས་སུ་རྫོགས་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དོན་ཚན་མང་པོའི་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་དགོས་ཞེས་པ་དེ་ཡིན། ད་ཕན་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་མིང་ཙམ་མ་གཏོགས་མེད། དེ་འདྲའི་དགོས་འདུན་བཏོན་པ་དེ་ནི་ཁྲིམས་དང་མཐུན་པ་དང༌། རྒྱུ་མཚན་དང་ལྡན་པ། འོས་ཤིང་འཚམས་པ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་སྲིད་དོན་གྱི་ཆོད་སེམས་ཤིག་ཡོད་ན་ལས་སླ་པོའི་ཐོག་ངོས་ལེན་གནང་ཐུབ་པ་དང༌། ཕྱག་ལེན་ལ་བསྟར་ཐུབ་པ་ཞིག་རེད། ཁྲིམས་མཐུན་ཡིན་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཚང་མ་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ལག་ལེན་བསྟར་རྒྱུའི་ཆ་རྐྱེན་ཆ་ཚང་ཡོད་ཡོད་པ་རེད། ཆ་རྐྱེན་དེ་ཚོའང་ཆབ་སྲིད་ཀྱི་དགོས་མཁོ་ཙམ་གྱི་ཆེད་དུ་བཟོས་པ་མ་ཡིན་པར། མར་ཁེ་སི་དང༌། ལེ་ཉིན། མའོ་ཚེ་ཏུང་བཅས་པའི་མི་རིགས་སྲིད་བྱུས་ཀྱི་གཏིང་ཟབ་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་རེད། གནད་དོན་དེ་ཚོ་རྩ་ཁྲིམས་སུ་བཀོད་པ་ཙམ་ལས་ལག་ལེན་མ་འཁྱེར་བར་བཞག་པ་ཡིན་ན་ཁྲིམས་འགལ་རེད། བོད་མིའི་གནས་བབ་ད་ལྟའི་གནས་སྐབས་སུ་རྩ་ཁྲིམས་དང་མི་མཐུན་པ་དང༌། ཁྲིམས་དང་སྒྲིག་གཞི་ཤོག་ཐོག་ཏུ་ཡོད་པ་ལག་ལེན་ལ་མ་བཀལ་བ་དེ་ཚོ་ཁྲིམས་དང་མཐུན་པ་དང༌། ལག་ལེན་ལ་འཁེལ་བ་བཟོ་དགོས་ཀྱི་འདུག་ཅེས་ལབ་ཀྱི་ཡོད། གྲངས་ཉུང་མི་རིགས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་སྤྲད་དགོས་པའི་རྒྱུ་མཚན་ནི་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་གྱི་གོམས་པའི་གཤིས་ལུགས། ལེགས་བྱང༌། དེ་དག་གི་གཞི་རྩ་སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་དང༌། ལྷག་པར་དུ་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་རིང་ལུགས་ཀྱི་མི་རིགས་གཉའ་གནོན་དང་མི་རིགས་ཆེན་པོའི་རིང་ལུགས་ཀྱི་འོག་ནས་བཅིངས་བཀྲོལ་ཐོབ་ཐབས་ལ་དམིགས་པ་ཞིག་རེད། དེ་འདྲ་སོང་ཙང་བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་རང་སྲིད་རང་སྐྱོང་ཐོབ་པ་དགོས་རྒྱུ་དེ་ནི་རྒྱུ་མཚན་དང་ལྡན་པ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་ཡིན་མདོག་གིས་ས་གནས་མང་པོར་མི་རིགས་ས་གནས་རང་སྐྱོང་གི་མིང་བཏགས་ཡོད་ཀྱང༌། ས་གནས་དེ་ཚོ་ད་ལྟའང་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཞིག་བྱུང་མེད་པ་ནི་ཧ་ཅང་གསལ་པོ་རེད། བྱས་ཙང་ང་ཚོས་དེ་ཚོ་མིང་དོན་མཚུངས་པ་བཟོ་དགོས་ཀྱི་འདུག་ཟེར་བ་དེ་འོས་ཤིང་འཚམས་པ་ཞིག་ཡིན།
བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པའི་དགོས་འདུན་དེ་ཕྱི་ལོ་ ༡༩༧༩ རྗེས་ལ་བསམ་བཏང་དྲན་སྐྱེད་བྱས་པའི་དགོས་འདུན་གསར་པ་ཞིག་མ་ཡིན་པར། ཕྱི་ལོ་ ༡༩༥༡ ལོར་དོན་ཚན་བཅུ་བདུན་གྱི་སྐོར་གྲོས་བསྡུར་གནང་བའི་སྐབས་ནས་ང་ཕོད་ངག་དབང་འཇིགས་མེད་ཀྱི་མཚན་ཐོག་ནས་སྙན་ཞུ་ཕུལ་བར་སྲིད་བློན་ཀྲའོ་ཨེན་ལེས་ད་ལྟ་དུས་ཚོད་མ་སྨིན་ཡང་རིམ་བཞིན་བོད་རིགས་ཡོངས་རྫོགས་གཅིག་གྱུར་བྱེད་རྒྱུའི་བསམ་ཚུལ་དེ་འོས་ཤིང་འཚམས་པ་རེད་ཅེས་གསུངས་ཡོད་པ་མ་ཟད། ༡༩༥༡ ཕྱི་ཟླ་ ༩ ཚེས་ ༡༩ ཉིན་བོད་གཞུང་བཀའ་ཤག་གིས་ཀྲང་ཅི་ཨུ་ལ་དོན་ཚན་གསུམ་འཁོད་པའི་བསམ་འཆར་བཏོན་པའི་ནང་དུའང་འཁོད་ཡོད་ཅིང༌། ཀྲང་ཅི་ཨུས་དེ་ལ་ཁས་ལེན་ཡང་གནང་ཡོད། ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་པའི་སྐབས་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ་སྲིད་བློན་གཞོན་པ་ཁྲན་དབྱི་དང་ལས་བྱེད་ཆེ་གྲས་ཁག་ལྷ་སར་བཞུགས་མོལ་ཚོགས་འདུའི་སྐབས་ལྷ་ས་དབུས་སུ་བྱས་ནས་དེའི་ཁོངས་སུ་མཚོ་སྔོན་དང༌། ཀན་སུ། སི་ཁྲོན། ཡུ་ནན་སོགས་བོད་ཤར་ཕྱོགས་ཀྱི་བོད་རིགས་ས་ཁུལ་རྣམས་ཟླ་བསྒྲིལ་བཏང་སྟེ་གཅིག་གྱུར་གྱི་རང་སྐྱོང་ལྗོངས་ཤིག་འཛུགས་ཐུབ་ན་བོད་རིགས་ས་ཁུལ་ཡོངས་ཀྱི་ཡར་རྒྱས་དང་བོད་རྒྱ་མི་རིགས་དབར་མཐུན་བསྒྲིལ། རྒྱལ་ཁབ་གཅིག་གྱུར་དང་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་པས་དེའི་སྐོར་རྒྱ་ནག་དབུས་གཞུང་ལ་བསམ་ཚུལ་ཞུས་ན་འགྲིགས་ཚུལ་བཀའ་བསྡུར་བྱུང་ཡོད། དེའི་རྗེས་གནས་ཚུལ་འདིའི་ཐོག་ཞིབ་ཆ་འཆར་འགོད་ཆེད་ཏང་མི་རྒན་གྲས་སངས་རྒྱས་ཡེ་ཤེས་ ཐན་སྦའོ་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོས་ཆེད་གཏོང་གིས་ཚོགས་ཆུང་བཙུགས་ནས་ཞིང་ཆེན་ལྔའི་ས་ཁུལ་གཅིག་བསྒྲིལ་གཏོང་ཕྱོགས་ལས་འཆར་བཟོ་རྒྱུ་ཡིན་ནའང་རྗེས་སུ་གཡོན་ཐལ་རིང་ལུགས་དབང་གིས་ལས་དོན་བྱས་ཐུབ་མེད། མི་རིགས་ས་ཁུལ་དུམ་བུར་བཏང་སྟེ་འཛིན་སྐྱོང་བྱེད་པ་ནི་ལོ་རྒྱུས་ཐོག་བཀས་བཀོད་རྒྱུད་འཛིན་ལམ་ལུགས་འོག་མི་རིགས་གཉའ་གནོན་བྱེད་པའི་མི་སེར་སྤེལ་བའི་ལམ་ལུགས་ཤིག་ཡིན་པ་དང༌། མར་ལེའི་རིང་ལུགས་ཀྱི་མི་རིགས་གཉའ་གནོན་འགོག་པའི་གཞི་རྩའི་ལྟ་གྲུབ་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་འདྲ་མཉམ་གྱི་སྲིད་བྱུས་གཏན་ལ་ཕབ་པ་བཞིན་སྔར་གྱི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལས་ཡོངས་སུ་བརྒལ་ཏེ་བོད་རིགས་འདུས་སྡོད་ས་ཁུལ་ཡོངས་རྫོགས་གཅིག་གྱུར་གྱི་རང་སྐྱོང་བཙུག་ན་ཏང་གི་མི་རིགས་སྲིད་བྱུས་དང་མཐུན་པ་མ་ཟད། མི་རིགས་ཁ་བྲལ་མ་ཡིན་པར་གཅིག་གྱུར་བྱེད་པ་ནི་རྒྱལ་ཁབ་གཅིག་གྱུར་སྲ་བརྟན་ཡོང་བའི་གཞི་རྩ་ཡིན་པ་དང༌། རྒྱལ་ཁབ་གཅིག་གྱུར་བྱེད་རྒྱུ་གལ་ཆེ་ཡིན་པ་ཇི་བཞིན་མི་རིགས་གཅིག་གྱུར་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ལེ་ཉིན་གྱིས་ “རྒྱལ་ནང་གི་ཡུལ་མིའི་འཚོ་བའི་གོམས་གཤིས་དང་མི་རིགས་ཀྱི་འབྱུང་ཁུངས་མི་འདྲ་བའི་ས་ཁུལ་ཡིན་ཕྱིན་ཚང་མས་རྒྱ་ཁྱབ་ཀྱི་རང་བདག་དང་རང་སྐྱོང་ལོངས་སྤྱོད་བྱེད་ཆོག་” ཅེས་གསུངས་ཡོད། དེ་བཞིན་ “གྲངས་ཉུང་མི་རིགས་ཀྱི་ནང་རང་སྐྱོང་གི་ལག་ལེན་ཡོངས་སུ་རྫོགས་པ་ཞིག་མ་བྱུང་གི་བར་རྒྱལ་ཁབ་ཀྱི་མི་རིགས་ཕན་ཚུན་དབར་མཐུན་བསྒྲིལ་ཡང་དག་པ་ཞིག་ཡོང་ཐབས་མེད་”ཅེས་ཧུ་ཡའོ་པང་གིས་གསུངས་ཡོད། ༡༩༨༠ ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བོད་རང་སྐྱོང་ལྗོངས་ཞེས་པའི་ནང་ཞིབ་འཇུག་ལ་ཕེབས་སྐབས་ དེས་ན་མི་རིགས་གཅིག་དུམ་བུར་བགོས་ནས་མི་རིགས་ཆེན་པོ་ཡོད་སའི་ཞིང་ཆེན་གཞན་གྱི་ནང་ཟླ་བསྒྲིལ་བཏང་བ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རིག་པའི་གཞུང་ལུགས་དང་མི་མཐུན་པ་དང༌། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་སོ་སོའི་ཐུན་མིན་ཁྱད་ཆོས་རྣམས་སྲུང་སྐྱོབ་ཐུབ་སླད་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བྱེད་པའི་དགོས་དམིགས་དེ་བོར་བ་མ་ཟད། “དུམ་བུར་བགོས་ནས་དབང་སྒྱུར་བྱས་” ཟེར་བའི་བཙན་རྒྱལ་རིང་ལུགས་ཀྱི་ལམ་སྲོལ་དང་མཚུངས་པར་གྱུར་ཡོད། རྒྱུ་མཚན་ནི་བོད་མི་རིགས་ཞེས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གྲངས་ཉུང་མི་རིགས་ ༥༥ ནང་ནས་གཅིག་ཡིན་ཞིང༌། དེ་ལྟའི་གཅིག་ཡིན་པའི་མི་རིགས་དེ་ཅིའི་ཕྱིར་ཁ་གཏོར་དགུ་གཏོར་བྱས་དགོས་སམ། གལ་སྲིད་ཁ་གཏོར་ན་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ “དུམ་བུར་བགོས་ནས་དབང་སྒྱུར་བྱས་” ཟེར་བའི་བྱེད་སྟངས་དང་གཅིག་མཚུངས་མ་རེད་དམ།
མི་འགའ་ཤས་ཀྱིས་བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་མི་རིགས་ས་གནས་རང་སྐྱོང་དགོས་ཟེར་བ་ལོ་རྒྱུས་དང་མི་མཐུན་པ་རེད་ཟེར་གྱི་ཡོད། ཡིན་ནའང་ང་ཚོའི་དགོས་འདུན་དེ་མར་ལེའི་རིང་ལུགས་ཀྱི་ལྟ་གྲུབ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཀྱི་ཁྲིམས་དང་སྒྲིག་གཞི་ལ་གཞི་རྩ་བཞག་ནས་དགོས་འདུན་བཏོན་པ་མ་གཏོགས། ལོ་རྒྱུས་ལ་གཞི་བཞག་ནས་བཤད་ཀྱི་མེད། ལོ་རྒྱུས་དང་འབྲེལ་བ་མེད། གལ་སྲིད་ལོ་རྒྱུས་ལ་གཞི་བཞག་ནས་རྩོད་གླེང་བྱེད་དགོས་བྱུང་ན་བོད་ཀྱི་ལོ་རྒྱུས་ལོ་ ༢༠༠༠ བརྒལ་བའི་ལོ་རྒྱུས་ཤིག་རེད། རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱང་བསུབ་ཐུབ་ཐབས་ཡོད་མ་རེད། ང་ཚོ་ལོ་རྒྱུས་ཟུར་དུ་བཞག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཚུད་པའི་རྗེས་འབྲེལ་གྱི་ཁེ་ཕན་ལ་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་ཞེས་ལབ་ཀྱི་ཡོད། ཕྱོགས་གཉིས་ཀའི་ངོས་ནས་ལོ་རྒྱུས་ལས་མ་འོངས་པ་གལ་ཆེ་བར་བརྩིས་ཏེ་དངོས་ཐོག་བདེན་འཚོལ་བྱེད་ན་ཁེ་ཕན་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད།
ཏེང་ཞའོ་ཕིང་གི་གྲོས་འཆར་གཞི་བཟུང་དབུ་མའི་ལམ་གྱི་སྲིད་བྱུས་ལག་ལེན་བསྟར་ནས་ད་ལྟའི་བར་ྋགོང་ས་མཆོག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་ལམ་བཟང་ཞན་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་ཚོ་ཕལ་ཆེར་དུས་རབས་གསུམ་ལ་དབྱེ་ན་འགྲིགས་པ་ཞིག་རེད། དེ་ཚོའི་བྱུང་རབས་ཚང་མས་མཁྱེན་གསལ་ཡིན་སྟབས། ངས་དུས་ཚོད་ཆུད་ཟོས་གཏོང་འདོད་མེད། ད་ལྟའི་གནས་སྐབས་སུ་ཕྱི་ལོ་ ༡༩༩༤ ནས་ ༢༠༠༢ བར་ལོ་ངོ་བརྒྱད་ཙམ་ཐད་ཀའི་འབྲེལ་བ་ཆད་པ་ད་ཆ་བསྐྱར་གསོ་བྱུང་བ་ནས་བཟུང་དུས་རབས་གསུམ་པའི་འབྲེལ་ལམ་སྐོར་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༠༢ ལོའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་ཚོགས་ཆུང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་དང་པེ་ཅིང་བཅས་སུ་འཚམས་གཟིགས་དང༌། འབྲེལ་ཡོད་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་རྣམ་པ་དང་བཀའ་མོལ་འགོ་འཛུགས་ཐུབ་པ་བྱུང་ཞིང༌། ཕྱི་ལོ་ ༢༠༠༣ ལོར་བདེ་ཆེན་རང་སྐྱོང་ཁུལ། ཕྱི་ལོ་ ༢༠༠༤ ལོར་དཀར་མཛེས་རང་སྐྱོང་ཁུལ་བཅས་སུ་འཚམས་གཟིགས་དང༌། འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་རྣམ་པར་མུ་མཐུད་བཀའ་བསྡུར་ཞུས་པའི་གོ་སྐབས་བཟང་པོ་བྱུང་བ་མ་ཟད། ཕྱི་ལོ་ ༢༠༠༤ ལོར་ཕན་ཚུན་བཀའ་མོལ་ཞིབ་ཚགས་རྒྱུན་རིང་གནང་རྒྱུ་བྱུང་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློས་འགེལ་མ་ཐུབ་པའི་དྭོགས་པ་དང་རྣམ་རྟོག་གང་དང་གང་ཡོད་པ་ཞིབ་ཕྲ་བཀའ་གནང་འདུག དེ་ལ་ཕྱི་ལོ་ ༢༠༠༥ ནང་འབྲེལ་མོལ་ཐེངས་བཞི་པ་སུད་སི་རྒྱལ་ས་སྦན་དུ་གནང་བའི་སྐབས་དོན་ཚན་རེ་རེ་བཞིན་རྒྱུ་མཚན་བདེན་དཔང་དང་བཅས་པའི་ཐོག་ནས་གསལ་བཤད་ཞིབ་ཕྲ་ཡིག་ངག་གཉིས་ཐོག་ནས་ཞུ་རྒྱུའི་གོ་སྐབས་བྱུང༌། ད་ཆ་འབྲེལ་མོལ་ཐེངས་ལྔ་པ་གང་མགྱོགས་ཡོང་བའི་རེ་སྒུག་བྱེད་བཞིན་ཡོད།
དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་རྩ་དོན་འགྲིགས་ཆགས་ཡོང་ཐབས་བྱས་ཏེ་ལོ་ ༢༦ ཙམ་སོང་ཡང་དོན་སྙིང་ལྡན་པའི་གྲུབ་འབྲས་གང་ཡང་མ་བྱུང་བར་བརྟེན་བཙན་བྱོལ་བོད་མིའི་ཁྲོད་སྲིད་བྱུས་འདི་ལ་ཡིད་ཆེས་ཆུང་དུ་འགྲོ་མཁན་གྱི་མིའང་རེ་ཟུང་ཡོང་བཞིན་པ་རེད། འོན་ཀྱང་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་ཚུལ་གང་ལ་གཞིགས་ཀྱང་སྲིད་བྱུས་འདི་ལས་ལྷག་པའི་ཐབས་ལམ་གཞན་ཞིག་ཡོད་པ་མཐོང་གི་མེད། ལྷག་པར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༦། ༩༧ ནང་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་ལམ་གང་དགའ་གཞིས་བྱེས་བོད་མི་མང་ཚོགས་ནང་བསམ་ཚུལ་བསྡུ་ལེན་གནང་བའི་སྐབས་གཞིས་བྱེས་གཉིས་ཀ་ནས་བསམ་ཤོག་ཁྲི་ཚོ་དྲུག་ཙམ་འབྱོར་བའི་ནང་བརྒྱ་ཆ་ ༦༦ བརྒལ་བ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་བྱས་ཡོད་པ་མ་ཟད། དེའི་ཐོག་བོད་མི་མང་གི་སྐུ་ཚབ་མཚོན་པའི་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་ཐོག་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་གནས་བབ་དང་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་གཞིགས་པའི་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གང་གནང་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་ཞུས་པ་ཡིན་སྟབས། ད་ཆ་དབུ་མའི་ལམ་གྱི་སྲིད་བྱུས་འདི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན། བོད་རྒྱ་ཆེ་མང་ཚོགས་ཀྱི་མང་མོས། སྤྱི་འཐུས་གྲོས་ཚོགས་ཀྱི་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་མི་རིགས་ཀྱི་མངོན་འདོད་མཚོན་པའི་སྲིད་བྱུས་ཤིག་ཡིན་པ་ལ་ཡིད་ཆེས་བསྐྱར་དུ་བརྙེས་ཏེ་འདིའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཞུས་དང་ཞུ་མུས་དང༌། ྋགོང་ས་མཆོག་གིས་སྔ་ལོ་གསུམ་དུས་གསུང་འཕྲིན་ནང་སྲིད་བྱུས་འདི་ལ་འགྱུར་བ་གཏོང་བཞེད་མེད་པའི་བཀའ་གསལ་གནང་ཡོད། སྤྱིར་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་མི་རིགས་ཀྱི་རྩ་དོན་གྱི་འཐབ་རྩོད་ཀྱི་གནད་དོན་ཐོག་མི་ལོ་ ༥༠། ༦༠ ཧ་ཅང་དུས་ཡུན་རིང་པོ་ཞིག་ཏུ་བརྩི་རྒྱུ་མེད་ཀྱང༌། ང་ཚོའི་བོད་ཀྱི་གནད་དོན་འདི་བོད་ནང་གི་གནས་བབ་སྤྱི་དང༌། ཁྱད་པར་བོད་རིགས་མྀན་པའི་མི་རིགས་གཞན་དག་ཕོན་ཆེ་སྤོ་ཤུགས་གཞིས་ཆགས་བྱེད་བཞིན་པའི་གནས་ཚུལ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགུང་ནའི་བབ་སོགས་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་གི་ཐོག་ནས་ང་ཚོའི་འཐབ་རྩོད་འདི་དུས་ཚོད་ངེས་མེད་ངང་སྒུག་ཐུབ་ཐབས་མེད་སྟབས། དུས་ཚོད་ངེས་ཅན་ནང་འགྲིགས་ཆགས་ཐུབ་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་གི་གདུལ་ཞིང་བོད་ལྗོངས་སུ་ྋཞབས་སོར་འཁོད་ཐུབ་པ་ཞིག་ཡོང་དགོས་པར་བརྟེན་ང་ཚོས་ལས་དོན་ཛ་དྲག་གི་ཐོག་ནས་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད་ཙང༌། འདས་པའི་ལོ་བཞིའི་རིང་སྒོ་གང་ས་ནས་འབད་བརྩོན་ཞུས་པ་མ་ཟད། ད་དུང་མུ་མཐུད་འབད་བརྩོན་ལྷོད་མེད་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་ནམ་ཡང་མེད། ཡིན་ནའང་ྋགོང་ས་ཆེན་པོས་དུས་རྒྱུན་དུ་རེ་བ་དེ་བཟང་ཕྱོགས་ནས་བརྒྱབ་དགོས་པ་དང༌། གྲ་སྒྲིག་དེ་སྡུག་པའི་ཕྱོགས་ནས་བྱེད་དགོས་ཞེས་བཀའ་སློབ་ཕེབས་པ་ལྟར་གལ་སྲིད་དུས་ཡུན་ངེས་ཅན་ནང་བོད་ཀྱི་དཀའ་རྙོག་བསལ་མ་ཐུབ་པར་ནར་འགྱངས་ལུས་པ་སྲིད་ཚེ་ང་ཚོའི་འཐབ་རྩོད་དེ་མི་རབས་ནས་མི་རབས་བརྒྱུད་དེ་བདེན་མཐའ་མ་གསལ་བར་དུ་རྒྱུན་མཐུད་གནས་ཐུབ་ཐབས་ཀྱི་གྲ་སྒྲིག་ཀྱང་བྱེད་བཞིན་པ་ཡིན། རྒྱ་ཕྱོགས་ཀྱི་འགོ་ཁྲིད་རེ་ཟུང་གི་བསམ་བློའི་ནང་བོད་ཀྱི་རྙོག་འཛིངས་དེ་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གསེར་ཞལ་འཚོ་གཞེས་མེད་པའི་སྐབས་སུ་རང་བཞིན་གྱིས་མེད་པ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཚོད་འདུག དེ་ནི་ཧ་ཅང་ནོར་འཁྲུལ་གྱི་ཚོད་དཔག་ཡིན་པ་དང༌། འགྲུབ་ཐབས་མེད་པའི་རེ་སྟོང་ཞིག་རེད། རྒྱ་རིགས་མང་པོས་ྋགོང་ས་མཆོག་ནི་བོད་ཀྱི་དཀའ་རྙོག་སེལ་བའི་ལྡེ་མིག་རེད་མ་གཏོགས། བོད་ཀྱི་དཀའ་རྙོག་གི་རྒྱུ་རྐྱེན་མ་རེད་ཅེས་བཤད་ཡོད། ད་ལྟའི་གནས་སྐབས་སུ་བོད་མི་ཁྲི་ཚོ་བཅོ་ལྔ་བརྒལ་བ་ཞིག་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་སྡོད་ཡོད་པ་དང༌། གཞིས་བཞུགས་བོད་མི་མི་རབས་གསར་པ་ཚོས་ཀྱང་མི་རིགས་ཀྱི་རྩ་དོན་ནམ་ཡང་བློས་བཏང་བྱེད་ཀྱི་མེད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ཇིའུ་མི་རིགས་ཚོ་ལོ་སྟོང་ཕྲག་ཁ་ཤས་བཙན་བྱོལ་དུ་རྒྱལ་ཁབ་གང་སར་ཁ་ཐོར་གྱི་གནས་དགོས་བྱུང་ཡང༌། མཐའ་མ་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་གི་ངོ་བོར་བསྒྱུར་ཐུབ་པ་ང་ཚོའི་མདུན་དུ་དཔེ་མཚོན་རྗེན་པ་ཡོད་བཞིན་པ་ཞིག་ཡིན་པ་དང༌། བོད་མི་རིགས་ཀྱི་རང་བཞིན་ཡང་ཇིའུ་མི་རིགས་དང་མཚུངས་པའི་ཁྱད་ཆོས་མང་པོ་ཡོད་སྟབས། ཁོང་ཚོས་བོད་མི་དང་མཉམ་དུ་འབྲེལ་བ་མང་པོ་བྱེད་ཀྱི་ཡོད། རྡ་རམ་ས་ལར་མཚོན་ན་ཨི་ཛི་རལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད། ཁོང་ཚོ་བཞིན་ལོ་སྟོང་ཕྲག་ཁ་ཤས་བཙན་བྱོལ་དུ་ལུས་ཉེན་མེད་པར། ྋརྒྱལ་བ་རིན་པོ་ཆེ་གསེར་ཞལ་འཚོ་གཞེས་རིང་བོད་དོན་འགྲིགས་ཆགས་གང་མགྱོགས་ཡོང་བའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་སུ་བོད་རྒྱའི་དབར་གྱི་དཀའ་ངལ་ཆེ་ཤོས་ནི། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དོན་མེད་ཀྱི་དྭོགས་པ་རྣམ་རྟོག་ཤ་སྟག་བྱས་ནས་ཡིད་ཆེས་བློས་འགེལ་གནང་མ་ཐུབ་པ་དེ་ལ་ཐུག་ཡོད། གནའ་བོའི་བོད་ཀྱི་གཏམ་དཔེ་ལ། བོད་རེ་བས་ཕུང༌། རྒྱ་དྭོགས་པས་ཕུང་ཟེར་བ་དེ་ད་གཟོད་ཧ་ཅང་བདེན་པའི་གནས་ལུགས་ཤིག་ཡིན་པ་མཐོང་ཐུབ་ཀྱི་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ལ་དྭོགས་པ་རྣམ་རྟོག་ཟད་མཐའ་མེད་པ་ཞིག་ཡོང་དགོས་པའི་རྒྱུ་མཚན་གཙོ་བོ་བཞི་ལ་ཐུག་ཡོད། དང་པོ་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིའི་དངོས་ཡོད་ཀྱི་གནས་ཚུལ་ཡང་དག་པ་དང་ཆ་ཚང་བ་མ་ཤེས་པའི་ཐོག་བདེན་པ་མིན་པའི་འཆལ་གཏམ་གང་བྱུང་ལ་ཚད་འཛིན་བྱས་པ་དེ་གཅིག་རེད། ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་ག་འདྲ་ཞིག་ཡིན་ཡང་ཕྱི་གསལ་ནང་གསལ་འཇིག་རྟེན་ཀུན་གྲགས་ཤིག་མ་གཏོགས་གསང་གསང་སྦུག་སྦུག་གང་ཡང་མེད་ནའང༌། ཡོད་པ་ལ་ཆ་བཞག་ནས་གནས་ཚུལ་འཚོལ་སྒྲུབ་བྱེད་ཐབས་བྱས་པ་དང༌། གནས་ཚུལ་སྤྲོད་མཁན་ཚོས་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ཞིབ་འཇུག་མ་བྱས་པར་མ་བདེན་རྫུན་བསྒྲིགས་ཀྱི་གནས་ཚུལ་བཟོས་པ་དང༌། གནས་ཚུལ་ཁ་ཤས་མགོ་མེད་མཇུག་མེད་ཀྱི་ཚིག་རྡོག་སྒྲུག་བརྒྱབས་ཏེ་འགྲེལ་བརྗོད་ལོག་བཤད་བྱས་པ་དང༌། བཙན་བྱོལ་བོད་གཞུང་གི་ལས་ཤོག་དང་ལས་ཐམ་ཡན་ཆད་རྫུན་མ་བཟོས་ཏེ་བདེན་པ་མིན་པའི་གནས་ཚུལ་རང་གི་འཚོ་གོས་ཀྱི་ཁེ་ཕན་ཙམ་གྱི་ཆེད་དུ་རྟོག་བཟོ་བྱེད་མཁན་བྱུང་ཡོད་པ་སྔ་རྗེས་ར་འཕྲོད་བྱུང་བ་འགའ་ཤས་གསལ་བསྒྲགས་ཀྱང་བྱས་ཡོད། གཉིས་པ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལས་དོན་བྱེད་སྟངས་ཀྱི་སྤྱི་སྲོལ་ལྟ་བུར་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་པའི་རྫུན་གཏམ་སྣ་ཚོགས་བཤད་ཆོག་པ་དང༌། བཤད་དགོས་པའི་གོམས་སྲོལ་ཡོད་པ། དཔེར་ན། མའོ་ཙེ་ཏུང་གིས་སྐྱག་རྫུན་ཞིག་ཚར་བརྒྱ་ལྡབ་སྐྱོར་བྱས་ན་བདེན་པར་རྩིས་ཀྱི་རེད་ཅེས་བརྗོད་པ་ལྟ་བུ་རེད། བྱས་ཙང་ཁོ་ཚོས་རྒྱུན་དུ་སྲིད་དོན་ཐོག་རྫུན་གཏམ་བེད་སྤྱོད་བྱེད་པའི་གོམས་གཤིས་ལ་བརྟེན་ནས་བོད་པའི་ངོས་ནས་ཀྱང་ཁ་གཏིང་མི་མཚུངས་པའི་གནས་ཚུལ་ཞིག་ཡོད་ཤག་བྱས་ཏེ་རང་དཔེ་མི་ལ་བཀབ་ནས་དྭོགས་པ་རྣམ་རྟོག་བྱེད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་གཞི་རིམ་གྱི་ལྟ་གྲུབ་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་ཡོད་པ་དེ་མཐོང་ཐུབ་ཀྱི་མི་འདུག གསུམ་པ་མང་གཙོའི་རིང་ལུགས་ཡང་དག་པ་ལག་བསྟར་བྱེད་མཁན་གྱི་སྤྱི་ཚོགས་ཀྱི་གནས་བབ་ཆ་རྒྱུས་མེད་པའི་དབང་གིས་རང་དབང་མང་གཙོའི་ལུང་པའི་ནང་སྡོད་མཁན་གྱི་བོད་མི་སྒེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་བསམ་ཚུལ་དང་ལྟ་སྤྱོད་བཙན་བྱོལ་གཞུང་དང་མི་མཐུན་པ་དང་འགལ་ཟླ་ཅན་ཡོད་ཆོག་པ་དང༌། དེ་ཚོའི་ཐོག་གཞུང་གིས་བཙན་ཤུགས་ཀྱིས་བཏང་འཛིན་བྱེད་ཐབས་མེད་པའི་གནས་ཚུལ་མ་རྟོགས་པའི་དབང་གིས་བོད་མི་སྒེར་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལྟ་གྲུབ་དང༌། སྨྲ་བརྗོད། ལས་འགུལ་གང་བརྩམས་པ་རྣམས་བཙན་བྱོལ་གཞུང་གི་མོས་མཐུན་དང་སྐུལ་སློང་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་པའི་དབང་གིས་དྭོགས་པ་རྣམ་རྟོག་བཟོས་པ་དང༌། བཞི་པ་ཐ་ན་སྐད་ཡིག་དང་མིང་ཚིག་གི་གོ་དོན་ལེན་ཕྱོགས་ཚད་ལྡན་མ་བྱུང་བའི་དབང་གིས་རྣམ་རྟོག་བཟོས་པ་དཔེར་ན། བོད་སྐད་དུ་རང་དབང་ཞེས་པ་རང་བཙན་དང་ཁྱད་པར་ཕྱེ་མ་ཤེས་པ་དང༌། དབྱིན་སྐད་དུ་ Freedom ཞེས་པ་ Independence དང་ཁྱད་པར་ཕྱེ་མ་ཤེས་པ། ྋགོང་ས་མཆོག་གིས་རང་དབང་ཞེས་པའི་བརྗོད་ཚིག་བེད་སྤྱོད་གནང་ཚད་ལ་བསྙད་བཏགས་ནས་ྋགོང་ས་མཆོག་གིས་ད་དུང་རང་བཙན་འདོར་མི་འདུག་ཅེས་ལབ་ཀྱི་ཡོད་པ་རེད། གནས་ཚུལ་འདི་ཚོ་ཡར་ཐོན་ཅན་དང་རྨོངས་གཉིད་སད་ཟིན་པའི་རྒྱལ་ཁབ་ཅིག་ལ་ཡོང་མི་ཤེས་པའི་ལྟ་བུ་ཞིག་ཡིན་ནའང༌། ད་དུང་རྒྱ་ནག་སྐམ་ས་ཆེན་པོའི་ནང་ཡོང་བསྡད་པ་དེ་བློ་ཕམ་སྐྱེ་འོས་པ་ཞིག་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སོ་ཉུལ་གྱི་ལས་ཀ་བྱེད་མཁན་དེ་ཚོ་རང་གི་རྒྱལ་ཁབ་ལ་དངོས་གནས་ཤ་ཞེན་ཡོད་ན་གནས་ཚུལ་ཇི་མ་ཇི་བཞིན་ཆད་ལྷག་མེད་པ། བཟོ་བཅོས་མ་བྱས་པ། སྐྱག་རྫུན་མ་བཤད་པ་བྱས་ནས་བསྐྱལ་ཐུབ་ན་རྒྱལ་ཁབ་ལ་དོན་དམ་གྱི་ཕན་ཐོགས་ཆེ་བ་མ་གཏོགས། གནོད་སྐྱཽན་ཡོང་གི་མ་རེད། ད་ལམ་འདི་གར་ཡང་རྒྱ་ཕྱོགས་ཀྱི་ལས་འགན་ཡོད་པའི་མི་མི་ཉུང་བ་ཞིག་ཡོད་མདོག་ཁ་པོ་རེད། ཁྱེད་རྣམ་པར་ངས་དམིགས་བསལ་གྱིས་རེ་སྐུལ་ཞུ་རྒྱུ་ཞིག་ལ། གནས་ཚུལ་ཇི་མ་ཇི་བཞིན་ཆ་ཚང་བ་ལན་བསྐྱལ་རོགས་གནང་ཞེས་ཞུ་རྒྱུ་ཡིན། ལྷག་པར་དུའང་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན་ཇི་འདྲ་ཞིག་ཡིན་ནའང་ཁུག་ཁུག་ཀྱོག་ཀྱོག་ནས་ཆ་ཚང་ལ་མ་ཚང་བ་ཞིག་སྒྲུག་བསྡད་པ་ལས། ཐད་ཀར་ང་ཚོའི་ལས་ཁུངས་ཁག་དང་ལས་བྱེད་རྣམས་ལ་འབྲེལ་བ་གནང་ན་གནས་ཚུལ་དང་ཡིག་ཆ་གང་དགོས་ཆ་ཚང་འབུལ་ཆོག་ཡིན་མ་གཏོགས། སྦས་གསང་བྱེད་དགོས་པའི་གནས་ཚུལ་གང་ཡང་མེད།
ཡང་འགའ་ཤས་ཀྱིས་བོད་ཀྱི་དཀའ་རྙོག་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་སྒེར་གྱི་སྐུ་དབང་དང༌། མཚན་གནས། བོད་དུ་ཕྱིར་ལོག་ཕེབས་ཕྱོགས་ཙམ་དང་འབྲེལ་བ་ཡོད་པ་ལྟ་བུའི་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ནི་བདེན་པ་རྩ་བ་ནས་མ་རཻད། བོད་རྒྱའི་དཀའ་རྙོག་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་མདུན་ལམ་ལ་ཐུག་པ་ཞིག་མ་གཏོགས། ྋགོང་ས་མཆོག་གི་སྐུ་སྒེར་གྱི་གནད་དོན་དང་འབྲེལ་བ་སྤུ་ཙམ་མེད་པ་སྔ་ཕྱི་མང་པོར་བཀའ་གནང་ཟིན་པ་རེད། བོད་མི་ས་ཡ་དྲུག་གི་མདུན་ལམ་བློ་འདོད་ཁེངས་པ་ཞིག་བྱུང་ན་ྋགོང་ས་མཆོག་བོད་དུ་ཕྱིར་ལོག་གནང་དང་མ་གནང་གི་ཁྱད་པར་ཅིའང་མེད་པ་མ་ཟད། གལ་སྲིད་བོད་དུ་ཕྱིར་ལོག་གནང་བའི་དབང་དུ་བཏང་ནའང་བོད་ཀྱི་དཀའ་རྙོག་སེལ་བའི་ཉིན་མོ་དེ་ནས་ྋགོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་མཚན་གནས་དང་འགན་དབང་གང་ཡང་བཞེས་རྒྱུ་མིན་ཞེས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྔ་རྗེས་ལན་མང་བཀའ་གནང་དང་གནང་བཞིན་པ་མ་ཟད། ཕྱི་ལོ་ ༡༩༩༢ ལོར་བསྩལ་བའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ནང་ཞིབ་གསལ་བཀོད་གནང་མཛད་ཡོད།
ཡང་འགའ་ཤས་ཀྱིས་བོད་ཀྱི་སྲིད་གཞུང་རྙིང་པ་རོ་ལངས་བརྒྱབ་རྒྱུའི་ཉེན་ཁ་ཡོད་པ་དང༌། བོད་རྒྱ་ཞི་མོལ་གྱི་ལམ་ནས་འགྲིགས་ཆགས་བྱུང་བ་ཡིན་ན་བོད་ཀྱི་ནང་ཆབ་སྲིད་དང༌། སྤྱི་ཚོགས་ཀྱི་སྒྲོམ་གཞི་ལ་འགྱུར་བ་ཆེན་པོ་འགྲོ་རྒྱུ་ཡིན་པ། ལྷག་པར་དུ་བོད་དུ་ད་ཡོད་ཀྱི་གཞུང་ཞབས་ལས་བྱེད་རྣམས་འགྱུར་བ་འགྲོ་རྒྱུ་སོགས་ཡོང་སྟངས་མི་ཤེས་པའི་གནས་ཚུལ་མང་པོ་མི་བདེན་རྫུན་བསྒྲིགས་བྱེད་ཀྱི་ཡོད་པའང་གོ་རྒྱུ་འདུག དེ་ཚོ་ནི་གཞི་རྩ་གཏན་ནས་མེད་པའི་དཀྲོགས་གཏམ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་མཆོག་དང་བོད་གཞུང་བཀའ་ཤག་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་མ་ཐག་བོད་གཞུང་གི་སྒྲིག་འཛུགས་བསྐྱར་བཅོས་གནང་བ་དང༌། དེ་བཞིན་རིམ་བཞིན་མང་གཙོའི་སྒྲིག་འཛུགས་ཚད་ལྡན་གྱི་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ་ད་ལྟའི་ཆར་གོང་དུ་ཞུས་པ་བཞིན་རྒྱུད་འཛིན་གྱི་དཔོན་རིགས་དང་ལས་བྱེད་རྡོག་པོ་གཅིག་མེད་པར་བོད་མི་ཡོངས་རྫོགས་འདྲ་མཉམ་གྱི་ཐོག་ནས་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུའི་ལམ་ནས་ལོ་ཚད་ངེས་ཅན་ཆེད་འདེམས་བསྐོ་བྱ་རྒྱུ་དང༌། གཞུང་ཞབས་ལས་བྱེད་པ་རང་དབང་ལྡན་པའི་གཞུང་ཞབས་འདེམས་བསྐོ་ལྷན་ཚོགས་ནས་དྲང་བདེན་རྒྱུགས་སྤྲོད་ཀྱི་བརྒྱུད་འདེམས་བསྐོ་བྱ་རྒྱུའི་ལམ་སྲོལ་གཏིང་ཚུགས་པ་བྱུང་ཟིན་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དང་སྒྲིག་གཞི་ཁག་གི་འོག་ཤར་བསྐྱོད་བྱ་རྒྱུ་མ་གཏོགས། ལམ་སྲོལ་རྙིང་པའི་རྗེས་ཤུལ་དྲི་མ་ཙམ་ཡང་ལྷག་མེད། དེ་ཙམ་མ་ཟད་བོད་རྒྱའི་དཀའ་རྙོག་བསངས་ཏེ་བོད་མི་གཞིས་བྱེས་འཛོམས་རྒྱུའི་གོ་སྐབས་ཤིག་ཤར་ཚེ་བཙན་བྱོལ་གཞུང་གི་སྒྲིག་འཛུགས་རང་བཞིན་གྱིས་ཕྱིར་བསྡུ་འགྲོ་རྒྱུ་དང༌། བཙན་བྱོལ་གཞུང་གི་འགོ་ཁྲིད་དང་ལས་བྱེད་ཆེ་ཕྲ་སུས་ཀྱང་བོད་ཀྱི་ནང་གོ་གནས་དང༌། ལས་དོན། འཚོ་ཐབས་ཀྱི་ཁེ་ཕན་སོགས་གང་ཡང་རྩོད་གླེང་བྱེད་རྒྱུ་མིན་པ་དང༌། བོད་ཀྱི་འཛིན་སྐྱོང་ད་ལྟ་བོད་དུ་ཡོད་བཞིན་པའི་ལས་བྱེད་རྣམས་ཀྱིས་མུ་མཐུད་ནས་གནང་དགོས་པ་མ་གཏོགས། ཁོང་ཚོའི་ལྷག་བསམ་དང་ལྟ་ཕྱོགས་ལ་སྐྱོན་མེད་པ་ཡིན་ན། ཁོ་ཚོའི་གནས་བབ་ལ་འགྱུར་བ་འགྲོ་དགོས་གཏན་ནས་མེད་ཅེས་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཚིག་ཐག་ཆོད་པོས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་དུ་ཕྱི་ལོ་ ༡༩༩༢ ནས་གསལ་བསྒྲགས་གནང་ཟིན་པ་དེ་དག་ལ་འགྱུར་བ་གང་ཡང་མེད། དེ་འདྲ་སོང་ཙང་གོང་ཞུས་ཀྱི་གཏམ་འཆལ་དེ་རིགས་ལ་གཞིས་བཞུགས་བོད་མི་རྣམས་དབུ་འཁོར་མདོག་ཁ་པོ་མ་རེད་ལ། ངེས་པར་དུ་དབུ་མ་འཁོར་བ་གནང་དགོས་ཞེས་གལ་ཆེ་ནན་དཔེའི་ཚུལ་དུ་ཞུ་རྒྱུ་ཡིན།
འདས་པའི་ལོ་ ༤༦ རིང་གཞིས་བཞུགས་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་སྤྱི་དང༌། ཁྱད་པར་དུ་ཕྱི་ལོ་ ༡༩༥༩ རྗེས་སུ་སྐྱེས་ཏེ་འཚར་ལོངས་བྱས་པའི་མི་རབས་གསར་པ་ཚོས་ཀྱང་བོད་མི་རིགས་ཀྱི་འདུ་ཤེས་དང༌། ཆོས་དད། རིག་གཞུང་སྲུང་སྐྱོབ། ྋགོང་ས་ྋསྐྱབས་མགོན་ཆེན་པོར་འགྱུར་བ་མེད་པའི་དད་འདུན་བཅས་འགལ་རྐྱེན་དཀའ་ངལ་གང་ལའང་མ་འཛེམས་པར་ད་བར་རྒྱུན་འཛིན་གནང་ཐུབ་པ་དེ་ནི་ཁྱེད་རྣམ་པའི་འགྲན་ཟླ་མེད་པའི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་པས་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་བོད་དོན་བདེན་མཐའ་མ་གསལ་གྱི་བར་སྔར་རྒྱུན་བཞིན་བོད་མི་རིགས་ཀྱི་ངོས་འཛིན་དང་འདུ་ཤེས་མ་བརླགས་པར་གནས་ཐུབ་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་གནང་རོགས་གནང་ཞུ་རྒྱུ་ཡིན།
གནའ་དེང་གཉིས་ཀའི་ཤེས་ཡོན་སློབ་སྦྱོང་གི་གལ་གནད། ཁོར་ཡུག་སྲུང་སྐྱོབ། རིག་གཞུང་སྲུང་སྐྱོབ་ཀྱི་དགོས་གལ། དུད་འགྲོ་དང་སྲོག་ཆགས་རིགས་ལ་བྱམས་བརྩེ། ཤོ་སྦག་རྒྱན་རྩེད་དང་རྒྱན་ཆ་འགྲན་བསྡུར་སོགས་མི་རུང་བ། བོད་མི་ནང་ཁུལ་མཐུན་འབྲེལ་བྱ་དགོས་སོགས་ཀྱི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཟབ་གསལ་བཀའ་སློབ་གསུང་གི་བདུད་རྩི་ཡང་ཡང་ཕེབས་ཟིན་པ་དེ་དག་ངས་བསྐྱར་ལྡབ་མ་དགོས་པའི་ཐོག་དེ་ཚོ་སྙན་རྒྱབ་ཀྱི་ལྷག་པར་མ་སོང་བར་ཐུགས་དབུས་སུ་བཅངས་ཏེ་ཕྱག་ལེན་ལ་འཁེལ་ཐབས་དང༌། གཞིས་བཞུགས་བོད་མི་ཡོངས་ལ་ལྗགས་ལན་འཕྲོད་པ་ཞིག་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། མི་འབོར་སྤོ་ཤུགས་ཀྱི་ནུས་ཤུགས་འོག་བོད་རིགས་རྩ་བརླག་ཏུ་མ་འགྲོ་བའི་ཆེད་བོད་མི་མི་རེ་ངོ་རེས་རང་རང་གནས་ཡུལ་གྱི་གྲོང་གསེབ་དང༌། གྲོང་ཁྱེར། འབྲོག་ས་ཇི་འདྲ་ཞིག་ཡིན་རུང་རང་ས་མ་སྟོང་བ་གནས་ཐུབ་ཐབས་དང༌། སེམས་ཤུགས་དང་ཚོར་སྣང་དྲག་པོའི་དབང་གིས་གྲུབ་འབྲས་ཆུང་ལ་ཉེན་ཁ་ཆེ་བའི་ལས་འགུལ་གྱི་རིགས་ལ་བརྟེན་ནས་མཐའ་མ་རང་ཉིད་སྡུག་སྦྱོང་མནར་གཅོད་དང༌། བཙོན་ཁང་དུ་འཚུད་རྒྱུའི་ཉེན་ཁའི་རིགས་ལ་འཛེམས་ཟོན་གང་གཟབ་ཐོག་ཞི་བདེ་ལྷིང་འཇགས་ཀྱི་ངང་ནས་བོད་མི་རིགས་ཀྱི་རྩ་དོན་ཐོག་མུ་མཐུད་འབད་བརྩོན་ཐུབ་པ་ཞིག་དགོས་རྒྱུ་དེ་གནད་ཀྱི་དོན་པོ་དང༌། དེ་བཞིན་ད་ལྟ་འགྲོ་བཞིན་པའི་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལའང་གནོད་སྐྱོན་མི་ཡོང་བ་ངེས་པར་དགོངས་འཇགས་གནང་རོགས་གནང༌།
བར་སྐབས་བོད་བསྟན་སྲིད་སྤྱིའི་གེགས་ཆགས་ལྟ་བུར་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཉུང་ཤས་ཤིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བྱམས་བརྩེའི་བཀའ་སློབ་དགོངས་དོན་ཁག་ལ་རྩིས་མེད་ཀྱིས་བཟང་སྤྱོད་དང་འགལ་བའི་ལས་དོན་སྣ་ཚོགས་བརྩམས་པ་དང༌། དེ་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་བསམ་ཆུང་རེ་ཟུང་གིས་བོད་མི་ནང་ཁུལ་འགལ་ཟླ་བཟོ་རྒྱུའི་ལག་ཆ་བཟང་པོ་ཞིག་ཏུ་མཐོང་སྟེ་བེད་སྤྱོད་ཤུགས་ཆེ་བཏང་ཡོད་པ་དེ་དག་ལ་བརྟེན་ནས་གཞིས་བྱེས་གཉིས་ཀའི་སྤྱི་ཚོགས་ནང་ཟོས་བདེ་མེད་པ་དང༌། དགྲ་དགའ་གཉེན་སྡུག་གི་གནས་ཚུལ་ཇི་སྙེད་ཅིག་བྱུང་ཡོད། དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་བོད་སྤྱི་དོན་ལ་གནོད་ཚབས་ཇི་ཡོད་ཀྱི་ཆོས་དང་མཐུན་པའི་རྒྱུ་མཚན་གསལ་བཤད་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ལན་མང་གནང་ཟིན་པ་དེ་དག་ཡིག་ཆ་དང་བརྙན་འཕྲིན་གྱི་ལམ་ནས་གཟིགས་ཐུབ་རྒྱུ་དང༌། ད་ལན་གསུང་ཆོས་འདིའི་དབུ་འཛུགས་སྐབས་སུའང་ྋགོང་ས་མཆོག་གིས་སྙིང་བསྡུས་ཤིག་བཀའ་གནང་གྲུབ་པར་བརྟེན་ངས་བསྐྱར་ལྡབ་བྱས་ནས་དུས་ཚོད་གཏོང་བའི་དགོས་པ་མ་མཐོང༌། ངའི་ཞུ་དོན་གཙོ་བོ་གཉིས་ཡོད་པའི་དང་པོ་བོད་ཀྱི་ནང་དགོན་པ་གྲྭ་ཚང་ཕལ་ཆེ་བ་དང༌། བླ་སྤྲུལ་མཁན་པོ་དང་དགེ་འདུན་པ་ཕལ་ཆེ་བས་ྋགོང་ས་ཆེན་པོའི་བཀའ་སློབ་དགོངས་དོན་སྙིང་བཅངས་ཀྱིས་བླང་དོར་འཛོལ་མེད་གནང་དང་གནང་བཞིན་ཡོད་པ་མ་ཟད། ཆོས་སྡེ་ཆེན་པོ་ཁག་དང་དགོན་པ་གྲྭ་ཚང་མང་པོས་སྤྱི་ཡོངས་སྒྲིག་འཛུགས་ཀྱི་ཐོག་ནས་དོལ་རྒྱལ་བསྟེན་གསོལ་ལ་དོ་དམ་ནན་པོ་གནང་བའི་གནས་ཚུལ་གསལ་པོ་ཤེས་ཀྱི་ཡོད་ལ། ད་རེས་འདིར་གསུང་ཆོས་སུ་ཕེབས་མཁན་མང་པོས་འདིའི་སྐོར་འགྲེལ་བརྗོད་གནང་མཁན་བྱུང་བས་དེ་ཚོ་ཚང་མར་བཙན་བྱོལ་གཞུང་དང༌། བཙན་བྱོལ་སྤྱི་ཚོགས་ཡོངས་ཀྱི་ངོས་ནས་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། འབྱུང་འགྱུར་ཡང་གཞན་གྱི་གནོན་ཤུགས་དང༌། རྒྱུ་དངོས་ཀྱི་སླུ་བྲིད་གང་གིའང་དབང་དུ་མ་སོང་བར་ད་ལྟ་ཡོད་བཞིན་པའི་གནས་ཚུལ་བཟང་པོ་དེ་དག་རྒྱུན་འཁྱོལ་ཐུབ་པ་གནང་རོགས་གནང་ཞུ་རྒྱུ་ཡིན། གཉིས་པ་ཉུང་ཤས་ཤིག་གིས་ད་ལྟའང་རང་འདོད་མཁྲེགས་བཟུང་གིས་དོལ་རྒྱལ་བཀག་འགོག་བྱ་རྒྱུ་ྋགོང་ས་མཆོག་གི་དགོངས་བཞེད་ངོ་མ་མིན་པར་གཞན་གྱིས་བཟོས་པ་ཡིན་ཚུལ་འཁྱོགས་བཤད་བྱས་པ་དང༌། འགའ་ཤས་ཀྱིས་དངོས་སུ་ྋགོང་ས་མཆོག་གི་བཀའ་ལ་རྩིས་མེད་དང་མཚན་སྨོད་ཞུ་མཁན་ཡང་ཡོད་བཟོ་འདུག་པ་དེ་ཚོ་ལ་རང་གི་ཚེ་འདི་ཕྱི་དང་བོད་མི་རིགས་སྤྱིའི་འཕྲལ་ཕུགས་ཀྱི་དགེ་སྐྱོན་ལ་བསམ་ཤེས་ཀྱི་ཐོག་ནས་བླང་དོར་གནང་ཐུབ་ན་ཡག་པོ་རེད་ཅེས་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
མཐའ་བསྡོམས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་གངས་ཅན་ལྗོངས་སུ་བདེ་སྐྱིད་ཡོང་དང་མི་ཡོང་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེ་བྱིན་རླབས་འཇུག་དང་མི་འཇུག་ལ་རག་ལུས་ཤིང༌། དེའང་བོད་སྤྱི་མཐུན་གྱི་བསོད་ནམས་སྨིན་དང་མ་སྨིན་ལ་རག་ལུས་པ་རེད། ཐུགས་རྗེའི་ལྕགས་ཀྱུ་ཡོད་ཀྱང་དད་པའི་ཨ་ལོང་མེད་ན་མི་ཕན་ཞེས་པའི་དཔེ་ལྟར་འཕགས་པ་སྤྱན་རས་གཟིགས་ལ་ཐུགས་རྗེ་ཡོད་ཀྱང་ང་ཚོར་དད་པ་དམ་ཚིག་མེད་ན་ཐུགས་རྗེ་བྱིན་རླབས་འཇུག་མི་ནུས། དེས་ན་ཚང་མས་དུས་རྒྱུན་དུ་རྒྱལ་བ་རིན་པོ་ཆེར་གསོལ་བ་སྨོན་ལམ་འདེབས་རྒྱུ་དང༌། ཅི་གསུངས་བཀའ་སྒྲུབ་ཞུ་རྒྱུ། སེམས་ཀྱི་ནང་དད་པ་དམ་ཚིག་མི་ཉམས་པ་བྱ་རྒྱུ་བཅས་ནི་རང་གི་ཚེ་འདི་ཕྱི་གཉིས་ཀྱི་དོན་དང༌། བོད་སྤྱི་དོན་དང་འབྲེལ་བ་ཡོད་པས་དུས་རྒྱུན་དུ་ཐུགས་ལ་བཅང་རོགས་གནང༌། དེ་དང་ཆབས་ཅིག་ཏུ་ཞུ་རྒྱུ་ལ། ༢༠༠༥ ཕྱི་ཟླ་ ༧ པའི་ནང་རྡ་རམ་ས་ལར་ྋསྐྱབས་མགོན་རིན་པོ་ཆེ་དགུང་གྲངས་བདུན་ཅུ་ཧྲིལ་པོར་ཕེབས་པའི་འཁྲུངས་ཚེས་དང་བསྟུན་ནས་བོད་གཞིས་བྱེས་ལྷ་མི་སེར་སྐྱ་ཡོངས་རྫོགས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་སྐབས་ྋགོང་ས་མཆོག་གིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་དང་མཚུངས་པར་སྐུ་ཚེ་ྋཞབས་པད་བརྟན་གྱི་ཡིན་ཞེས་ཞལ་བཞེས་གཙང་མ་བསྩལ་ཐོབ་བྱུང་ཡོད། ཞལ་བཞེས་དེ་ལ་འགྱུར་བ་མི་འགྲོ་བའི་ཐབས་ཚུལ་དེ་ང་ཚོའི་ངོས་ནས་ཞུ་དགོས་པས་དེ་དོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན།
ད་རིང་ཁྱེད་རྣམ་པ་གཅིག་ནས་གནམ་གཤིས་ཚ་བ་ཆེན་པོ་དང༌། གཉིས་ནས་ཉིན་མང་གསུང་ཆོས་དང་མཛད་སྒོ་གཞན་གྱི་ནང་དུས་ཚོད་རིང་པོ་བཏང་ནས་སྐུ་ངལ་ཡོད་པའི་ཐོག་འདིར་བཞུགས་ས་དང་བཞུགས་གདན་གང་ཡང་མེད་རུང༌། ཚང་མས་ཐུགས་སྣང་ཆེན་པོས་གསན་བཞེས་གནང་བར་ཧ་ཅང་དགའ་པོ་བྱུང༌། བསྐྱར་དུ་ཚང་མར་བཀྲ་ཤིས་བདེ་ལེགས་དང༌། གང་མགྱོགས་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།