དཔལ་འབྱོར་འདུ་འགོད་གཙང་གསལ་དགོས་སྐོར།

ལས་དོན་ཆུང་ཙག་ལའང་ཞིབ་ཚགས་དང༌། དཔལ་འབྱོར་འདུ་འགོད་གཙང་གསལ་དགོས་སྐོར།
ངས་སྐབས་འདིར་འགྲེལ་བརྗོད་བྱེད་དགོས་པའི་རྒྱུ་མཚན་ལྟེ་བ་ནི། འཛིན་སྐྱོང་གིས་དོན་གནད་གལ་ཆེ་ཞིག་ལ་ཐུགས་སྣང་གཏན་ནས་མ་གནང་བའི་ཐོག་རྒྱུན་ལས་ཀྱི་དྲི་བའི་ལན་གནང་བའི་སྐབས་ལའང་དབུ་མ་འཚོས་པའི་གནས་ཚུལ་འདི་ཚོ་མཐོང་དུས། སེམས་གཏིང་ནས་ཡི་མུག་པའི་ཚོར་བ་ཞིག་སྐྱེས་སྟབས། འགྲེལ་བརྗོད་བྱེད་རྒྱུའི་གོ་སྐབས་བླངས་པ་ཡིན། འདས་པའི་ལོ་མང་རིང་ཡང་ཡང་ནན་ཏན་བྱས་ནས་གསལ་བཤད་ཞུས་པའི་ནང༌།བཀའ་ཤག་གི་ལས་དོན་ནི་མཉམ་འདུས་ཀྱི་འགན་ཁུར་ཡིན་པ་དང༌། ལས་དོན་སྤྱི་དང༌།ཁྱད་པར་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་དེ་གལ་ཆེན་པོ་ཡིན་པ་དང༌། ཞིབ་ཚགས་གནང་དགོས་སྐོར་ཞུས་པ་ཡིན།
འགའ་ཤས་ཀྱིས་བཀའ་བློན་རྣམས་ཆབ་སྲིད་ཀྱི་ཐུགས་འགན་ཆེན་པོ་བཞེས་དགོས་སྟབས། ཆུང་ཙག་ལ་ཞིབ་ཚགས་གནང་དགོས་ཀྱི་མ་རེད། དེ་དུས་ཚོད་འཕྲོ་བརླག་རེད་གསུང་མཁན་འདུག་ཀྱང༌། དེ་རྩ་བ་ནས་མ་རེད།འཛིན་སྐྱོང་དང་དཔལ་འབྱོར་གྱི་གཞི་རྟེན་གཙང་མ་མེད་ན། ཆབ་སྲིད་ཀྱི་ལས་དོན་ཆེན་པོ་ཡང་དག་པ་ཡོང་ཐབས་ག་ནས་ཡོད།གཞུང་གི་འཛིན་སྐྱོང་གི་ལས་དོན་ཆུང་རིགས་ཡག་པོ་གནང་མ་ཐུབ་ན་ཕྱིའི་རྒྱལ་སྤྱིའི་གནད་དོན་དང་ཆབ་སྲིད་ཀྱི་ཕྱག་ལས་གནང་ཐུབ་རྒྱུ་ཁག་པོ་རེད། བཀའ་བློན་རྣམ་པས་རང་གིས་ཞིབ་ཚགས་དང་གཤམ་འོག་ལས་བྱེད་རྣམས་ལ་ཞིབ་ཚགས་བྱེད་དགོས་པའི་བསྐུལ་མ་གནང་དགོས་ཀྱི་གསལ་འདེབས་ལན་མང་ཞུས་ཡོད།
དཔལ་འབྱོར་འདུ་འགོད་དེ་གཙང་མ་དང༌། གསལ་བཤད་མ་དགོས་པར་རྩིས་ཞིབ་ནས་ཁ་གསལ་རྒྱུ་ཡོད་པ་ཞིག་མེད་ན་མི་འགྲིག ལས་བྱེད་རྣམས་དྲང་པོ་དང་བདེན་པ་ཡིན་པ་ཙམ་གྱིས་མི་ཆོག་པར། དྲང་བདེན་དེ་མང་ཚོགས་ནང་གསལ་པོར་མངོན་ཐུབ་པ་ཞིག་དགོས་པ་ཡང་ཡང་ཞུ་གི་ཡོད།
འཛིན་སྐྱོང་གི་ངོས་ནས་གྲོས་ཚོགས་ལ་གདོང་ལེན་གནང་སྟངས་དེ་ཤ་བ་ཁྱིས་དེད་ནས་གབ་ས་འཚོལ་བ་ནང་བཞིན་དང༌།གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་བརྡ་དེད་གཏོང་སྟངས་དེ་རང་ཉིད་མི་དགའ་བའི་གང་ཟག་བྱེ་བྲག་པ་གཅིག་ལ་གང་གནག་གནག་བྱེད་ཀྱི་ཡོད་པ་འདྲ་པོ་ཞིག་འདུགམ་འོངས་པར་གནས་ཚུལ་དེ་ལྟ་བུའི་ཐོག་ནས་ཕེབས་པ་ཡིན་ན་མང་གཙོ་ཡང་དག་པ་ཞིག་ཡོང་ཐབས་མེད།བཙན་བྱོལ་ནང་དེ་ཙམ་གྱིས་མི་ཚེ་འཁྱོལ་སྲིད་ཀྱི་རེད་དེ། བོད་རང་དབང་སྐྱར་གསོ་བྱུང་མཚམས་བོད་རྒྱ་ཆེ་མང་ཚོགས་ལ་ལམ་སྟོན་དང་འགོ་ཁྲིད་ག་འདྲ་བྱས་ནས་གནང་ཐུབ་ཀྱི་རེད།
ཚོགས་གཙོས་ཡང་ནས་ཡང་དུ་གྲོས་ཚོགས་ཀྱི་ལམ་སྟོན་གྱི་ངོ་བོའི་ཐོག་ནས་བཀའ་དྲུང་ཡིག་ཚང་གཞི་རྒྱ་ཆེ་རུ་གཏོང་དགོས་པ་དང༌། ཚགས་ཚུད་དུ་གཏོང་དགོས་པའི་རེ་འདུན་ཞུས་ཡོད་ཀྱང༌། བཀའ་བློན་རྣམ་པས་གསན་འཇོག་དང་ཚོར་སྣང་གནང་མ་སོང༌།དེ་རིང་གི་དྲི་བའི་བརྗོད་བྱའི་དངུལ་དེ་མ་བརླགས་པར་ཡོད་པ་དེ་དགའ་ཚོར་བྱེད་འོས་པ་ཞིག་རེད་དེ།འཛིན་སྐྱོང་གིས་ཐུགས་སྣང་དང་ཐུགས་ཁུར་ཇི་ཙམ་བཞེས་ཡོད་པ་གསལ་བཤད་སྔ་ཕྱི་གཉིས་ཀྱིས་གསལ་པོ་བསྟན་པ་རེད། དངུལ་སྒོར་འབུམ་ལྔ་བཅུ་ཙམ་གཏོང་མཁན་སུ་ཡིན་ཐུགས་སྣང་བརྩད་གཅོད་མེད་པར་འཇོག་བློས་བཟོད་པའི་གནས་ཚུལ་དེ་ནི་གྲོས་ཚོགས་འཇིགས་སྣང་སྐྱེ་དགོས་པ་ཞིག་རེད།
ང་ཚོའི་སྲིད་བྱུས་སུ་ཁུངས་གཙང་མ་མེད་པའི་དངུལ་བེད་སྤྱོད་བྱས་ནས་ལས་ཀ་བྱེད་རྒྱུ་ལས། དངུལ་གཏན་ནས་མེད་པར་བསྡད་ན་ལེགས་པའི་དམ་བཅའ་དེ་ཇི་ཙམ་བརྟན་པོ་ཡོད་མེད་གནས་ཚུལ་དེ་ནས་མཁྱེན་གྱི་རེད།ང་ཚོས་རྒྱུན་དུ་འཛིན་སྐྱོང་གི་བཀའ་ལན་རྣམས་ཞིབ་ཚགས་མི་འདུག་ཞུས་པའི་སྐབས་ཞིབ་ཚགས་དང་ཐུགས་སྣང་གནང་གི་ཡོད་གསུང་གི་ཡོད་ཀྱང༌།གྲོས་ཚོགས་ལ་གནང་བའི་ཡིག་ཆའི་ནང་ཟླ་ཚེས་ཚུན་ཆད་ནོར་སྟངས་དེས་ཞིབ་ཚགས་ཇི་ཙམ་ཡོད་མིན་གསལ་པོ་ཆགས་པ་རེད།གལ་སྲིད་འཛིན་སྐྱོང་གིས་གྲོས་ཚོགས་ལ་བརྩེ་བ་དང་ཞེ་ས་ཡོད་ན་གྲོས་ཚོགས་ཀྱི་གསོལ་ཅོག་ཐོག་འབུལ་རྒྱུའི་ཡིག་ཆ་ཁག་གཟབ་གཟབ་ཐུགས་ཞིབ་གནང་དགོས་པ་ཞིག་རེད།
དངུལ་འབོར་དེ་ཉི་ཧོང་དོན་གཅོད་ཀྱི་དགོས་དངུལ་ཞིག་ཡིན་ན་དོན་གཅོད་གསར་པ་ལ་རྩིས་མ་སྤྲད་པར་བཀའ་ཤག་གིས་རྩིས་བཞེས་གནང་དགོས་གང་ཡིན་དང༌།སྐུ་སྒེར་གྱི་ཕྱག་དངུལ་ཡིན་ན་སྐུ་སྒེར་ལ་མ་ཕུལ་བར་བཀའ་ཤག་གིས་གཞུང་དངུལ་ནང་ག་འདྲ་བྱས་ནས་བཞེས་པ་དང༌། བཀའ་ཁྲོལ་ག་དུས་ཞུས་པ་དང༌། ཐོག་མ་ཉི་ཧོང་ནང་དངུལ་དེ་གསོག་སྟངས་ཇི་ཡིན།སྔོན་དུ་བཀའ་བློན་གྱིས་རྩིས་མ་བཞེས་པར་རྗེས་སུ་བཀའ་ཤག་གི་ནང་རྒྱུ་མཚན་གང་གི་སྒོ་ནས་སླེབས་པ་སོགས་དོན་གནད་མང་པོ་ཞིག་ད་དུང་གསལ་པོ་ཤེས་མ་སོང༌། གསལ་བཤད་ལ་ཉན་སྐབས་ཕྱོགས་གཅིག་ནས་འཛིན་སྐྱོང་ལ་ཐུགས་ཁག་མེད་པའི་རྒྱུ་མཚན་མང་པོ་གསུངས་སོང་བ་དེ་དག་བདེན་པ་ཡིན་མདོག་ཁ་པོ་འདུག་ཀྱང༌། ཕྱོགས་གཞན་ནས་བལྟས་ན་ཐུགས་ཁག་མེད་པའི་གནས་ཚུལ་གྱི་འབྱུང་ཁུངས་དེ་ཐུགས་ཞིབ་ཚགས་པོ་གནང་རྒྱུའི་གཤིས་ཀ་མེད་པའི་གནས་སྟངས་ལ་ཐུག་ཡོད་པའང་སྲིད།གང་ལྟར་དེ་རིང་གི་ཚོར་བ་དང་ཉམས་མྱོང་ལ་བརྟེན་ནས་མ་འོངས་པར་སྲི་ཞུ་བ་རྣམས་དང་ཆབ་སྲིད་ཀྱི་དབུ་ཁྲིད་ཚོ་ཚང་མས་ཐུགས་སྣང་ཆེ་ཙམ་དང་ཐུགས་འགན་ཆེ་ཙམ་བཞེས་དགོས་པ་དང༌། དེ་ཡང་ཚེ་འདི་ལ་ལྟོས་ན་རྒྱ་ཆེ་མང་ཚོགས་ལ་འགན་འཁུར་ཐུབ་པ་ཞིག་དགོས་པ་དང༌།ཚེ་ཕྱི་མ་ལ་ལྟོས་ན་ཆོས་ཁས་ལེན་མཁན་ཞིག་ཡིན་ཚེ་ལས་རྒྱུ་འབྲས་ལ་འཕེར་བ་ཞིག་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
འགྲེལ་བརྗོད་ནང་འགའ་ཤས་ཀྱི་ཐུགས་ལ་མ་བབ་པ་དང་སྙན་པོ་མེད་པའི་ཚིག་བྱུང་ཡོད་སྲིད། འོན་ཀྱང་དེ་ཚོ་ཞུས་དགོས་དོན་ནི། ཚོགས་ཁང་འདིའི་ནང་བགྲོ་གླེང་གི་ཐོབ་ཐང་ཡོད་པའི་ཚོགས་མི་ཡོངས་ཀྱི་མཉམ་འདུས་ཀྱི་འགན་ཁུར་ཡིན་པ་དང༌། ཚོགས་ཁང་གི་ཕྱི་ལ་གྲོས་ཚོགས་དང༌།འཛིན་སྐྱོང་སོ་སོའི་མཉམ་འདུས་ཀྱི་འགན་ཁུར་ཞིག་ཡོད་པའི་དབང་གིས་ཞུ་དགོས་བྱུང་བ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དྲུག་པ། ༡༩༩༤/༠༡/༡༢ ་་་ ༡༩༩༤/༠༡/༢༥