དཔལ་འབྱོར་གྱི་སྒྲིག་ལམ་སྲ་ཐག་དགོས་གནད།
མང་གཙོའི་ལམ་སྲོལ་ཅན་གྱི་རྒྱལ་ཁབ་ག་འདྲ་ཞིག་ཡིན་ན་ཡང༌། ཆབ་སྲིད་ཀྱི་མངའ་དབང་དེ་མང་ཚོགས་ལ་གནས་པ་དང༌། མང་ཚོགས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱི་འཐུས་མིའི་བརྒྱུད་ནས་མངའ་དབང་ལག་བསྟར་བྱ་རྒྱུ་དང༌། གྲོས་ཚོགས་ཀྱི་འཐུས་མིས་ཁྲིམས་བཟོ་དང་བཏང་འཛིན་གྱི་ལས་དོན་གྱི་ཐོག་ནས་ལས་འཆར་གཏན་འབེབས་བྱ་རྒྱུ། གཏན་འབེབས་བྱས་པའི་འཆར་གཞི་དེའི་ཐོག་འཛིན་སྐྱོང་གིས་ལག་ལེན་བསྟར་རྒྱུ། ལག་ལེན་ཇི་བཞིན་བསྟར་ཡོད་མེད་གྲོས་ཚོགས་ཀྱིས་ལྟ་རྟོག་དང་བཏང་འཛིན་བྱ་རྒྱུ། ཁྲིམས་ཀྱི་སྐོར་རྩོད་རྙོག་བྱུང་བ་ཡིན་ན་ཐག་གཅོད་ཁྲིམས་ལུགས་དབང་འཛིན་པས་བྱེད་རྒྱུ་བཅས་དེ་འདྲའི་བརྒྱུད་ནས་ཆབ་སྲིད་མངའ་སྒྱུར་བྱེད་དགོས་ཀྱི་ཡོད། དེའི་ནང་ནས་གལ་གནད་ཆེ་བའི་ཡན་ལག་གཅིག་ཁྲིམས་བཟོ་ལྷན་ཚོགས་ཀྱིས་འཛིན་སྐྱོང་ལ་ལས་དོན་བསྒྲུབ་ཐུབ་རྒྱུའི་མཐུན་རྐྱེན་སྤྲད་རྒྱུ་དང་ལས་དོན་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ལམ་སྟོན་ལས་བརྒལ་ནས་མི་འགྲོ་བའི་བཏང་འཛིན་བྱེད་རྒྱུའི་ཆེད་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཡོང་འབབ་གང་ཡོད་པ་དེ་ཕྱོགས་བསྡོམས་མ་དངུལ་གྱི་ནང་དུ་སྤུངས་ནས་དེའི་ཐོག་ནས་གཞུང་དངུལ་སྐར་ཆ་ཡན་ཆད་འགྲོ་སོང་གཏོང་རྒྱུའི་དབང་ཚད་དེ་ཁྲིམས་ཀྱི་ལམ་ཞིག་གི་ཐོག་ནས་འཛིན་སྐྱོང་ལ་སྤྲད་རྒྱུ་དེ། ཁྲིམས་ཀྱི་དབང་བསྒྱུར་བྱས་པའི་ལམ་སྲོལ་གྱི་ནང་གལ་གནད་ཆེ་བའི་ཁྲིམས་ཀྱི་དབང་བསྒྱུར་ཞིག་ཆགས་ཀྱི་ཡོད། ཆབ་སྲིད་དང་རྩ་ཁྲིམས་ཀྱི་གནས་སྟངས་མི་འདྲ་བའི་མང་གཙོའི་རྒྱལ་ཁབ་བརྒྱ་ཕྲག་ཁ་ཤས་ཡོད་པའི་ནང་ལ་སྤྱིར་བཏང་གྲོས་ཚོགས་དང་འཛིན་སྐྱོང་གི་བར་གྱི་འབྲེལ་བ་བྱེད་སྟངས་དང༌། བཏང་འཛིན་ལྗིད་མཉམ་བྱེད་སྟངས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་ཡོད་པ་རེད། ཁ་ཤས་ལ་ལས་འགན་བགོ་བཤའ་བརྒྱབ་རྒྱུ་དེ་ཁ་གསལ་ཐག་ཆོད་སྡེ་ཚན་གསུམ་པོ་དེ་སོ་སོའི་རང་དབང་གིས་སྐབས་འཁྲིའི་ལས་དོན་བྱས་པ་མ་གཏོགས། གཅིག་གིས་གཅིག་ལ་དབང་བསྒྱུར་བྱ་རྒྱུ་དཀའ་བ་ཡོད་པ་དང༌། མང་ཆེ་བ་ནི་ཕན་ཚུན་ཤུགས་ཆེ་ལྟོས་དགོས་ཡོད་པ་སོགས་སྣ་ཚོགས་ཡོད། བོད་མི་ན་གཞོན་མང་པོས་དགའ་པོ་བྱ་ས་གཅིག་ཨ་རིའི་ལམ་སྲོལ་དེ་རེད། ཨ་རིའི་རྩ་ཁྲིམས་ནང་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀྱི་འགན་དབང་བགོ་བཤའ་གསལ་པོ་བརྒྱབས་ཡོད་ཙང༌། གྲོས་ཚོགས་ཀྱིས་འཛིན་སྐྱོང་ལ་བཏང་འཛིན་བྱེད་དཀའ་པོ་ཡོད། ལྷག་པར་དུ་རྒྱལ་ཁབ་ཀྱི་སྲིད་བྱུས་མང་ཆེ་བ་འཛིན་སྐྱོང་གིས་གཏན་འབེབས་བྱས་པ་མ་གཏོགས། གྲོས་ཚོགས་ཀྱིས་གཏན་འབེབས་བྱེད་ཀྱི་མེད། གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པ་རྣམས་ཀྱང་འཛིན་སྐྱོང་གིས་ངེས་པར་སྲུང་རྩི་ཞུ་དགོས་མིན་སྣ་ཚོགས་ཤིག་ཡོད་པ་རེད། ཡིན་ན་ཡང་དཔལ་འབྱོར་འདུ་འགོད་ཀྱི་སྐོར་ལ་འཛིན་སྐྱོང་ཇི་ཙམ་དབང་ཚད་ཆེན་པོ་ཡོད་ཀྱང༌། གཞུང་དངུལ་སྐར་མ་གཅིག་ཀྱང་ཕྱོགས་བསྡོམས་མ་དངུལ་གྱི་ནང་ནས་གྲོས་ཚོགས་ཀྱི་བཀའ་ཁྲོལ་ཁྲིམས་ཡིག་མེད་པར་གཏོང་ཐུབ་ཀྱི་མེད། འདས་པའི་ཟླ་ཤས་ནང་བཀའ་བློན་དང་སྤྱི་འཐུས་རྣམ་པས་གསར་ཤོག་དང་རླུང་འཕྲིན་ནས་གསན་ཡོད་ཤག་ལྟར། ཨ་རི་གཞུང་གི་ལས་བྱེད་འབུམ་ཕྲག་མང་པོ་ཕོགས་སྤྲད་རྒྱུ་མེད་པར་ལས་དོན་མཚམས་འཇོག་གིས་ནང་ལ་ལོག་དགོས་པའི་གནས་ཚུལ་དང༌། འཛམ་གླིང་ནང་འཛིན་སྐྱོང་གི་དབང་ཚད་ཆེ་ཤོས་ཡོད་པར་གྲགས་པའི་ཨ་རིའི་སྲིད་འཛིན་གྱིས་ཀྱང་གྲོས་ཚོགས་ཀྱི་མདུན་ལ་ཞུ་བ་མ་འཐེན་ཐབས་མེད་ཆགས་པ་དེ་གཟིགས་ཡོད་པ་རེད། དེ་ཚོ་དཔེ་ལྟ་འོས་པ་ཞིག་རེད་བསམ་གྱི་འདུག ཁྲིམས་ཀྱི་ལམ་སྲོལ་གྱི་ཐོག་ནས་འགགས་ཡོང་དུས་མི་འབུམ་ཕྲག་མང་པོ་ལས་ཀ་ཤོར་དགོས་བྱུང་ནའང་ཤོར་དུ་བཅུག་པ་མ་གཏོགས་ཐབས་གཞན་པ་བྱ་ས་མེད། དཔེ་མཚོན་དེ་ལ་སྦྱར་ནས་ང་ཚོ་བཙན་བྱོལ་གཞུང་ལ་དེ་ནང་བཞིན་བཏང་འཛིན་བྱེད་ཐུབ་ཀྱི་རེད་དམ་ཞེ་ན། ལན་བརྒྱབ་རྒྱུ་ཁག་པོ་རེད། བཀའ་ཤག་ངེས་མེད་དགོས་དངུལ་ཟླ་ཤས་ནང་རྫོགས་ནས་བསྐྱར་བཅོས་སྔོན་རྩིས་བཀའ་ཁྲོལ་མ་གནང་བའི་བར་དེར་ངེས་མེད་དགོས་དངུལ་ལྡབ་ཁ་ཤས་འཛིན་སྐྱོང་གིས་ཐད་ཀར་ཐག་གཅོད་བྱས་ནས་གཏོང་བཞིན་ཡོད། དེ་བཏང་བ་དེ་ཁྲིམས་འགལ་ལ་བརྩིས་ནས་ལས་ཀ་མཚམས་བཞག་པ་ཡིན་ན། རླབས་ཆེན་གྱི་ནོར་འཁྲུལ་ཞིག་ལ་ང་ཚོ་ཚང་མས་བརྩི་རྒྱུ་རེད། བཀའ་ཁྲོལ་བྱུང་མིན་ཙམ་གྱི་གནད་ཆུང་ཆུང་དེ་ལ་བརྟེན་ནས་ལས་དོན་དེ་ཙམ་མཚམས་བཞག་དགོས་བྱུང་བ་རེད་ཅེས་ལབ་པ་ཡིན་ན། མི་མང་གི་རྣ་བ་ལ་འགྲོ་གི་མ་རེད་ལ། སྤྱི་འཐུས་རྣམ་པ་ཚོའི་ཐུགས་ལའང་འགྲོ་གི་མ་རེད། བཀའ་བློན་རྣམ་པ་ཚོའི་དགོངས་པར་དེ་བས་ཀྱང་འགྲོ་གི་མ་རེད། བསྐྱར་བཅོས་སྔོན་རྩིས་ནང་བཀའ་ཁྲོལ་ནི་འཁྲོལ་རྒྱུ་རེད། དངུལ་འབབ་ནི་ང་ཚོས་འདུ་འགོད་བྱེད་ཀྱི་ཡོད། དེ་ཙམ་འགྲོ་སོང་གཏོང་མི་ཆོག་པ་གང་ཡོད། ལས་དོན་གལ་ཆེན་པོ་འགགས་པ་དེ་དང་ཁྲིམས་དང་འགྲོ་ལུགས་ཀྱི་གནས་ཚུལ་ཆུང་ཆུང་དེ་གཉིས་བར་གལ་ཆེ་ཆུང་བརྩི་སྟངས་དེ་རྦད་དེ་ནོར་བ་རེད་ཅེས་གསུངས་མདོག་ཁ་པོ་རེད། དེ་ནི་ང་ཚོའི་ད་ལྟའི་བསམ་བློའི་འགྲོ་སྟངས་དང་ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་ཀྱི་ལེགས་བྱང་དེའི་དབང་གིས་རེད། ཨ་རི་གཞུང་གིས་དེ་འདྲ་ལབ་ཀྱི་ཡོད་པ་མ་རེད། ཁོང་ཚོའི་ལས་ཀ་འགགས་པ་དེ་ཚོ་ཡང་ལས་ཀ་གལ་ཆེན་པོ་ཡོད་སྲིད། བཙན་བྱོལ་གཞུང་གི་ལས་ཀ་མ་གཏོགས་ཨ་རི་གཞུང་གི་ལས་ཀ་གལ་ཆེན་པོ་ཡོད་པ་མ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། ཡིན་ནའང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་རྩེ་ཕུད་དུ་གྲགས་པ་ཚོས་ཀྱང་སྔོན་རྩིས་བཀའ་ཁྲོལ་ཞུ་རྒྱུ་གནད་འགག་ཆུང་ཆུང་རེད་ཅེས་མ་བཞག་པར་ལས་དོན་འགགས་ཀྱང་འགག་ཏུ་བཅུག་རྒྱུ་དང༌། ལས་ཁུངས་སྒོ་བརྒྱབ་དགོས་བྱུང་ཡང་རྒྱག་གི་ཡོད་པ་རེད། གསར་ཤོག་ཁག་ནང་ཐུགས་སྣང་བྱུང་ཡོད་ཤག་ལྟར། ཨ་རིའི་ཕྱི་རྒྱལ་གཞུང་ཚབ་ཁག་ནང་ཕོགས་སྤྲད་རྒྱུ་མེད་པར་ལས་བྱེད་མང་པོ་མཁུ་བསྡུ་གཏོང་དགོས་བྱུང་བ་དང༌། དེའི་རིང་ལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་གཟིགས་སྐོར་ལ་ཕེབས་ནས་སྣེ་ལེན་ཞུ་དགོས་བྱུང་སྐབས་མཁུ་བསྡུ་བཏང་བའི་ལས་བྱེད་རྣམས་ལ་གཞུང་ཚབ་ཀྱིས་སྐུ་མཁྱེན་ཕོགས་མེད་ལ་ལས་ཀ་བྱེད་དུ་ཡོང་རོགས་ཞེས་ཞུ་བ་འཐེན་དགོས་བྱུང་ཡོད་པ་རེད། དེ་ཚོ་ཕྱོགས་གཅིག་ནས་བལྟས་ན་གད་མོ་ཤོར་རྒྱུ་ཞིག་དང༌། ཕྱོགས་གཞན་ནས་བལྟས་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོ་དཔལ་འབྱོར་གྱི་སྒྲིག་ལམ་ལ་ཇི་ཙམ་གནད་འགག་ཆེན་པོ་བརྩི་གི་ཡོད་པའི་མཚོན་རྟགས་མཐོང་ཐུབ་པ་ཞིག་རེད། ངོས་རང་ནུབ་ཕྱོགས་པའི་ལམ་སྲོལ་ལ་བསྟོད་བསྔགས་ཞུ་མཁན་ཞིག་མིན་ཡང༌། གལ་སྲིད་ནུབ་ཕྱོགས་ཀྱི་ལམ་སྲོལ་ལ་བསྟོད་བསྔགས་གཏོང་འདོད་ཡོད་ན། ལམ་སྲོལ་འདི་ཚོར་ངེས་པར་དུ་བསྟོད་བསྔགས་གཏོང་འོས་པ་ཞིག་རེད་བསམ་གྱི་འདུག འདས་པའི་ལོ་བཞིའི་རིང་ལ་སྐབས་ ༡༡ སྤྱི་འཐུས་ཀྱི་བསྒྲུབ་བྱ་གཙོ་བོ་ཞིག་ནི་བཙན་བྱོལ་གཞུང་གི་འབབ་ཁུངས་ཡོངས་རྫོགས་སྐར་ཆ་གཅིག་ཀྱང་མ་ལུས་པར་ཕྱོགས་བསྡོམས་མ་དངུལ་གྱི་ནང་ལ་སླེབས་ཐུབ་པ་བཟོ་རྒྱུ་དང༌། ཕྱོགས་བསྡོམས་མ་དངུལ་ནས་སྐར་ཆ་གཅིག་ཀྱང་གྲོས་ཚོགས་ཀྱི་བཀའ་ཁྲོལ་མེད་པར་འཛིན་སྐྱོང་གིས་འགྲོ་སོང་བཏང་མི་ཐུབ་པའི་ཁྲིམས་སྲོལ་ཞིག་ཚུགས་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་དེ་རེད། ང་ཚོས་དེ་འདྲའི་ལེགས་བྱང་ཞིག་བསྐྲུན་དགོས་པ་དང་གཤིས་ཀ་བསླབ་དགོས་པ་སོང་ཙང༌། འབད་བརྩོན་བྱས་པ་རེད། ལོ་རེ་ནས་ལོ་རེ་སྔོན་རྩིས་བཀའ་ཁྲོལ་བྱ་རྒྱུ་དེ་དམ་དུ་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང༌། ལོ་བཞིའི་ནང་ལ་ང་ཚོའི་སྤྱི་ཚོགས་ནང་དང་ཆབ་སྲིད་འཛིན་སྐྱོང་གི་ལས་ཀྱི་སྣེ་ལ་སྡོད་མཁན་ཚོའི་གཤིས་སྤྱོད་ལ་དཔལ་འབྱོར་སྒྲིག་ལམ་གྱི་གོམས་གཤིས་དང་ལེགས་བྱང་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྐྲུན་ཐུབ་པ་བྱུང་ཡོད་དམ་ཞེ་ན། ཕལ་ཆེར་བྱུང་ཡོད་པ་མ་རེད་ཅེས་ལབ་དགོས་པ་རེད། འབད་བརྩོན་བྱས་པ་རེད་དེ། གྲུབ་འབྲས་འདོད་བློ་ཁེངས་པ་ཞིག་མ་ཐོན་པ་རེད། ཡིན་ནའང་ད་དུང་ང་ཚོས་སེམས་ཤུགས་མ་ཆག་པར་མུ་མཐུད་ནས་འབད་བརྩོན་བྱེད་དགོས་པ་སྤྱིར་བཏང་གི་འགྲོ་སྟངས་དང༌། ལྷག་པར་དུ་ང་ཚོའི་སྐབས་བབ་ཀྱི་ལས་འགན་ཞིག་ཆགས་ཡོད། ཇི་ཙམ་མ་འགྲུབ་ཀྱང་ད་དུང་དེ་ཙམ་གྱི་འབད་བརྩོན་བྱ་དགོས་འདུག་ཅེས་ྋགོང་ས་མཆོག་གིས་བཀའ་སློབ་གནང་བ་ཞིག་ནུབ་ཕྱོགས་པའི་སྙན་ངག་བྲིས་མཁན་ཚོས་དབྱིན་སྐད་སྙན་ཚིག་གི་ནང་ལ་བསྒྱུར་ནས་དཔར་བརྒྱབས་པ་ཞིག་གྲོས་ཚོགས་ཀྱི་བར་ཁྱམས་སུ་བཀྲམས་ཡོད། དེ་བཀྲམས་དོན་ནི་ྋསྐྱབས་མགོན་རིན་པོ་ཆེས་བོད་སྐད་ལ་གསུངས་པ་ལས་དབྱིན་སྐད་ལ་བསྒྱུར་ནས་ནུབ་ཕྱོགས་པའི་གསུང་སྟངས་བཞིན་གསུང་ན་ནུས་པ་ཆེ་བ་དང་བོད་མི་ན་གཞོན་ཚོའི་རྣ་བ་ལ་འགྲོ་བདེ་བའི་བཟོ་འདྲ་ཞིག་ཡོད་པ་རེད། བྱས་ཙང་སྤྱི་འཐུས་རྣམ་པར་ཡིད་འགུལ་ཞིག་ཐེབས་མི་ཡོང་ངམ་སྙམ་ནས་བཀྲམས་པ་རེད། དོན་སྙིང་ནི་སེམས་ཤུགས་མ་ཆག་པར་ཇི་ཙམ་གྱིས་མ་གྲུབ་པ་དེ་ཙམ་གྱིས་ད་དུང་བརྩོན་དགོས་གསུངས་པ་དེ་རེད། དེ་སེམས་ལ་བཞག་ནས་ང་ཚོ་སྤྱི་འཐུས་འཁྱུར་གྱི་ཡོད་ཀྱང༌། འཁྱུར་ཁའི་མཚམས་ལ་སྔོན་རྩིས་གཏན་འབེབས་འདི་དོ་དམ་ཤོས་ཤིག་བྱེད་ཐུབ་རྒྱུའི་འདུན་པ་དང་རེ་བ་ཞུ་གི་ཡོད། ད་ལོ་བྱུང་ན་གཏོང་ཡོང་ཁ་མ་འདུམས་པ་མེད་པའི་སྔོན་རྩིས་ཆ་སྙོམ་ཞིག་གཏན་འབེབས་ཐུབ་པའི་རེ་བ་ཞུ་གི་ཡོད། དེའི་ཆེད་དུ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལའང་རེ་འདུན་ཞུས་པ་ཡིན། བཀའ་ཤག་ལའང་དེ་སྔོན་ནས་རེ་འདུན་མང་པོ་ཞུས་ཟིན་པ་རེད། དེ་འདྲ་ཡིན་སྟབས་ང་ཚོས་རེ་བ་བྱེད་རྒྱུ་ལ་ད་ལམ་གཏན་འབེབས་བྱ་རྒྱུའི་རྩིས་ལོ་ ༩༦་་༩༧ སྔོན་རྩིས་དེ་འགྲོ་སོང་ཁ་འདུམས་པ་ཞིག་གཏན་འབེབས་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། བཙན་བྱོལ་གྱི་གནས་སྐབས་ལ་ལོ་འཁོར་སྔོན་རྩིས་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་སྲིད་བྱུས་མཚོན་ཐུབ་པ་ཞིག་ཡོང་མི་ཐུབ་པ་དེ། ད་ལྟ་སེལ་མི་ཐུབ་པའི་དངོས་ཡོད་ཀྱི་དཀའ་ངལ་ཞིག་རེད། གནས་ཡུལ་རྒྱབ་ཁབ་ཀྱི་དཔལ་འབྱོར་གྱི་ལམ་ལུགས་དང་སྲིད་བྱུས་ཀྱི་འོག་ལ་ང་ཚོ་ལས་ཀ་བྱེད་དགོས་སྟབས། བཙན་བྱོལ་སྲིད་གཞུང་སྦར་བ་གང་གིས་རང་གི་དཔལ་འབྱོར་གྱི་ལམ་སྲོལ་ཞིག་སྟོན་མི་ཐུབ་པ་དེ་ཁག་མེད་པའི་གནས་སྟངས་ཤིག་རེད། ཡིན་ནའང་ང་རང་ཚོ་ལ་དཔལ་འབྱོར་ལམ་ལུགས་ཀྱི་ལྟ་བ་གང་ཡང་མེད་པ་དང༌། གལ་སྲིད་རང་དབང་བྱུང་ན་དཔལ་འབྱོར་གྱི་ནོར་སྲིད་དེ་ག་འདྲ་ཞིག་གཏན་འབེབས་དང་ལག་ལེན་བསྟར་གྱི་ཡིན་དེའི་ཐོག་ལ་བསམ་བློ་གཏོང་མི་དགོས་པ་དང༌། བསམ་བློ་གཏོང་མི་ཆོག་པ། བསམ་བློ་གཏོང་བའི་ནུས་པ་མེད་པ་རྩ་བ་ནས་མ་རེད། ང་ཚོ་འདོད་པའི་ཁམས་སུ་གནས་ཡོད་སྟབས་བྱ་བཞག་ག་འདྲ་ཞིག་བྱས་ཀྱང་འདོད་པའི་སས་བསྡུས་ཀྱི་བྱ་བ་ཞིག་ལ་འགྲོ་གི་ཡོད། དེ་འདྲའི་བྱ་བ་ཡོངས་རྫོགས་ནོར་ལ་བརྟེན་པ་བཤད་མི་དགོས་པ་རེད། སྐྱེས་བུའི་མངོན་འདོད་བཞིའི་ནང་འདོད་པའི་མངོན་འདོད་དེ་ནོར་ལ་བརྟེན་པ་དང༌། ཐར་པའི་མངོན་འདོད་དེ་ཆོས་ལ་བརྟེན་པ་ཡོངས་གྲགས་ཀྱི་རྒྱུ་འབྲས་འཇུག་ལྡོག་གི་རྣམ་བཞག་ཅིག་རེད། དེ་འདྲ་སོང་ཙང་གང་ཟག་སུ་ལའང་འདི་སྣང་གི་མངོན་འདོད་དང་འདོད་པའི་མངོན་འདོད་སྒྲུབ་དགོས་ཕྱིན་ཆད་ལ། ཁོས་ནོར་གྱི་ཐོག་ལ་ལྟ་སྟངས་དང་འཇུག་སྟངས་ཀྱི་ལམ་སྲོལ་ཞིག་མེད་ན། གང་ཟག་དེའི་མངོན་འདོད་སྒྲུབ་པའི་ཡན་ལག་གཅིག་ཚང་གི་མ་རེད། མི་རིགས་དང་རྒྱལ་ཁབ་ཕར་བཞག གང་ཟག་བྱེ་བྲག་པ་ཞིག་ཡིན་ནའང༌། རང་གི་འདོད་པའི་མངོན་འདོད་བསྒྲུབ་རྒྱུ་ལ་ནོར་གྱི་འདུ་འགོད་ཀྱི་གནས་སྟངས་དེ་ཤེས་པ་དང༌། དེ་ལ་སོ་སོའི་ལྟ་སྟངས་ཡོད་པ་ཞིག་དགོས་པ་རེད། དེ་འདྲ་ཞིག་ཡོང་ཐུབ་པའི་ནུས་པ་ཡོད་པ་རེད། སྐབས་ ༡༡ སྤྱི་འཐུས་ཀྱིས་ང་ཚོའི་ནོར་སྲིད་ཀྱི་གནས་སྟངས་ལམ་སྟོན་རྒྱས་པ་ཞིག་བཟོ་རྒྱུའི་གོ་སྐབས་དང་ནུས་པ་གཉིས་ཆས་ལྡེང་མེད། ཡིན་ནའང་མ་འོངས་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་དེའི་ཐོག་དགོངས་པ་བཞེས་དགོས་པ་དང༌། དེ་དང་ཆབས་ཅིག་འཛིན་སྐྱོང་གིས་མཉམ་རུབ་ཀྱི་ཐོག་ནས་ང་ཚོའི་མ་འོངས་པའི་མདུན་ལམ་གྱི་ནང་ལ་བོད་པའི་སྤྱི་ཚོགས་ཀྱི་ནོར་སྲིད་ཀྱི་གནས་སྟངས་ག་འདྲ་ཞིག་ཡིན་པ་བང་བསྒྲིག་དགོས་པ་གལ་ཆེན་པོ་རེད། སོང་ཙང་དེའི་ས་བོན་དེ་ད་ལྟའི་བཙན་བྱོལ་གཞུང་གི་ལོ་འཁོར་སྔོན་རྩིས་ལ་བློ་གྲོས་འཇུག་སྟངས་ཀྱི་ཐོག་ནས་མཚོན་ནུས་པ་དང་དཔོག་ནུས་པ་དགོས་གལ་ཆེན་པོ་རེད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་བཅུ་པ། ༡༩༩༦/༠༡/༣༠ ་་་ ༡༩༩༦/༠༢/༡༠