དཔལ་འབྱོར་གྱི་ལས་དོན་ཕྱི་གསལ་ནང་གསལ་དགོས་གལ།

ལོ་གཅིག་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་ཡོད་པའི་ནང་ནས་གཅིག་དམིགས་བཀར་གྱིས་ལོ་འཁོར་སྔོན་རྩིས་གཏན་འབེབས་ལས་དོན་གྱི་ཆེད་དུ་ཚོགས་གནང་གི་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། སྤྱི་འཐུས་སྐབས་བཅིུག་པའི་ལོ་ལྔའི་ཉམས་མྱོང་ལ་གཞིགས་ཏེ་སྤྱི་འཐུས་སྐབས་བཅིུས་པའི་སྐབས་ལ་སྔོན་རྩིས་ཀྱི་ཚོགས་དུས་དེ་ཕྱི་ཟླ་ ༣ པའི་ཟླ་དཀྱིལ་ལ་ཚོགས་པ་ཡིན་ན་འདས་པའི་ལོ་དེའི་བྱུང་སོང་གི་གནས་སྟངས་གསལ་པོ་ཤེས་པ་ལ་ཕན་ཐོགས་ཡོང་རྒྱུར་དམིགས་ནས་ལོ་སྔ་མ་དང་ད་ལོའི་ལོ་འཁོར་སྔོན་རྩིས་ཀྱི་ཚོགས་དུས་དེ་ཕྱི་ཟླ་ ༣ པའི་ནང་ཚོགས་གནང་བའི་གནས་སྟངས་དེ་འདྲ་ཡིན། འོན་ཀྱང་ད་རེས་སྔོན་རྩིས་ཁ་མ་འདུམས་པའི་སྐོར་གྱི་གསལ་བཤད་དང་བགྲོ་གླེང་ལ་བལྟས་ན་དེ་ཙམ་གྱིས་ཕན་ཐོགས་བྱུང་བའི་རྣམ་པ་ཐོན་མི་འདུག
ཁྲིམས་བཟོ་ལྷན་ཚོགས་ཀྱི་ལས་འགན་རྣམས་ཀྱི་ནང་ནས་དཔལ་འབྱོར་སྟངས་འཛིན་དང་སྔོན་རྩིས་གཏན་འབེབས་ཀྱི་ལས་དོན་དེ་དཔལ་འབྱོར་དང་ཁྲིམས་བཟོའི་ལས་དོན་གཉིས་ཀ་དང་འབྲེལ་བ་ཡོད་པའི་ལས་དོན་གལ་གནད་ཆེ་ཤོས་ཤིག་ཡིན། དེ་འདྲ་སོང་ཙང་ད་རིང་སྔོན་རྩིས་ཚོགས་དུས་འདིའི་ཐོག་དུས་ཚོད་མང་བ་སྔོན་རྩིས་ཀྱི་ཐོག་བགྲོ་གླེང་དང་བརྡར་ཤ་གཅོད་གནང་རྒྱུའི་ཆེད་དུ་དམིགས་ནས་ཚོགས་དུས་འགོ་འཛུགས་ཀྱི་ཉིན་གསུམ་པའི་ཉིན་མོ་འདིར་སྔོན་རྩིས་འབུལ་ལམ་ཞུ་རྒྱུའི་ལས་རིམ་འཆར་གཞི་བསྒྲིགས་པ་ཡིན།
སྐབས་བཅིུས་པ་ནས་བཟུང་ང་ཚོའི་རྒྱུན་སྲོལ་ལྟར་ལོ་འཁོར་སྔོན་རྩིས་དེ་རེས་གཟའ་པ་སངས་སམ་སྤེན་པའི་དགོང་མོ་གང་རུང་ལ་འབུལ་ལམ་ཞུས་ནས་དེའི་ཉིན་ཕྱི་མ་དེ་གྲོས་ཚོགས་མེད་པའི་སྐབས་འཁེལ་བ་ཞིག་ཞུས་ཀྱི་ཡོད་རེད། ད་རེས་ང་ཚོས་རེས་གཟའ་ཟླ་བ་ནས་ཚོགས་དུས་འགོ་བཙུགས་པ་ཡིན་སྟབས་རེས་གཟའ་པ་སངས་སྤེན་པ་གང་རུང་བར་བསྒུགས་པ་ཡིན་ན་བདུན་ཕྲག་རྗེས་མའི་ནང་སྔོན་རྩིས་ཀྱི་ཐོག་ལ་བཀའ་བསྡུར་གནང་རྒྱུའི་དུས་ཚོད་ཉུང་སྐྱོན་འབྱུང་ངེས་ལ་བརྟེན། ད་རེས་ཉིན་གསུམ་པ་རེས་གཟའ་ལྷག་པའི་ཉིན་མོ་འདིར་སྔོན་རྩིས་འགོད་འབུལ་ཞུ་རྒྱུའི་དུས་ཚོད་སྔ་བསྣུར་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན། དེར་བརྟེན་སྤྱིར་སང་ཉིན་གཟའ་འཁོར་གྱི་གུང་སེང་འཁེལ་གྱི་མེད་ཀྱང་གྲོས་ཚོགས་བར་མཚམས་བཞག་ནས་གནངས་ཉིན་ནས་གྲོས་ཚོགས་བསྐྱར་ཚོགས་གནང་རྒྱུའི་ལས་རིམ་བང་བསྒྲིགས་པ་ཡིན།
གྲོས་ཚོགས་ནས་སྔོན་རྩིས་སྟངས་འཛིན་གནང་རྒྱུ་དང༌། དཔལ་འབྱོར་དང་འབྲེལ་བ་ཡོད་པའི་དྲི་བ་དྲིས་ལན་གང་ཐུབ་ཀྱིས་བགྲོ་གླེང་གཏིང་ཟབ་བྱ་རྒྱུའི་ཐབས་ཤེས་ཞུས་པ་དེ་བཙན་བྱོལ་བོད་གཞུང་འཛིན་སྐྱོང་གི་དཔལ་འབྱོར་འདུ་འགོད་དང༌། དཔལ་འབྱོར་བེད་སྤྱོད་གནང་སྟངས་ཐད་ཡིད་ཆེས་མེད་པ་དང་དྭོགས་གཞི་ཡོད་པའི་རྒྱུ་མཚན་གྱིས་རྩ་བ་ཉིད་ནས་བྱེད་ཀྱི་ཡོད་མ་རེད། དེ་བཞིན་དུ་སྡེ་ཚན་སོ་སོའི་ནང་ཞིབ་འཇུག་དག་ཐེར་གནང་རྒྱུ་དེ་ཡང་སྡེ་ཚན་དེ་དང་དེའི་དཔལ་འབྱོར་སྟངས་འཛིན་གྱི་འགན་དབང་ཡོད་པའི་གང་ཟག་གི་ལས་དོན་བྱེད་ཕྱོགས་ཐད་དྭོགས་གཞི་ཡོད་པ་དང༌། བག་མེད་ལོངས་སྤྱོད་བྱས་ཡོད་པའི་ཐེ་ཚོམ་གྱི་གཞི་ཡོད་པའི་རྒྱུ་མཚན་གྱིས་བྱས་པ་དེ་འདྲ་རྩ་བ་ནས་མ་རེད། གང་ལགས་ཤེ་ན། མང་གཙོའི་ལམ་སྲོལ་གྱི་ནང་ལ་གང་ཟག་སུ་དང་སུ་ཡིན་ཡང་ནག་ཉེས་འགལ་འཛོལ་བྱུང་ཡོད་པ་ཞིག་ཁྲིམས་ཀྱི་ཐོག་ནས་ར་འཕྲོད་གསལ་པོ་མ་བྱུང་གི་བར་ནག་ཉེས་མེད་པ་ལ་ངོས་ལེན་ཞུ་དགོས་ཀྱི་ཡོད་པ་དེ་སྤྱི་སྲོལ་ཞིག་ཡིན་སྟབས། སྤྱིར་སྟངས་ནས་ང་ཚོའི་མཛད་གཙོ་ལས་བྱེད་ཚང་མར་ཡིད་ཆེས་ཡོད་པ་མ་ཟད། ཁྲིམས་ཐོག་ནས་ཀྱང་ང་ཚོར་དྭོགས་གཞི་འབྱུང་ཐབས་མེད་པ་ཞིག་ཡིན་པ་དེ་ཚང་མས་གསལ་པོ་མཁྱེན་གྱི་ཡོད་ཤག་དང༌། མཁྱེན་དགོས་པའང་རེད།
འོན་ཀྱང་ང་ཚོས་ཞིབ་ཚགས་པོའི་ཐོག་ནས་གང་ཐུབ་དོ་དམ་པོ་ཡོང་རྒྱུའི་འབད་བརྩོན་ཞུ་རྒྱུའི་དམིགས་ཡུལ་ནི་ལྷག་བསམ་རྣམ་དག་གི་ཐོག་ནས་ཕྱག་ལས་གནང་བ་དེ་ཤོག་བུའི་ཐོག་ནས་གསལ་ཐུབ་པ་ཞིག་དང༌། ལོ་རྒྱུས་ཀྱི་ནང་འཁོད་ཐུབ་པ་ཞིག་ཡོང་བའི་ཆེད་དུ་ཡིན། གང་ཟག་སུ་འདྲ་ཞིག་གིས་བལྟས་ཀྱང་འགྲིགས་པ་དེ་འགྲིགས་པ་ཡིན་པའི་ར་འཕྲོད་ཡང་དག་པ་ཞིག་ཡོང་བའི་ཆེད་དུ་རྩིས་ཀྱི་ཐོག་དོ་དམ་པོ་བྱས་པ་རེད། མནའ་བསྐྱལ་བ་དང་མཐོ་བཙུགས་པས་ཕན་ཐོགས་གང་ཡང་ཡོད་མ་རེད། ང་རང་ཚོའི་མི་རབས་འདི་རྫོགས་པའི་རྗེས་ལོ་རྒྱུས་ལ་ལྟ་མཁན་ཚོས་ཤོག་བུའི་ཐོག་ནས་བལྟ་རྒྱུ་རེད་མ་གཏོགས། ང་ཚོའི་སར་རྩད་གཅོད་བྱེད་ཆེད་ཡོང་གི་མ་རེད། དེ་བཞིན་དུ་ད་ལྟའི་མང་ཚོགས་ཀྱིས་གཞུང་གི་དཔལ་འབྱོར་གྱི་འདུ་འགོད་ག་འདྲ་ཡོད་མེད་དེ་རྩིས་ཁྲའི་ཡིག་ཆ་དང་རྩིས་ཞིབ་སྙན་ཤོག་གི་ཐོག་ནས་རྟོགས་དགོས་པ་ལས་མི་རེ་ངོ་རེའི་སར་ཕྱིན་ནས་ྋགོང་ས་མཆོག་གི་སྐུ་པར་མགོ་ལ་བཞག་པ་དང༌། སྲུང་མ་དམར་ནག་དཔང་དུ་བཙུགས་ནས་མནའ་བསྐྱལ་རྒྱུ་ཡོད་མེད་དྲིས་ཀྱི་མ་རེད། གལ་སྲིད་དེ་ལྟར་བྱས་ནའང་མནའ་བསྐྱལ་ནས་དག་ཐབས་ཀྱང་ཡོད་མ་རེད།
སྤྱིར་སྟངས་འཇིག་རྟེན་གྱི་གཏམ་དཔེ་ལ་དྲང་བདེན་ཡིན་པ་ཙམ་གྱིས་མི་ཆོག དྲང་བདེན་ཡིན་པ་དེ་མངོན་གསལ་དོད་པ་ཞིག་དགོས་པ་རེད་ཟེར་བ་དེ་དངོས་བདེན་རེད། ང་ཚོའི་འབད་བརྩོན་འདི་དག་ཆ་ཚང་ཕྱོགས་གཅིག་ཏུ་བསྡོམས་ན་བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་དེ་ལུགས་འབྱུང་ལུགས་ལྡོག་ག་འདྲ་ཞིག་གི་ཐོག་ནས་བལྟས་ཀྱང་ཕྱི་གསལ་ནང་གསལ། སུས་བལྟས་ཀྱང་དྭོགས་གཞི་མེད་པ་ཞིག་ཡོང་བའི་ཆེད་དུ་ལས་དོན་འདི་དག་བྱེད་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མས་དེར་བསུན་འཚེར་མེད་པ་དང༌། ང་ཚོར་དམིགས་བཀར་གྱིས་གནག་གནག་བྱེད་ཀྱི་འདུག་སྙམ་པའི་བསམ་བློ་ཁྱེར་གྱི་མེད་ཤག་རེད་ལ། འཁྱེར་རྒྱུའང་ཡོད་པ་མ་རེད།
ང་ཚོའི་དྲང་བདེན་གྱི་ལས་ཀ་དེ་སུས་བལྟས་ཀྱང་ཤེལ་སྒོ་ནང་བཞིན་ཕྱི་གསལ་ནང་གསལ་དྭོགས་གཞི་མེད་པ་བཟོ་རྒྱུ་དེ་དམིགས་ཡུལ་གྱི་གཙོ་བོ་དེ་ཡིན། དེ་མ་བྱུང་བ་ཡིན་ན་འཛིན་སྐྱོང་གིས་གྲོས་ཚོགས་ལ་འགན་མ་འཁྱེར་བ་ཞིག་དང༌། གྲོས་ཚོགས་ཀྱིས་མི་མང་དང་ྋསྐྱབས་མགོན་རིན་པོ་ཆེ་ལ་འགན་མ་འཁྱེར་བ་ཞིག་ཆགས་པ་རེད། དེ་འདྲ་སོང་ཙང་ང་རང་ཚོ་ཚང་མ་གཅིག་གིས་གཅིག་ལ་འགན་འཁྱེར་ཐུབ་པ་ཞིག་དང༌། རྩིས་བརྒྱབ་ཐུབ་པ་ཞིག་གི་ཐོག་ནས་མཐའ་དོན་བོད་གཞིས་བྱེས་མི་མང་ཡོངས་རྫོགས་ལ་ང་ཚོའི་དཔལ་འབྱོར་གྱི་འདུ་འགོད་ཆེ་ཕྲ་ག་འདྲ་ཞིག་ཡིན་ནའང་དྲང་པོ་ལ་གཞུང་བསྲང་བ་ཞིག་དང༌། སྒོ་ངས་རྟ་ཁྱོགས་པ་ཞིག་ཡོད་བསམ་པ་དེ་རང་གིས་བསམ་པ་བཞིན་དུ་གཞན་གྱིས་ཀྱང་དེ་ལྟར་མཐོང་ཐུབ་ཞིག་གནང་དགོས་རྒྱུ་དེ་འཛིན་སྐྱོང་གི་ལས་འགན་གལ་གནད་ཆེ་ཤོས་ཤིག་དང༌། གྲོས་ཚོགས་ཀྱི་ཡང་ལས་འགན་གལ་གནད་ཆེ་ཤོས་དེ་རེད། དེ་འདྲའི་ལས་འགན་གལ་གནད་ཆེན་པོ་དེ་ང་ཚོར་ལས་དོན་གཞན་གལ་ཆེན་པོ་མང་པོ་ཡོད་པའི་རྒྱུ་མཚན་གྱིས་མཐོང་ཆུང་དུ་གཏང་མི་ཐུབ། བཙན་བྱོལ་བོད་གཞུང་གི་ལས་དོན་གྱི་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་ཆབ་སྲིད་ཀྱི་ཕྱག་ལས་གནང་དགོས་ཀྱི་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཆབ་སྲིད་ཀྱི་ཕྱག་ལས་གལ་ཆེན་པོ་དེ་འདྲ་ཞིག་ཡོད་པའི་དབང་གིས་རྩིས་ཁྲ་ཞིབ་ཚགས་བཞག་མི་དགོས་པ་དང༌། དཔལ་འབྱོར་འདུ་འགོད་གཙང་མ་བཟོ་མི་དགོས་པར་ལས་སླ་པོའི་ཐོག་ལ་ཕྱིན་ཆོག་རྒྱུའི་ཆོག་མཆན་ཐོབ་ཐབས་ནམ་ཡང་མེད།
ད་རེས་ང་ཚོས་དམིགས་སུ་བཀར་ནས་མ་འོངས་པར་བོད་གཞུང་གི་རྩིས་དང་རྩིས་ཞིབ་སྙན་ཐོ་དང་བཅས་པ་ཆ་ཚང་ད་ལྟ་ལས་གསལ་བ་ཞིག་དང་ཁམས་གཙང་བ་ཞིག་ཡོང་རྒྱུའི་ཆེད་དུ་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་དུས་ཚོད་མང་པོ་ཞིག་གཏང་རྒྱུའི་ཆེད་དུ་ཚོགས་གཙོའི་ངོས་ནས་འབོད་བསྐུལ་ཞུས་ཡོད། ཞུས་པ་བཞིན་ཁོང་ཚོས་སྐུ་ངལ་མང་པོ་བསྐྱོན་ཡོད་རེད། འདིའི་མཇུག་ལའང་ལོ་རྗེས་མ་ནས་སྔོན་རྩིས་འབུལ་སྲོལ་གྱི་ལམ་སྲོལ་བསྐྱར་ཞིབ་གནང་རྒྱུ་དང་ཡར་རྒྱས་གཏང་རྒྱུའི་ཆེད་དུ་འབད་བརྩོན་བྱེད་རྒྱུའི་བསམ་བློ་ཡོད་ཅིང༌། དེ་དང་མཐུན་པའི་གྲོས་འཆར་རིམ་པས་འབུལ་རྒྱུ་ཡིན། ཞེས་གསུངས།
ཕོགས་རིམ་གཏན་འབེབས་དང་རྗེས་འབྲེལ་གྱི་གནས་ཚུལ་དང༌། ཕྱི་རྒྱལ་དོན་གཅོད་ཁག་གི་ཁྲལ་གྱི་སྐོར། གྲོས་ཚོགས་སུ་ཚིག་བེད་སྤྱོད་ལ་ཐུགས་གཟབ་དགོས་ཚུལ།
ཚོགས་གཙོའི་ངོས་ནས་གྲོས་ཚོགས་ནང་སྐད་ཆ་འཛར་འཛར་རིགས་བཤད་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད་ཀྱང༌། སྐབས་རེ་ལས་རིམ་གྱི་འགྲོ་སྟངས་ཐོག་ནས་དོན་དག་ཁ་ཤས་མ་ཞུས་ཐབས་མེད་ཆགས་ཀྱི་འདུག སྤྱིར་བཏང་གི་འགྲོ་སྟངས་བྱས་ན། ཕོགས་རིམ་གྱི་སྐོར་ལ་ཐག་གཅོད་གཏན་འབེབས་གནང་རྒྱུ་འཛིན་སྐྱོང་གི་འགན་དབང་རེད། གལ་སྲིད་གྲོས་ཚོགས་ནས་དམིགས་བསལ་གྱི་གྲོས་ཆོད་དང་ཁྲིམས་བཟོའི་ལམ་ནས་ཕོགས་རིམ་གྱི་ཐོག་ལ་མཛད་རིམ་བྱུང་མེད་པ་ཡིན་ན། རྒྱུན་དུ་ཕོགས་རིམ་ཐག་གཅོད་བྱེད་རྒྱུ་འཛིན་སྐྱོང་གི་འགན་དབང་རེད།
ཕོགས་རིམ་གཏན་འབེབས་གནང་རྒྱུ་དེ་སྔོན་རྩིས་འཆར་གཞི་མ་ཕུལ་གོང་གནང་དགོས་རྒྱུ་ཞིག་དང༌། སྔོན་རྩིས་འཆར་གཞིའི་ནང་ཕོགས་རིམ་གཏན་འབེབས་གང་གནང་ཡོད་ནའང་དེ་གཞི་རྩར་བཟུང་ནས་ཡོང་དགོས་རྒྱུ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་གི་ཕོགས་རིམ་དང་ཁྲལ་གྱི་འགྲོ་སྟངས་གཏན་འབེབས་གནང་དགོས་ཀྱི་འདུག་ཅེས་གྲོས་ཚོགས་སྔོན་མ་ཁ་ཤས་ཀྱི་ནང་དགོངས་ཚུལ་བྱུང་བ་དང༌། རྒྱུན་ལས་ནས་འདིའི་སྐོར་ལ་མཇུག་ནོན་ཞུ་གིན་བསྡད་པ་རེད། གྲོས་ཚོགས་ཀྱི་རེ་འདུན་མང་པོ་གང་ཡང་ཡོད་མ་རེད། གྲོས་ཚོགས་ཀྱིས་ཕོགས་རིམ་ཚོགས་ཆུང་གི་རྒྱབ་གཉེར་ངོས་ལེན་གནང་བའི་སྐབས་དེར་བཀའ་ཤག་གི་ངོས་ལེན་མི་ཐུབ་པའི་དོན་གནད་ཕུད་བཞག་པ་མ་ཡིན་པ་ཚང་མ་ངོས་བཞེས་གནང་བ་རེད། དེར་བརྟེན་སྤྱི་ཡོངས་ཀྱི་ཆ་ནས་ཕྱི་རྒྱལ་དོན་གཅོད་ཁག་གི་ཕོགས་རིམ་དེ་རྒྱ་གར་ནང་ཡོད་པའི་ཕོགས་རིམ་དང་གཅིག་གྱུར་དང༌། ཟུར་ཕོགས་དེ་གནས་ཡུལ་ལུང་པ་སོ་སོའི་ཡུལ་ཐང་དང་འཚམས་པ་ཞིག་བཟོ་དགོས་རྒྱུ་དེ་ཐོག་མའི་སྲིད་བྱུས་དེ་ལྟར་གཏན་འཁེལ་བ་རེད། སྲིད་བྱུས་དེའི་འོག་ནས་ཟུར་ཕོགས་དེ་བཀའ་ཤག་ནས་གཏན་འབེབས་གནང་རྒྱུ་རྒྱུན་རིང་པོ་ནས་ལུས་བསྡད་ཡོད་པ་བཞིན་ད་རེས་ཆེད་བཀོད་ཚོགས་ཆུང་གི་རྒྱབ་གཉེར་ ཀ༽ པ་ལ་ཐུགས་གཏན་འཁེལ་བ་ཡིན་གསུང་རྒྱུ་དེ་ཉེ་ཆར་གྲོས་ཚོགས་ཚུགས་ལ་ཉེ་བའི་སྐབས་མ་གཏོགས་སླེབས་ཡོད་མ་རེད། ཡིན་ནའང་འདི་གཏན་འབེབས་གནང་ཟིན་པ་ཡིན་ཙང༌། ༡༩༩༨་་༩༩ སྔོན་རྩིས་དེ་གཞིར་བཟུང་མ་ཕྱིན་ན་རྩིས་ཀྱི་འགྲོ་སྟངས་དང་མཐུན་གྱི་ཡོད་མ་རེད་ལ། གཏོང་ལེན་གྱི་ཁྲིམས་གཞི་དང་ཡང་མི་མཐུན་པ་ཞིག་ཆགས་ཀྱི་ཡོད་རེད། ༡༩༩༨ ཕྱི་ཟླ་ ༤ ཚེས་ ༡ ནས་ད་ལྟ་གསར་དུ་གཏན་འབེབས་གནང་བའི་ཟུར་ཕོགས་ཀྱི་རིམ་པ་དེ་ནང་བཞིན་འབུལ་དགོས་པ་ཆགས་ཙང་སྔོན་རྩིས་ཀྱང་དེ་དང་མཐུན་པ་བཀོད་དགོས་པ་སྨོས་མེད་རེད། དངོས་དོན་གྱི་ཐོག་ནས་ལས་རིམ་གྱི་འགྲོ་སྟངས་ག་འདྲ་བྱེད་དགོས་ཀྱི་ཡོད་རེད་ཅེ་ན། ང་ཚོས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཚང་མའི་སྔོན་རྩིས་ཡིག་ཆ་ཕྱིར་སློག་གནང་ནས་ཡིག་ཆ་གསར་པ་བཟོ་རྒྱུར་བཀོད་མངགས་གནང་དགོས་ཀྱི་ཡོད་པ་རེད། གང་ལགས་ཤེ་ན། ཕོགས་རིམ་གསར་པ་དང་བསྟུན་ནས་གཅོག་ཆ་སྤར་ཆའི་གྲོས་འཆར་བཏོན་པ་ཡིན་ན་དེ་ཏག་ཏག་ཅིག་བསྡད་ཀྱི་ཡོད་མ་རེད། གཅོག་བྱའི་གྲོས་འཆར་གྱི་ངོ་བོ་དེ་རང་བརླག་འགྲོ་གི་རེད། གང་ཡིན་ཞུས་ན་ང་ཚོས་གཅག་རྒྱུ་གང་ཡང་ཡོད་མ་རེད། རྩིས་བརྒྱབ་རྒྱུའི་གཞི་རྩ་རང་ལ་འགྱུར་བ་ཕྱིན་ཚར་དུས་བཅག་དང་སྤར་གྱི་ཐ་སྙད་བསྡད་ཀྱི་ཡོད་མ་རེད། དེ་འདྲ་ཡིན་ཙང་དངོས་ཡོད་ཀྱི་ལམ་ལུགས་བྱས་ན་སྔོན་རྩིས་འདི་ཕྱིར་སློག་གནང་ནས་བཀའ་ཤག་དང་ལས་ཁུངས་སོ་སོ་ནས་གཞི་ནས་ཕོགས་རིམ་གསར་པ་ནང་བཞིན་གྱི་སྔོན་རྩིས་བསྐྱར་དུ་བཟོས་ཏེ་འཁྱེར་ཤོག་གསུང་དགོས་རྒྱུ་རེད་དེ། དུས་ཚོད་མེད་ཙང་འབྲེལ་ཡོད་ལས་ཁུངས་དང་བཀའ་ཤག་ལ་ཕྱག་ལས་ཉུང་བ་དང༌། གྲོས་ཚོགས་ནས་གཏན་འབེབས་གནང་རྒྱུའི་ཕོགས་རིམ་དེ་ཡང་ད་ལྟ་གཏན་འབེབས་ཟིན་པའི་ཕོགས་རིམ་དང་མཐུན་པ་ཞིག་ཡོང་བའི་ཆེད་དུ་ལམ་སྲོལ་ལ་མ་བསྟུན་པར་མགྱོགས་ལམ་ཞིག་བཙལ་ནས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་གི་ཕྱག་ལས་དེ་གནང་བཞག་པ་རེད། ད་ལྟའི་གནས་སྐབས་འདིར་བཀའ་ཤག་གིས་ལམ་སྲོལ་གཅིག་ཐག་གཅོད་གནང་ཟིན་པ་ཡིན་ཙང་སྔོན་རྩིས་ནང་ལ་ཁྲལ་དང་ཟུར་ཕོགས་གང་ཡིན་ནའང་ད་ལྟ་བཀའ་ཤག་གི་གཏན་འབེབས་ཟིན་པའི་ཡིག་ཆའི་ནང་ལ་གང་ཡོད་པ་ནང་བཞིན་གྱི་འགྲོ་དགོས་ཀྱི་རེད་མ་གཏོགས། ཁྲལ་རིགས་གཞུང་གིས་གནང་རྒྱུ་སྔོན་དུ་ཞལ་བཞེས་གནང་ཡོད་ནའང༌། ད་རེས་ཕོགས་རིམ་གསར་པ་གཏན་འབེབས་གནང་བའི་ཉིན་མོ་དེ་ནས་སྔོན་མའི་ཞལ་བཞེས་དེ་རྫོགས་འགྲོ་བ་རེད། གྲོས་ཚོགས་ནས་ཁྲལ་གྱི་ཐོག་ལ་དགག་བྱ་གནང་གི་ཡོད་མ་རེད། བཀའ་ཤག་གིས་ལམ་སྲོལ་གསར་རྙིང་གང་གི་ཐོག་ནས་ཕེབས་ནའང་རེད། ལུང་པ་སོ་སོའི་ཁྲིམས་སྲོལ་གྱི་ཡིག་ཆ་དེ་ཚོ་གྲོས་ཚོགས་ལ་འབུལ་དགོས་ཀྱི་རེད་ཞུ་གི་ཡོད་པ་རེད། དེ་མི་ཕུལ་བའི་རྒྱུ་མཚན་གང་ཡིན་ནམ། འདི་འདས་པའི་ལོ་ཁ་ཤས་ནས་དྲི་བ་དྲི་བསྡད་རྒྱུ་དེ་རེད། ལུང་པ་སོ་སོའི་ནང་ལ་ལས་ཀ་བྱེད་མཁན་གྱིས་སྤྲད་དགོས་པའི་ཁྲལ་རིགས་དང༌། ལས་ཀ་སྤྲོད་མཁན་གྱིས་སྤྲད་དགོས་པའི་ཁྲལ་རིགས་གསལ་པོ་བྱས་ནས་ལུང་པ་སོ་སོའི་ཁྲལ་གྱི་ཁྲིམས་ཡིག་བཏོན་བསྡད་ཀྱིན་ཡོད་རེད། དེའི་འདྲ་བཤུས་དེ་འདིར་ཕུལ་བཞག་ན་འགྲེལ་བཤད་མང་པོ་བརྒྱབ་དགོས་དོན་ཡོད་པ་མ་རེད། དོན་གཅོད་རྣམ་པ་ཚོས་ཕྱི་དྲིལ་བཀའ་བློན་ལ་འགྲེལ་བཤད་ཅིག་ཞུས། ཕྱི་དྲིལ་བཀའ་བློན་གྱིས་བཀའ་ཤག་དང༌། བཀའ་ཤག་གིས་གྲོས་ཚོགས་ལ་འགྲེལ་བཤད་ཅིག་སྐྱོན་དུས་འགྲེལ་བཤད་དེས་ལྡེང་གི་ཡོད་མ་རེད། དེས་ཏག་ཏག་ཅིག་གོ་བརྡ་ཡང་འཕྲོད་ཀྱི་ཡོད་མ་རེད། དེའི་ཚབ་ཏུ་ལུང་པ་སོ་སོའི་ཁྲལ་གྱི་ཡིག་ཆ་དེ་ཐད་ཀར་ཕུལ་བཞག་པ་ཡིན་ན། དེ་གས་འགྲིགས་འགྲོ་བ་རེད། དེ་ཚོ་སྦས་བསྐུང་གནང་དགོས་དོན་གང་ཡང་ཡོད་མ་རེད་བསམ་གྱི་ཡོད་རེད། དེའི་ནང་ལ་གཞུང་གིས་གནང་དགོས་རྒྱུ་ཞིག་ཡིན་ན་ག་དུས་ཡིན་ནའང་གནང་གི་མིན་ཞེས་གསུངས་མདོག་ཁ་པོ་མ་རེད། གཞུང་གིས་གནང་མི་དགོས་པ་ཡིན་ན། ཁྲིམས་འགལ་བྱས་ནས་གནང་དགོས་དོན་གང་ཡང་ཡོད་མ་རེད། ལུང་པ་མང་པོའི་ནང་ལ་ Insurance རིགས་ཁ་ཤས་ཤིག་ལུང་པ་དེའི་ནང་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན་དགོས་རྒྱུ་ཞིག་མ་གཏོགས་ལོ་བཞི་རེའི་ནང་འཕོས་འགྲོ་བའི་ལས་ཀ་བྱེད་བསྡད་མཁན་གྱི་མི་དེ་ཚོར་མི་མཁོ་བ་མང་པོ་ཡོད་རེད། དེ་ཚོའི་རིགས་ང་ཚོས་མ་གནང་ན་ཡག་པོ་ཡོད་རེད་ཅེས་གྲོས་ཚོགས་ཀྱི་དགོངས་པ་བཞེས་སྟངས་དེ་འདྲ་རེད། མི་གཅིག་ལུང་པ་དེ་གའི་ནང་ལ་ལས་ཀ་བྱས་ནས་རྒས་ཡོལ་ཐོན་དགོས་པའི་རིགས་ལ་དགོས་ངེས་ཀྱི་ Insurance ལོ་གཉིས་གསུམ་ཙམ་རེ་བསྡད་མཁན་ཚོར་ཕན་གནོད་མེད་པའི་རིགས་དེ་ཟུར་དུ་དབྱེ་བ་ཕྱེ་དགོས་རྒྱུ་དེ་གྲོས་ཚོགས་སྔ་མ་སྔ་མ་ཚོའི་དགོངས་ཚུལ་རེད། འདི་ད་ལྟ་བར་དུ་གསལ་པོ་བྱུང་ཡོད་མ་རེད། གསལ་པོ་བཟོ་ན་སྟབས་བདེ་པོ་རེད་བསམ་གྱི་འདུག གལ་སྲིད་གསལ་པོ་མི་བཟོ་བ་དེ་དམིགས་ཡུལ་ཞིག་ཡོད་པ་ཡིན་ན་གནས་ཚུལ་ཐ་དད་རེད། དེ་མེད་ན་གསལ་པོ་བཟོ་བཞག་པ་ཡིན་ན་བགྲོ་གླེང་མང་པོ་གནང་མི་དགོས་པ་སྟབས་བདེ་པོ་ཆགས་ཀྱི་རེད། ད་ལྟ་ང་ཚོ་སྔོན་རྩིས་བསྐྱར་བཅོས་གནང་རྒྱུའི་ཚབ་ཏུ་གཅོག་བྱའི་གྲོས་འཆར་གྱི་ཐོག་ནས་ཡོང་བ་འདི་ཕྲན་བུས་མ་འགྲིགས་པ་རེད་དེ། དུས་ཚོད་མང་པོ་མི་འགོར་བའི་ཆེད་དུ་བྱས་པ་རེད། ལས་རིམ་ནང་བཅུག་ཟིན་ཙང་འདི་མ་ལེན་པར་ཐབས་ཡོད་མ་རེད། ངོ་བོའི་ཆ་ནས་བྱས་ན་འདི་གཅོག་བྱ་བྱས་པ་མ་རེད། རྩིས་རང་འགྱུར་བ་ཕྱིན་པ་ཡིན་པ་དེ་ཚང་མས་ཐུགས་ལ་ངེས་དགོས་པ་ཞིག་རེད།
གྲོས་ཚོགས་ནང་བེད་སྤྱོད་གཏང་རྒྱུའི་སྐད་ཡིག་དེ་ཡང་མིང་ཚིག་ཁྱད་པར་བ་ཡོད་པ་རྣམས་ཚང་མས་མཁྱེན་དགོས་རྒྱུ་དེ་ཐུགས་གལ་ཆེན་པོ་རེད། སྤྱི་འཐུས་སྐབས་ཞེས་ཞུས་སྐབས་ལོ་ལྔའི་ལས་རྒྱུན་ལྡན་པའི་སྤྱི་འཐུས་ལ་ཟེར་གྱི་ཡོད་རེད། ཕྱི་ལོ་ ༡༩༦༠ ནས་ཚུགས་པའི་སྤྱི་འཐུས་སྐབས་དང་པོ་ནས་བརྩི་ནས་ད་ལྟའི་སྤྱི་འཐུས་དེ་སྐབས་བཅིུས་པ་དེ་རེད། སྐབས་རེ་རེའི་ནང་ལའང་ཚོགས་འདུ་ཚོགས་རྒྱུའི་དུས་ཚོད་ལ་ཚོགས་དུས་ཞེས་འབོད་ཀྱི་ཡོད་རེད། ད་ལྟའི་གནས་སྐབས་འདི་སྐབས་བཅིུས་པའི་གྲོས་ཚོགས་ཀྱི་ཚོགས་དུས་ལྔ་པ་དེ་རེད། བྱས་ཙང་མང་པོས་སྐབས་བཅིུས་པའི་གྲོས་ཚོགས་ཀྱི་ཚོགས་འདུ་སྐབས་ལྔ་པ་ཞེས་ཡིག་ཆ་དང་ངག་ཐོག་ནས་ཡོང་བསྡད་ཀྱིན་འདུག ཚོགས་འདུ་སྐབས་ལྔ་པ་མ་རེད། ཚོགས་དུས་ལྔ་པ་རེད། འདི་ཚོགས་ཐེངས་ལྔ་པ་ཡང་མ་རེད། ཚོགས་དུས་རེ་རེ་ལ་ཚོགས་ཐེངས་ཉི་ཤུ་ལྷག་ཙམ་ཡང་ཡོང་གི་ཡོད་པ་རེད། ཉིན་མ་གཅིག་ལ་ཕལ་ཆེ་བར་ཚོགས་ཐེངས་གཉིས་ཡོད་རེད། ཚོགས་ཐེངས་ཞེས་པ་དེ་དབྱིན་ཇིའི་སྐད་ལ་ Sitting དང༌། ཧིན་དཱིའི་སྐད་ལ་བཻཋཀ་ཞེས་པ་དེ་རེད། ཞོགས་པ་ Sitting གཅིག་དང༌། ཉིན་གུང་རྒྱབ་ལ་ Sitting གཅིག་ཡོད་པ་ཡིན་ཙང༌། ཉིན་མ་གཅིག་ལ་ཚོགས་ཐེངས་གཉིས་རེད། ཚོགས་དུས་གཅིག་གི་ནང་ཚོགས་ཐེངས་ཉི་ཤུ་ནས་སུམ་ཅུའི་བར་ཡོང་སྲིད་ཀྱི་རེད། བྱས་ཙང་ཚོགས་ཐེངས་ཞེས་པ་དེ་ཞོགས་པ་འཛོམས་པ་ནས་ཞལ་ལག་ལ་མ་ཕེབས་ཀྱི་བར་ཚོགས་ཐེངས་གཅིག་དང༌། ཞལ་ལག་གི་རྗེས་ལ་འཛོམས་པ་ནས་མ་གྲོལ་གྱི་བར་དུ་ཚོགས་ཐེངས་གཅིག་བྱས། འདི་ལ་ཚོགས་ཐེངས་ཞེས་བརྗོད་ཀྱི་ཡོད་པ་རེད། ཚོགས་དུས་དང༌། ཚོགས་ཐེངས། སྐབས་རྣམས་མཐའ་གཅིག་ཏུ་ཐ་དད་ཡིན། ཡིག་ཆའམ་རླུང་འཕྲིན་སོགས་གང་ཡང་རུང་བར་འདི་ཐོག་བཀའ་མོལ་གནང་སྐབས་མ་ནོར་བ་གནང་རྒྱུ་ཐུགས་གལ་ཆེན་པོ་རེད། གྲོས་ཆོད་གང་ཡང་རུང་བའི་ཆེད་དུ་གྲོས་འཆར་ཕུལ་ཡོང་བའི་སྐབས་ལ་གཞུང་འབྲེལ་དང་སྒེར་སུ་ཡིན་ནའང་གྲོས་ཆོད་གཞག་རྒྱུུའི་འཆར་གཞི་ཞིག་རེད། Motion ཙམ་ཞིག་རེད། འདི་གྲོས་ཆོད་མ་རེད། གྲོས་ཆོད་ཀྱི་ཆེད་དུ་ཕུལ་བ་ཡིན་ཙང༌། ཡི་གེའི་ནང་ལའང་གྲོས་ཆོད་གྲོས་འཆར་ཞེས་ཡོད་རེད་མ་གཏོགས། གྲོས་ཆོད་ཅེས་བཀོད་ཡོད་པ་མ་རེད། གྲོས་ཆོད་གྲོས་འཆར་དང་གྲོས་ཆོད་གཉིས་ཡིག་ཆ་མཐའ་གཅིག་ཏུ་ཐ་དད་རེད། གྲོས་ཆོད་གྲོས་འཆར་ནི་གནད་དོན་གང་ཞིག་གི་ཐོག་གྲོས་ཆོད་འདི་འདྲ་ཞིག་བཞག་ཟེར་ནས་འཆར་གཞི་ཟིན་བྲིས་ཡར་ཕུལ་ཡོང་བ་དེ་ལ་གྲོས་ཆོད་གྲོས་འཆར་ཟེར་གྱི་ཡོད་རེད། དེ་གྲོས་ཚོགས་སུ་ཚུད་པ་ཡིན་ན་དེའི་ཐོག་བགྲོ་གླེང་གནང་གི་ཡོད་རེད། བགྲོ་གླེང་གནང་སྐབས་བཟོ་བཅོས་གྲོས་འཆར་ཡང་ཡོང་ཆོག་གི་ཡོད་རེད། མཐའ་མར་དོན་ཚན་རེ་རེའི་ཐོག་ཏུ་ཕྱག་བརྐྱངས་ནས་ཐག་གཅོད་སྐབས་གང་ཐག་ཆོད་པ་དེ་གཞི་ནས་གྲོས་ཆོད་དུ་འགྱུར་གྱི་ཡོད། གྲོས་ཆོད་གྲོས་འཆར་གྱི་ནང་ལ་དོན་ཚན་གསུམ་བཞི་གང་ཡོད་ནའང་མཐའ་མའི་གྲོས་ཆོད་ནང་ལ་དོན་ཚན་གཅིག་མ་གཏོགས་མ་སླེབས་པ་དང༌། དོན་ཚན་གཉིས་མ་གཏོགས་མ་སླེབས་པ་ཡོང་སྲིད་ཀྱི་རེད། དེ་འདྲ་ཡིན་ཙང་གྲོས་ཚོགས་ཀྱི་ནང་ལ་གྲོས་འཆར་སླེབས་པ་ཙམ་རྒྱུ་མཚན་དུ་བྱས་ནས་གྲོས་ཚོགས་ཀྱི་གྲོས་ཆོད་དང་ཐག་གཅོད་འདི་འདྲ་ཞིག་བྱས་པ་རེད་ཅེས་བརྗོད་ན་མཐའ་གཅིག་ཏུ་ནོར་བསྡད་ཡོད་རེད། དེ་འདྲ་གསུང་མཁན་དེར་གྲོས་ཚོགས་ཀྱི་ནང་ལ་ཡིན་ན་དངོས་ཡོད་གནས་ཚུལ་དང་མ་མཐུན་པའམ་བདེན་པ་མ་རེད་ཅེས་བརྗོད་དགོས་རྒྱུ་ཞིག་རེད། ཕྱི་ལོགས་སུ་ཡིན་ན་སྐྱག་རྫུན་བཤད་པ་རེད་ཅེས་ཞུ་ཆོག་གི་རེད། གྲོས་ཚོགས་ཀྱི་ནང་ལ་གྲོས་འཆར་ཙམ་སླེབས་པ་ཐམས་ཅད་གྲོས་ཚོགས་ཀྱིས་ཐག་བཅད་པར་ངོས་བཟུང་ན་ནོར་བ་རེད། དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་གྱི་ཐོག་ལའང་གྲོས་ཚོགས་ཀྱིས་ཐག་མ་བཅད་པ་རྣམས་ཐག་བཅད་པ་རེད་ཅེས་མང་པོ་ཞིག་བཤད་བསྡད་པ་དང༌། ཡིག་ཆ་བཀྲམས་བསྡད་པ་དེ་ཚོའི་ནང་དུ་གྲོས་འཆར་སླེབས་པ་མ་གཏོགས་གྲོས་ཐག་མ་ཆོད་པ་དེ་རིགས་མཚན་གཞིར་བཟུང་བསྡད་ཀྱི་ཡོད་བཟོ་འདུག གྲོས་ཚོགས་ཀྱི་ནང་ལ་ས་ཡི་སྟེང་གནམ་གྱི་འོག་ཡོད་པའི་གནས་ཚུལ་ག་འདྲ་ཞིག་ཡིན་ནའང་བགྲོ་གླེང་གནང་མི་ཆོག་པ་ཡོད་མ་རེད། ཡིན་ནའང་བགྲོ་གླེང་གནང་ཚད་ཚང་མར་ཐག་བཅད་ཀྱི་ཡོད་པ་མ་རེད། དེ་གྲོས་ཚོགས་ཀྱི་དགོངས་ཚུལ་ཡང་ཆགས་ཀྱི་ཡོད་མ་རེད། གང་བཤད་པ་འདི་ཚོ་ཐག་བཅད་པའི་རྣམ་པར་བརྩི་རྒྱུ་ཡོད་མ་རེད། ཁ་སང་ཉེ་ཆར་ལྡི་ལིར་ཟས་གཅོད་ལས་འགུལ་གནང་མཁན་ཚོའི་ཆེད་དུ་གྲོས་འཆར་ནང་ལ་དོན་ཚན་གསུམ་ཡོད་རེད། བཟོ་བཅོས་གྲོས་འཆར་ནང་ལ་དོན་ཚན་གཞན་དག་ཡོད་རེད། ཡིན་ནའང་མཐའ་མའི་ཐག་གཅོད་སྐབས་དོན་ཚན་གཉིས་མ་གཏོགས་ཐག་བཅད་ཡོད་མ་རེད། འདི་རྣམས་བརྒྱུད་ལམ་རྣམས་སུ་ཕྱིན་པའི་སྐབས་ཁ་ཤས་ཀྱིས་གྲོས་ཆོད་དོན་ཚན་གསུམ་བཞག་པ་རེད་གསུང་མཁན་འདུག དེ་དངོས་ཡོད་ཀྱི་གནས་ཚུལ་མ་རེད། གྲོས་ཆོད་ཀྱི་ཡིག་ཆ་ངོ་མ་དེ་རག་ཡོད་ཚོད་མི་འདུག འདི་རིགས་ཀྱི་གནས་ཚུལ་རྣམས་ཞིབ་ཚགས་མ་མཁྱེན་ན་སྤྱིར་བཏང་ང་ཚོ་བོད་པ་གོ་བརྡ་འཕྲོད་ཁག་པོ་རེད། ྋརྒྱལ་བ་ལྔ་པར་ཟླ་བ་ལྔ་པ་དང༌། ཟླ་བ་ལྔ་པར་ྋརྒྱལ་བ་ལྔ་པ་བརྗོད་བསྡད་ན་གནས་ཚུལ་ཏག་ཏག་བསྡད་ཀྱི་ཡོད་མ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་ལྔ་པ། ༡༩༩༨/༠༣/༡༦ ་་་ ༡༩༩༨/༠༣/༢༧