དད་པའི་བསྟོད་འབུལ་ ཞེས་བྱ་བ་བཞུགས་སོ།།

གུས་པ་སློབ་གཉེར་བ་ཡིན་སྐབས་ཀྱི་བྱུང་བ་དྲན་ཡུལ་དུ་གང་ཤར་ཕྲན་ཚེགས་འགོད་པ་དད་པའི་བསྟོད་འབུལ་
ཞེས་བྱ་བ་བཞུགས་སོ།།
ཟླ་བ་དོན་གྲུབ་(ཨཱཅཱརྱ།)
ནམོགུརུབྷྱ།
ཐབས་མཁས་ཐུགས་རྗེའི་དཔལ་གྱིས་ཡོངས་གཏམས་པ།།
ངུར་སྨྲིག་བཀླུབས་པའི་རྣམ་རོལ་ལེགས་ཤར་བ།།
གངས་ཅན་མགོན་པོ་པད་དཀར་འཆང་བ་ལ།།
སྒོ་གསུམ་རབ་གུས་དང་བས་ཕྱག་འཚལ་ལོ།།

གངས་ཅན་མགོན་པོའི་སྲས་ཀྱི་ཐུ་བོ་གང་།།
སྙིགས་དུས་བསྟན་འགྲོའི་དོན་ལ་རབ་གཞོལ་བའི།།
མཁས་བཙུན་བཟང་གསུམ་ཡོན་ཏན་རབ་མངའ་བའི།།
དཔལ་ལྡན་བླ་མའི་༧ཞབས་རྡུལ་སྤྱི་བོས་མཆོད།།
འདིར་གླེང་བར་བྱ་བ་ནི། གུས་པ་ནང་དོན་རིག་པ་གཙོ་བོར་གྱུར་པའི་ཤེས་ཡོན་ཐང་མར་བརྡལ་བའི་ལྟེ་གནས་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་གཉེར་བྱེད་སྐབས་ཐུན་མོང་སྣང་ངོ་ལའང་ས་མཐོན་པོར་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། མཁས་བཙུན་བཟང་གསུམ་གྱིས་ཐུགས་རྒྱུད་བརྒྱན་པར།བོད་ཀྱི་གཙུག་ལག་སློབ་ཁང་གཅིག་པུའི་ངེས་སྟོན་པའི་ངོ་བོར་བྱོན་པ། དགོས་པ་དང་དོན་གྱི་སླད་དུ་མཚན་དངོས་ནས་སྨོས་ན་༸སྐྱབས་རྗེ་ཟམ་གདོང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་འབྲེལ་བའི་བྱུང་བ་བློ་ཡུལ་དུ་གང་འཆར་ཕྲན་བུ་ཡིག་ཐོག་ཏུ་འགོད་ཐབས་བྱ་རྒྱུ་དེ་ཡིན་ལགས།
དེའང་གུས་པ་དབུ་མ་འོག་མ་ལོ་རིམ་དང་པོའི་འཛིན་རིམ་སྐབས་སུ་ལོ་དེའི་དགའ་ལྡན་ལྔ་མཆོད་དུས་དྲན་སྲུང་རྩིའི་དུས་སྟོན་དུ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོ་དང་། དེ་བཞིན་རྒྱ་གར་བྲམ་ཟེའི་རིགས་ཅན་མཁས་དབང་གྲགས་ཅན་སློབ་དཔོན་ཇགནྣཱཐཨུཔཱདྷྱཱཡ་སོགས་ཝཱརཱཎསཱིའི་རྒྱ་གར་གྱི་ཤིང་སཱ་ལ་ཆེན་པོ་ལྟ་བུའི་མཁས་དབང་ལྷན་འཛོམས་དེར། ༸སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ཧིན་སྐད་ཐོག་གསུང་བཤད་གནང་བར། གུས་ས་མཐའི་འབྲིང་རིམ་སློབ་གྲྭ་ནས་ལྷགས་ཙམ་ཡིན་པའི་སློབ་མ་རྣམས་ལ་འདི་ལྟ་བུའི་དོན་ཟབ་པ་དང་ཧིན་སྐད་དག་གསལ་དེ་སྔ་རྣ་བར་ཐོས་མྱོང་མེད་པ་མ་ཟད། རྒྱ་གར་བའི་མཁས་དབང་རྣམས་ཀྱང་ཡིད་རབ་ཏུ་འཕྲོག་སྟེ་རྣ་བ་བླགས་ཏེ་ཉན་པ་མཐོང་བར་ཧ་ཅང་ངོ་མཚར་སྐྱེས་བྱུང། སྐབས་དེར་སློབ་དཔོན་ཇགནྣཱཐཨུཔཱདྷྱཱཡ་མཆོག་གིས་ཆོས་ལུགས་བཞི་པོས་རང་གི་མདུན་དུ་རྩིག་གྱང་ཆེན་པོ་རེ་བསླངས་ཏེ་རྭ་བ་དེའི་རྒྱ་ལས་མ་འདས་པའི་མཁྲེགས་འཛིན་གུ་དོག་པོའི་ལྟ་སྟངས་ཤིག་མེད་དམ་སྙམ་པའི་ཐུགས་དོགས་ཡོད་ཚུལ་གསུངས་པ་དེ་ད་ལྟའང་དྲན་ལམ་དུ་འདུག།
དེར་གུས་པར་ཨིན་སྐད་ཐོག་རྗེ་རིན་པོ་ཆེའི་ཆེ་བ་བརྗོད་པའི་གཏམ་བཤད་བྱ་དགོས་ཞེས་དགེ་ལྡན་སྤྱི་ལས་ཁང་ནས་བཀའ་ཕེབས་རུང་། གསར་ཞུགས་པར་ཇི་ལྟར་བྱ་དགོས་མིན་གྱི་ལམ་སྟོན་སོགས་གང་ཡང་མེད་པར་བྱིས་པ་ཆུར་བསྐྱུར་གྱི་དཔེ་ལྟར་རང་མགོ་གང་ཐོན་གྱིས་རྐྱལ་རྩལ་ཐོག་ཆུ་བོའི་ཕ་མཐར་བརྒལ་དགོས་བྱུང་ཡང་། སྟེས་དབང་གིས་བློ་ངོར། ལམ་རིམ་ཆེན་མོའི་རྩོམ་པ་དམ་བཅར།“དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་།།
མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་།།
ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེའི་མིག།།
ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས།།
བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག།།
མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས།།
ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ།།
བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར།
”ཞེས་དང་ །ཡང་སྔགས་རིམ་ཆེན་མོའི་རྩོམ་པ་དམ་བཅར།
“གཞུང་ལུགས་གདམས་པར་མ་ཤར་ཕྱོགས་རེས་ཚིམ།།
ལུང་དོན་དྲི་མེད་རིགས་པས་དཔྱོད་མི་ནུས།།
མང་དུ་ཐོས་ཀྱང་སྒྲུབ་ལ་མི་བརྩོན་པ།།
དེ་ཡིས་རྒྱལ་བ་དགྱེས་པར་མི་ནུས་པར།།
གཟིགས་ནས་བསྟན་ལ་ཚུལ་བཞིན་ལེགས་སློབ་པའི།།
སྔོན་གྱི་དམ་པས་སྤྱོད་པས་བདག་གི་ཡིད།།
ཆེས་ཆེར་དྲངས་པས་དེ་དག་རྣམས་ཀྱི་ལུགས།།
གསལ་བའི་ཕྱིར་དུ་འདི་ན་འབད་པ་ལ།།
”ཞེས་སོགས་ཐོལ་བྱུང་དུ་ལྷམ་མེར་ཤར་ཏེ་རྗེ་ཐམས་ཅད་མཁྱེན་པས་བསྟན་པར་རྨད་དུ་བྱུང་བའི་དག་ཐེར་མཛད་པའི་བཀའ་དྲིན་བསམ་ཡུལ་ལས་འདས་པ་རྣམས་སྐར་མ་གསུམ་ཙམ་རིང་མཁས་མང་འདུས་པའི་མདུན་སར་ཞུ་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་སྐལ་བ་བཟང་སྙམ་བྱུང་།
སྤྱིར་རྒྱ་གར་ནི་འཇིག་རྟེན་གྱི་ལྟ་གྲུབ་གྲགས་ཅན་རྣམས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་ལ། ཁྱད་པར་ཡུལ་ཝཱརཱཎསཱི་ནི་ཧིན་དཱུ་ཆོས་ལུགས་པའི་ཁང་ཁྱིམ་གཙོ་བོ་ལྟ་བུ་ཡིན་པ་དེ་དག་ཁྲོད་རིན་པོ་ཆེ་མཆོག་ལ་དེ་ཙམ་གུས་བསུ་ཐོབ་པ་ནི།
ཇི་སྐད་དུ། ས་པཎ་གྱིས།
ཡོན་ཏན་ལྡན་ན་སྐྱེ་བོ་ཀུན།། མ་བསྡུས་པར་ཡང་རང་ཉིད་འདུ།།
ཞེས་གསུངས་པ་ལྟར་དོན་དུ་གནས་ལགས། དེའི་དགོང་མོ་བོད་དགོན་དུ་ལྔ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་ཤིང་། ཚོགས་འབུལ་ཟིན་མཚམས་དམིགས་བསལ་བཀའ་སློབ་ཏུ། ཁྱེད་ཚོས་ཆོ་གའི་མགོ་ནས་རྟ་དབྱངས་ཡག་པོ་འཐེན་རུང་། མདོ་སྔགས་ཀྱི་ལམ་ཡོངས་རྫོགས་ལ་ཤར་སྒོམ་བྱེད་པའི་“ཞིང་མཆོག་དམ་པ་་་་་་་།།” ཞེས་སོགས་དངོས་གཞིར་སླེབས་པའི་ཚེ།འདོན་པ་རྟ་རྒྱུག་གཏོང་བ་དེ་མི་ལེགས་ཚུལ་གསུངས། ད་ལྟའང་ནུབ་གླིང་ཆོས་ཚོགས་མང་པོའི་ནང་དེ་ལྟར་མཐོང་ཆོས་སུ་ཡོད།
དབུ་མ་འོག་མ་ལོ་རིམ་གཉིས་པར་སོན་སྐབས་ཧ་ཅང་བཀའ་དྲིན་ཆེ་བའི་སློབ་དཔོན་ཐུབ་བསྟན་ཚེ་རིང་དམ་པ་དེས་རྒྱ་གཞུང་སློབ་ཚན་ཁོངས་ལམ་སྒྲོན་བཀའ་ཁྲིད་གནང་སྐབས། ཚེ་ཕྱི་མར་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་ཐབས་སུ་དཀར་པོའི་ཆོས་བཞི་ཉམས་སུ་བླང་དགོས་སྐོར་དང་འབྲེལ་བྱང་ཆུབ་སེམས་དཔའི་བསྔགས་པ་ཕྱོགས་བཞིར་བསྒྲགས་པ་ནི་ཆོས་བཞིའི་ཡ་གྱལ་ཡིན་པར་གསུངས་པ་དེ་ཐོས་པ་ནས་བཟུང་། གཞན་དང་འབྲེལ་མོལ་ནམ་ཡིན་ལ་ཡིད་དང་བས་ཀུན་ནས་བསླངས་ཏེ་༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་ཡོན་ཏན་དང་མཛད་འཕྲིན་ལ་བསྔགས་བརྗོད་ཞུས་དང་ཞུ་བཞིན་པ་དེའང་དེ་རང་ཡིན་ལགས། སློབ་གཉེར་བ་ཐ་ཤལ་བདག་ལྟ་བུ་ལའང་དེ་ལྟར་བྱུང་ན། ཡོན་ཏན་དུ་མས་ལྷག་པའི་སྐལ་ལྡན་རྣམ་དཔྱོད་ཅན་རྣམས་ཀྱི་ཡིད་ལ་བྱིན་རླབས་རླབས་ཆེན་ཞུགས་པ་ནི་ལྟ་སྨོས་ཀྱང་ཅི་འཚལ།
སྐབས་དེར་གཙུག་ལག་སློབ་ཁང་ནི་སཱརནཱཐ་རང་དུ་འཛིན་ཁང་དང་ཉལ་ཁང་སོགས་ཁ་འཐོར་དགུ་འཐོར་དུ་ཡོད་ཅིང་། ད་ལྟ་མཐོང་ཆོས་སུ་ཡོད་པའི་བརྗིད་ཉམས་ཅན་གྱི་གཙུག་ལག་སློབ་ཁང་འདིའི་ཕྱིའི་བཀོད་པ་འཆར་འགོད་དང་གསར་རྒྱག་འཛུགས་སྐྲུན་གྱི་ལས་གཞི་ཡོངས་རྫོགས་༸རིན་པོ་ཆེ་མཆོག་གིས་མི་གཅིག་ལག་གཅིག་ལྟ་བུས་ངལ་བ་བསྟེན་པ་མ་ཟད། ས་ཆ་གསར་པ་དེར་རང་གིས་འགྲོ་གྲོན་ཐོག་ཁང་ཆུང་ཞིག་ཀྱང་བསྐྲུན་ཏེ་ཉིན་མཚན་ལྟོས་མེད་དུ་འཛུགས་སྐྲུན་གྱི་ལས་དོན་རྣམས་ལ་ལྟ་ཞིབ་ནན་པོ་མཛད་ཅིང་། སློབ་གཉེར་བ་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོག་ཐུགས་ཁུར་ཆེ་བསྐྱེད་གནང་བ་དང་ཆབས་ཅིག་དུས་ནས་དུས་སུ་བོད་དགོན་འདུ་ཁང་ནང་གཙུག་ལག་སློབ་ཁང་གི་ལས་འཆར་སོགས་ངོ་སྤྲོད་ཀྱང་གནང་གི་ཡོད།
སློབ་ཁང་གསར་རྒྱག་སྐབས་ཉིན་ཞིག་རྒྱ་གར་བའི་ལས་མི་རྣམས་ཀྱིས་གདོན་འདྲེ་ཡོད་སྐད་ཀྱིས་ས་ངོས་བྱེ་བྲག་པ་ཞིག་ལ་ལས་ཀ་བྱེད་རྒྱུར་འཛེམ་ཟོན་བྱེད་སྐབས། ལས་སྦྱོར་སྔོན་སོང་རྗེས་སློབ་གཉེར་བ་འགའ་ཞིག་དེར་ལས་སུ་མངགས་ཤིང་། ཁང་རྒྱག་བྱིངས་ཀྱི་ས་བླངས་བྱིན་རླབས་ཆེད་དུ་ས་ཐོག་ཏུ་གུར་ཕུབ་སྟེ་ཉིན་གཅིག་ནང་སློབ་གཉེར་བ་ཐམས་ཅད་ཀྱིས་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་འདོན་ཞུས་པའི་སྲོལ་རྒྱུན་གྱི་ཐབས་ལམ་བཟང་པོ་རྒྱུན་སྐྱོང་མཛད།
ཕྱིས་སུ་ཕྱིའི་བཀོད་པ་ལེགས་གྲུབ་རྗེས་སྐབས་དེ་དུས་ཀྱི་རྒྱ་གར་གྱི་སྲིད་བློན་ཨིནྡིརཱ་གཱཾནྡཱི་མཆོག་ཆེད་ཕེབས་གནང་གཏན་འཁེལ་རུང་། སང་ཕེབས་རྒྱུའི་དེ་རིང་གི་མཚན་མོ་དེར་འགོག་རྐྱེན་བཟོ་ཐབས་ཀྱི་འབད་རྩོལ་རིམ་བཞིན་བྱུང་ཡང། རིན་པོ་ཆེ་མཆོག་གི་ཟབ་གསལ་མྱུར་ཆེའི་ཤེས་རབ་ཀྱི་རྣམ་དཔྱོད་དང་བཟང་སྤྱོད་ཕུན་སུམ་ཚོགས་པའི་ཡོན་ཏན་གྱིས་ལམ་ལྷོང་དུ་བཏང་མེད། དེ་ཡང་ཡུལ་ཝཱརཱཎསཱིར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གཙུག་ལག་སློབ་ཁང་གཞན་འགའ་ཞིག་ཡོད་པ་མ་ཟད། ཨེ་ཤི་ཡའི་ནང་སྙན་གྲགས་ཆེ་བའི་བནཱརས་ཧིནྡུ་གཙུག་ལག་སློབ་ཁང་ཡང་ཡོད་པ་དེ་དག་ཏུ་མ་ཕེབས་པ་ལས་བྱུང་བ་མིན་ནམ་སྙམ།
སློབ་གཉེར་བ་རྣམས་ལ་ཤེས་ཡོན་འབྱུང་བའི་ལྟེ་གནས་ནི་ཉིན་རེའི་འཛིན་གྲྭ་ལེགས་པར་འགྲིམས་ཏེ་དགེ་བའི་བཤེས་གཉེན་གྱི་དྲུང་ནས་ཤེས་ཡོན་ལ་ཐོས་བསམ་གནང་རྒྱུ་ནི་ཆེས་གལ་ཆེན་ཡིན་པར་དགོངས་པའི་གནད་ཀྱིས་ཡིན་ནམ། གང་ལྟར་ལོ་འཁོར་ཡིག་རྒྱུགས་མ་བཏང་གོང་། ལོ་དེའི་འཛིན་གྲྭ་འགྲིམས་པའི་ཉུང་མཐའི་བརྒྱ་ཆ་མ་ལོངས་པ་རྣམས་ལས་ཁུངས་སུ་ཆེད་བཅར་ཐོག་འཛིན་གྲྭ་ཆད་པའི་རྒྱུ་མཚན་ཞུ་དགོས་ཤིང་། གུས་པའང་ལོ་གཅིག་བརྒྱ་ཆ་མ་ལོངས་པར་བརྟེན་བཅར་དགོས་བྱུང་། སྐབས་དེར་མཐོ་སློབ་ཀྱི་ས་ཆ་གསར་པའི་ཐོག་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ལས་གཞི་འགྲོ་མུས་དང་། རྒྱ་གར་གྱི་རྒྱལ་ས་དིལླཱིར་རྒྱ་གར་དབུས་གཞུང་གི་ལྷན་ཁང་རྣམས་སུ་ཡང་ཡང་ཕེབས་དགོས་པ། མཐོ་སློབ་ཀྱི་རྒྱུན་ལྡན་གྱི་ལས་དོན་ཐོག་སྟངས་འཛིན། ཤེས་ཡོན་གྱི་བསྟི་གནས་དུ་མར་མཁས་པའི་བགྲོ་གླེང་ཚོགས་འདུ་སོགས་སུ་ཕེབས་དགོས་པ་སོགས་གྲངས་ལས་འདས་པའི་ཕྱག་ལས་སྣ་ཚོགས་ཡོད་མོད། སློབ་གཉེར་བ་རྣམས་ཀྱི་ལོ་རེའི་འཛིན་གྲྭའི་འབྱོར་ཐོ་ཞིབ་བཤེར་གྱི་དོན་གནད་ཐོག་ཧ་ཅང་ཞིབ་ཚགས་གནང་བ་དེ་ནི་ད་ལྟ་མནོ་བསམ་གཏོང་སྐབས་བརྗིད་ཆེ་བའི་བཀའ་དྲིན་གྱི་ཕུང་པོ་ཞིག་ཏུ་ད་གཟོད་རྟོགས་ཐུབ།
དེ་ནས་གུས་པ་བསྟན་བཅོས་ལོ་རིམ་གཉིས་པར་སླེབས་སྐབས་གཙུག་ལག་སློབ་ཁང་དུ་སྐྱེ་བ་སྔ་ཕྱིའི་བརྗོད་གཞིའི་ཐོག་༸གོང་ས་མཆོག་དབུ་བཞུགས་ཀྱི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་བསྐྱངས་པའི་མཇུག་བསྡོམས་གསུང་བཤད་དུ་ངེས་སྟོན་པ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྐབས་མཁས་པ་མང་པོས་ཀྱང་ཐོས་མྱོང་མེད་པའི་ནུབ་ཕྱོགས་པའི་ཚན་རིག་པ་གྲགས་ཅན་ཕིརིཇོཕ་ཀེཔརཱ་ (Fritjof Capra) ཡིས་ཚན་རིག་པས་དཔྱད་མཐའ་མ་རྙེད་པ་རྣམས་ནང་པ་གཙོ་བོར་གྱུར་པའི་ཤར་ཕྱོགས་ཀྱི་རིག་གཞུང་ལས་བློ་སྐྱེད་བླང་འོས་གསལ་བའི་ “དངོས་ཁམས་རིག་པའི་ལྟ་བ་(The Tao of Physics)”ཞེས་བྱ་བ་དང་། “བགྲོད་པ་ལྡོག་པའི་མཚམས་ (The Turning Point)”ཞེས་བྱ་བའི་དེབ་གཉིས་པོ་མིང་སྨོས་མཛད་སོང་། དེབ་དེ་གཉིས་ནི་ལོ་ལྔ་ཙམ་རྗེས་གུས་པ་ནུབ་ཕྱོགས་སུ་ཡོད་སྐབས་ནུབ་ཕྱོགས་པའི་མཁས་པ་གྲགས་ཅན་ཞིག་གིས་གཞི་ནས་ཀློག་གི་འདུག།དེ་བཞིན་མཁས་པའི་བགྲོ་གླེང་ཚོགས་འདུར་༸གོང་ས་མཆོག་དབུ་བཞུགས་ཡོད་ཐོག་སྐབས་དེ་དུས་ཀྱི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྤྱོད་འཇུག་ལས།“གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བའི།།”ཞེས་སོགས་ཚིགས་རྐང་གཉིས་པོ་ལུང་འདྲེན་མཛད་དེ་མའོ་ཙེ་ཏུང་བཀའ་དྲིན་ཆེན་པོ་ཡིན་ཚུལ་གསུངས་ཏེ་ཡུད་ཙམ་རིང་ཤུགས་དྲག་བཤུམས་མཛད་སོང་།
ལོ་དེར་བསྟན་བཅོས་ལོ་རིམ་གཉིས་པའི་སློབ་མ་རྣམས་ལ་༧རིན་པོ་ཆེ་མཆོག་གིས་སྙན་ངག་ཐུགས་ཐོག་ནས་བཀའ་ཁྲིད་མཛད་དེ། མཚམས་ཤིག་ན་མདུན་དུ་ཡོད་པའི་སློབ་མ་མགོ་དང་རྣ་ཅོག་ཕྲན་བུ་ཆེ་བ་ཡོད་པ་ཞིག་ལ་གཟིགས་ནས། མདོ་མྱང་འདས་ནང་མིའི་གཟུགས་དབྱིབས་སྐོར་ལས་འཕྲོས་ཏེ་ཁྱད་ཆོས་དེ་ལྟ་བུ་རྣམས་ཕྱིས་ཇི་ལྟར་འོང་ཚུལ་གསུང་ཡུལ་གྱི་སློབ་མ་དེ་ནི་རྗེས་སུ་མཚམས་བསྙེན་སྒྲུབ་དང་། ༸རྒྱལ་བའི་ཆོས་ཕྱོགས་ཀྱི་སྐུ་ཚབ་ཚུལ་དུ་བྱང་ཕྱོགས་ཀྱི་ཡུལ་ཞིག་ཏུ་ཆེད་གཏོང་གནང་བ་སོགས་བྱུང་འདུག
གུས་པ་སློབ་དཔོན་ལོ་རིམ་དང་པོའི་འཛིན་གྲྭར་སོན་སྐབས་བུའི་ཉལ་ཁང་དང་། དཔེ་མཛོད་ཁང་། ལས་ཁུངས་རྣམས་ལེགས་པར་གྲུབ་མཚམས་མཐོ་སློབ་ཀྱི་གློག་ཁང་གི་ཉེ་འགྲམ་དུ་གནས་སྐབས་རིང་གི་རྩྭ་ལས་གྲུབ་པའི་ཚོགས་ཁང་དེའི་ནང་མཐོ་སློབ་འཛུགས་སྐྲུན་གྱི་ལས་གཞིའི་སྐོར་གནས་ཚུལ་རྒྱས་པར་གསུངས་སྐབས། དཔེ་མཛོད་ཀྱི་ས་ཐིག་དེ་འདུལ་བའི་གཞུང་ལས་བྱུང་བ་རྣམས་ཤོག་ཐོག་ཏུ་དཔེ་རིས་བཀོད་པ་བཞིན་དབུས་གཞུང་གི་ཨར་ལས་འཆར་འགོད་པ་གཙོ་བོས་ཞི་འཚོ་དཔེ་མཛོད་ཁང་འདི་བཞེངས་པ་མ་ཟད། རྒྱ་གར་རྒྱལ་ཡོངས་ཁང་བཟོའི་འགྲེམས་སྟོན་ཞིག་ཏུ་ཨང་དང་པོའི་བྱ་དགར་མརུཏི་སུཛུཀི་བཟོ་གྲྭས་བཏོན་པའི་སྣུམ་འཁོར་ཞིག་ཐོབ་པ་དེའི་ནང་རིན་པོ་ཆེ་མཆོག་གདན་དྲངས་པའི་སྐོར་སོགས་གསུངས་པ་ད་ལྟའང་དྲན་ཚོད་དུ་འདུག།
སློབ་གྲྭ་ཐོན་ཏེ་ཕྱིས་ཤིག་སཱར་ནཱཐར་ཡོང་སྐབས་ཤིག་ཏུ་༧རིན་པོ་ཆེ་མཆོག་ལ་གུས་འདུད་མཇལ་བཅར་ཞུ་སྐབས་གུས་པའི་སྐོར་བཀའ་འདྲི་གནང་སྐབས་རབ་ཏུ་འབྱུང་འདོད་ཡོད་ཚུལ་ཞུས་པར། བཀའ་ལན་དུ་རབ་ཏུ་བྱུང་ན་འདོད་ཆུང་ཆོག་ཤེས་ལ་གནས་དགོས་ཚུལ་བཀའ་སློབ་ཀྱི་སྙིང་དོན་དུ་གསུངས།
དྷ་སའི་“ལྷ་”སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་ཚོགས་ཆུང་གིས་བཀའ་དྲིན་གཞལ་བར་དཀའ་བའི་དཔལ་ལྡན་བླ་མ་དམ་པ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་མངོན་བསྟོད་གླེགས་བམ་ཞིག་མ་བསྐུལ་དང་བས་འདོན་སྤེལ་གནང་འཆར་ཡོད་པ་དེའི་ཆེད་དུ་གང་དྲན་ཐོལ་བྱུང་དུ་ཡི་གེར་བཀོད་པ་ལགས།
སླར་སྨྲས་པ།
བློ་གྲོས་བཟང་པོས་བསྟན་འགྲོའི་དོན་ཁོ་ན།།
མཛད་པའི་མཚན་སྙན་འཛིན་མའི་ཕྱོགས་ཀུན་ཁྱབ།།
དམ་པའི་ཆོས་ཀྱི་རྒྱལ་མཚན་འཛུགས་མཛད་པའི།།
དཔལ་ལྡན་བླ་མ་རིང་དུ་འཚོ་གཞེས་གསོལ།།
ཞེས་གསོལ་འདེབས་དྲག་པོ་དང་བཅས་གུས་ནང་དོན་རིག་པའི་བསྒྱུར་གྱི་ལས་ལ་ཞུགས་པའི་གྱི་ན་བ་དགེ་བསྙེན་ཟླ་བ་དོན་གྲུབ་(ཨཱཅཱརྱ་)པས་དང་བས་སྦྱར་བའོ།།