དད་གུས་ཤིང་རྟ་འདྲེན་པའི་རཊྣའི་ཕྲེང་བ།

མ་ཧཱ་པཎྜིཏ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་གི་རྟོགས་པ་མདོར་ཙམ་བརྗོད་པ་དད་གུས་ཤིང་རྟ་འདྲེན་པའི་རཊྣའི་ཕྲེང་བ།འཇམ་དབྱངས་དོན་གྲུབ། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང།
གང་གི་ཟབ་གསལ་གསུང་གི་སྙིང་པོ་རྟེན་འབྱུང་ནམ་མཁའི་ཁྱོན་ཡངས་སུ།།
སྟོང་ཉིད་ལྟ་བའི་ལྷ་ཡི་རྔ་ཆེན་འགྲོ་དྲུག་ཀུན་ལ་བསྒྲགས་པ་ཡིས།།
མ་ལུས་ལུས་ཅན་ཡོངས་ཀྱི་གདུང་བ་སྐད་ཅིག་ཉིད་ལ་བཅོམ་མཛད་པའི།།
ཞི་བསིལ་བདུད་རྩིའི་སྦྲང་ཆར་འབེབ་མཁས་ཐུབ་པའི་དབང་པོར་གུས་ཕྱག་འཚལ།།

དུས་རབས་ཤིག་གི་སྐྱ་རེངས་ལྷ་མོ་ཤར་མཐའི་ཕྱོགས་ནས་འཛུམ་པ་ན།།
ཕྱག་ཟུང་སྙིམ་པ་བྲང་ཁར་བཏེགས་ནས་ལྷོ་མཐའི་ཕྱོགས་སུ་ཞབས་ཀྱིས་བཅག།
བྱམས་དང་སྙིང་རྗེའི་གསུང་གི་བདུད་རྩིས་སྐྱེ་འགྲོའི་ཡིད་ལ་སིམ་པ་སྟེར།།
བླ་མེད་འདྲེན་པའི་ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོས་རྗེས་བཟུང་ཤོག།
འཇིག་རྟེན་མགོན་པོའི་བཀའ་བཞིན་མཆོད་པས་ལེགས་པར་བསྒྲུབས་པའི་རྟོག་གེ་བ།།
ཆེ་རྒུའི་དབུས་ན་མངོན་པར་འཕགས་པའི་མ་ཧཱ་པཎ་ཆེན་རིན་པོ་ཆེའི།།
གསང་གསུམ་ཡོན་ཏན་བསྐལ་བརྒྱར་བརྗོད་ལ་སྨྲ་ལྕེ་ཡོངས་སུ་ངལ་བ་ཡིས།།
ཀུ་ཤའི་རྩེ་ནས་ཆུ་ཐིགས་ཙམ་ཞིག་ལེན་པའི་བགྱི་བར་ཡིད་རེ་སྤྲོ།།
རབ་འབྱམས་རྒྱལ་བ་རྒྱ་མཚོའི་འཇིངས་སུ་བརྩོན་འགྲུས་གྲུ་ཆུང་བསྟེན་པ་ཡིས།།
ཚོགས་གཉིས་འབྲས་བུ་དུས་ལྟར་སྨིན་པས་མདོ་སྟོད་སྤོ་འབོར་སྒང་གི་ཆར།།
ཡབ་ཆེན་མགོན་པོ་བསོད་ནམས་དང་ནི་ཡུམ་ཆེན་པདྨ་མཁའ་འགྲོ་ཡི།།
རིགས་ཀྱི་མྱུ་གུར་བལྟམས་པའི་ངོ་མཚར་བཀྲ་ཤིས་འབུམ་གྱི་དགེ་མཚན་བཀྲ།།
ལེགས་བྱས་སྟོང་གི་མེ་ཏོག་པད་དཀར་ལྷག་བསམ་རྒྱ་མཚོ་ལས་འཁྲུངས་ཤིང་།།
བཤད་སྒྲུབ་རྒྱལ་མཚན་མཁའ་ལ་འཕྱར་བའི་དམ་ཚིག་རྡོ་རྗེ་རབ་བརྟན་པས།།
དགུང་གྲངས་ལྔ་ཡི་ལང་ཚོ་བཞད་དུས་སྐུ་ཕྲེང་གོང་མའི་ཡང་སྲིད་དུ།།
འཁྲུལ་བྲལ་ངོས་བཟུང་འཇོལ་དགོན་གླིང་དུ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས།།
ཚེ་རབས་སྔོན་མའི་བག་ཆགས་མཐུ་ལས་ཐ་སྙད་གཞུང་ལུགས་རྒྱ་མཚོ་ཆེར།།
ལན་རེ་གསན་བསམ་མཛད་པ་ཙམ་གྱིས་ཇི་ལྟ་ཇི་སྙེད་ཆོས་ཚུལ་ཀུན།།
ཕྲ་ཞིང་ཕྲ་བ་ལེགས་པར་མཁྱེན་པའི་འགྲན་བྲལ་རྣམ་དཔྱོད་ཤེས་རབ་ལ།།
བསྟོད་པའི་མཐེ་བོང་དགུང་ལ་སྒྲེང་མཁན་ཆར་རྗེས་ཤ་མོ་བརྡོལ་བ་བཞིན།།
ཚོཌ་གཉིས་རླབས་ཆེན་འབད་པས་བསྒྲུབས་པས་གཞན་སེམས་ཤེས་པའི་མངོན་ཤེས་ཐོབ།།
སྒྲིབ་གཉིས་བག་ཆགས་དྲུངས་ནས་འབྱིན་པས་དོན་དམ་གནས་ལུགས་ཡང་དག་རྟོགས།།
བདེན་གཉིས་བླང་དོར་འཇུག་ལྡོག་གནས་ལ་མཁྱེན་དཔྱོད་ཡངས་པའི་སྤོབས་པ་མངའ།།
དོན་གཉིས་མཐར་ཕྱིན་སྤང་རྟོགས་ཡོན་ཏན་དབྱར་གྱི་གཙང་ཆུ་བཞིན་དུ་རྒྱས།།
གཞུང་ལུགས་རྒྱ་མཚོར་འཇུག་པའི་ཐུགས་འདུན་མེ་ལྕེ་བཞིན་དུ་མཆེད་པས་ན།།
དགེ་བའི་བཤེས་ཀྱི་བཀའ་སློབ་དྲོན་མོ་སྙིང་གི་ཟབ་སར་བཅངས་ནས་ནི།།
རབ་དྭངས་ཆུ་བོས་བཀྲུས་ཀྱང་མི་འདག་དྲི་མེད་བྱིས་བློའི་མཚར་སྣང་གིས།།
དབུས་གཙང་དམ་པ་ཆོས་ཀྱི་ཞིང་དུ་ཞབས་ཟུང་རེ་ཁ་མངོན་པར་བཀོད།།
སྐུ་ན་ཧ་ཅང་ཕྲ་བའི་དུས་ནས་འདུལ་བའི་བཅད་མཚམས་ཕྲ་ཞིབ་རྣམས།།
ལེཌ་པར་བསྲུང་ཞིང་འབད་པས་བསྟེན་པས་ཚུལ་ཁྲིམས་བསུང་ཞིམ་ཕྱོགས་ཀུན་ལྡང་།།
ཤེས་རིག་ཀུན་གྱི་འབྱུང་ཁུངས་ཐོག་མར་དགེ་བའི་བཤེས་གཉེན་བསྟེན་ཚུལ་དེས།།
སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོ་སྒང་པ་བོད་པ་ཚང་ལ་ཁྱབ།།
འཆད་པའི་གསུང་དབྱངས་ཡན་ལག་དྲུག་ཅུས་སྐྱེ་རྒུའི་མ་རིག་རྨོངས་པ་སེལ།།
རྩོད་པའི་རྣམ་དཔྱོད་རིགས་པའི་ཐོག་མདས་རྒོལ་ངན་དཔུང་ཚོགས་མཐའ་ལ་སྤྱུགས།།
རྩོམ་པའི་རྨད་བྱུང་ལེགས་བཤད་བདུད་རྩིས་ཐར་ལམ་སྒོ་འཕར་ཡངས་པོར་ཕྱེ།།
ཤཱཀྱའི་རིང་ལུགས་འཛིན་སྐྱོང་སྤེལ་ལ་བསྒྲུན་བྲལ་ཟླ་མེད་དབང་པོ་ཉིད།།
སྙིགས་མའི་དུས་ཀྱི་རླུང་ནག་རྩུབ་མོ་ཤར་གྱི་ཕྱོགས་ནས་ལྡང་བས་ན།།
དམར་པོའི་འདྲེ་ལག་ཆོས་ལྡན་ཞིང་ལ་ཁྲེལ་མེད་བརྐྱངས་པའི་ཉེར་ལེན་གྱིས།།
གངས་ལྗོངས་ཆོས་སྲིད་ཉི་ཟླའི་སྣང་བ་རླུང་ཁྲོད་མར་མེར་གྱུར་བའི་ཚེ།།
ཚུལ་དེ་མ་བཟོད་སྙིང་སྟོབས་ཆེན་པོས་འཕཌ་ཡུལ་ལྗོངས་སུ་ཆིབས་སྒྱུར་བསྐྱངས།།
བསླབ་གསུམ་ནོར་བུའི་འོད་ཀྱིས་བརྒྱན་པས་ཁམས་གསུམ་སྐྱེ་རྒུའི་ཁྲོད་ན་མཛེས།།
སྒོ་གསུམ་སྤྱོད་པ་ཞི་ཞིང་དུལ་བས་དུག་གསུམ་ཉོན་མོངས་རྩད་ནས་སྤངས།།
གསང་གསུམ་ཡོན་ཏན་ཟླ་ལྟར་འཕེལ་བས་མཆོག་གསུམ་དགྱེས་པའི་མཆོད་པའི་རྫས།།
རིཌ་གསུམ་མགོན་པོའི་མཁྱེན་པ་གཅིག་བསྡུས་དུས་གསུམ་གཟིགས་པའི་གྲྭ་རྐྱང་ཞིག།།
མི་ཡུལ་ས་མཐར་ཕེབས་པའི་ཉིན་ནས་རླབས་ཆེན་བཞེད་དགོངས་འགྱུར་མེད་ཐོག།།
༸རྒྱལ་བའི་བཀའ་བཞིན་མེས་པོའི་རིག་གཞུང་ཉམས་པ་སླར་གསོའི་འགྲུལ་བཞུད་ཁྲོད།།
རྡོར་གླིང་ཌལ་ཧོར་སིམ་ལ་བཅས་སུ་ཐ་སྙད་རིག་པའི་དགེ་རྒན་དང་།།
ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་ཆེན་མོའི་མཛད་ཁུར་ཞུས།།
ཐ་སྙད་རིག་གནས་ཀུན་ལ་བྱང་བས་ཤོང་དཔང་མཁས་པའི་རྗེས་སུ་བསྙེགས།།
ལེགས་སྦྱར་ལྷ་ཡི་སྐད་ཡིག་མཁྱེན་པས་བྲམ་ཟེ་རྒད་པོའི་ཁེངས་པ་བསྙིལ།།
དམ་ཆོས་གཞུང་ཆེན་བཀའ་པོད་ལྔ་ལ་འགྲན་པའི་ཟླ་བོ་སྲིད་ན་དཀོན།།
ཀླུ་སྒྲུབ་གཉིས་པའི་མཚན་གྱི་ཅོད་པན་ཁྱེད་ལ་མ་གཏོགས་སུ་ལ་འོས།།
གང་གི་མཁྱེན་པའི་ཤེས་བྱའི་བློ་གྲོས་ཆིལ་ཆིལ་བརྡོལ་བའི་ཕ་མཐའ་ནས།།
གང་གི་བརྩེ་བའི་ཕྱག་ཟུང་དྲོན་མོས་བདག་སོགས་བུ་བཞིན་གཅེས་པར་བསྐྱངས།།
གང་གི་ནུས་པའི་མཐུ་སྟོབས་ཟབ་མོས་མཁས་རྒུའི་ཡིད་དབང་ཅིག་ཅར་ཕྲོགས།།
འཛམ་གླིང་མཁས་པའི་གཙུག་གི་རྒྱན་ཆ་ཁྱེད་ལས་གཞན་པ་སུ་ཞིག་མཆིས།།
རིན་ཆེན་ནོར་བུ་ས་འོག་གནས་ཀྱང་འོད་ཀྱིས་ནམ་མཁའ་འགེངས་པ་བཞིན།།
མཁས་མཛངས་དཔའ་བོའི་ཤེས་རབ་སྒྲོན་མེས་སྐྱེ་འགྲོའི་ཡིད་ཀྱི་མུན་པ་བཅོམ།།
གངས་ལྗོངས་ཆོས་སྲིད་གཙུག་ལག་ཟུང་གི་ཀ་ཆེན་འདེགས་པའི་གྱད་མི་བ།།
ཆོས་བརྒྱད་སྐྱོན་གྱི་དྲི་མས་མ་གོས་ཡ་རབས་དམ་པའི་རྗེས་འཛིན་པ།།
ཀཱ་ཤིའི་གྲོང་ནས་མི་ལོ་སུམ་ཅུར་མི་རིགས་སློབ་གསོའི་ཕྱག་ལས་གནང་།།
དེ་ཡི་མུས་ལ་བགྲང་བྱ་བཅུ་ཙམ་སྤྱི་འཐུས་ཚོགས་གཙོའི་མཛད་འགན་བཞེས།།
སླར་ཡང་ལོ་ངོ་ཧྲིལ་པོ་བཅུ་ལ་མི་རྗེ་བཀའ་ཁྲིའི་ཁྲི་འཕང་མནན།།
མདོར་ན་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་བསྟན་སྲིད་ཁ་བས་ཟད་པར་གྱུར།།
ལྷག་པར་བཀའ་བློན་ཁྲི་པའི་མཛད་ཁུར་ནན་གྱིས་བཞེས་པའི་ལོ་ཟླའི་ནང་།།
འཕྲལ་ཕུགས་རྒྱང་གསུམ་ཀུན་ལ་ཕན་པའི་ཤེས་ཡོན་སྲིད་བྱུས་གསར་པ་དང་།།
ཁ་ཡོད་ལག་ཡོད་དམངས་ཕན་དཔལ་འབྱོར་ཡར་ངོའི་ཟླ་བཞིན་གོང་དུ་སྤེལ།།
རེས་ཆད་རེས་མཐུད་རྒྱ་བོད་འབྲེལ་ལམ་སླར་ཡང་ཡངས་པོར་ཕྱེ་འགོ་ཚུགས།།
གང་གི་སྐུ་ཚེའི་མཛད་འཕྲིན་མཐའ་དག་མཛུབ་མོའི་རྩེ་ལ་བགྲངས་པའི་ཚེ།།
གང་གཱའི་བྱེ་མའི་གྲངས་སྙེད་ཇི་བཞིན་བསྐལ་པར་གཞལ་ཡང་རྫོགས་ནུས་མིན།།
གཉན་འཕྲང་ཅན་གྱི་དུས་རབས་འདི་ལ་ཁྱེད་འདྲ་བོད་ལ་བྱོན་པ་ནི།།
བདག་ཅག་རྣམས་ཀྱི་བསོད་ནམས་ཡིན་ནོ་ད་དུང་བསྐལ་བརྒྱར་བཞུགས་སོ་གསོལ།།
ལས་སྨོན་བཟང་པོའི་མཚམས་སྦྱོར་ཞིང་ལ་སྐལ་བཟང་ཆུ་བོ་འདྲེན་པ་ན།།
ན་གཞོན་ཞིང་པ་དགའ་མགུར་འོས་པའི་ཕུན་ཚོགས་ལོ་ཏོག་རྒྱས་པ་བཞིན།།
བཞིན་བཟང་སྒམ་པོའི་འདྲེན་པ་ཁྱེད་ཉིད་གང་དུ་ཕེབས་པའི་ས་ཕྱོགས་ལ།།
ལ་འུར་གཟིགས་མོར་བྱོན་ཏེ་གཟིགས་དང་བཀྲ་ཤིས་འཇའ་ཚོན་སྣ་ལྔ་བཀྲ།།
ཆབ་སྲིད་འདུ་ལོང་ཤིན་ཏུ་རྒོད་པའི་རྡ་སའི་གྲོང་ནས་གྱེས་ན་ཡང་།།
སླར་ཡང་གངས་རིའི་མགོན་པོའི་བཀའ་བཞིན་སཱན་ཆིའི་གཙུག་ལག་སློབ་ཆེན་གྱི།།
རིཌ་བདག་ཆེན་མོའི་མཚན་གནས་བཞེས་པའི་རླབས་ཆེན་ལོ་རྒྱུས་དཀྱོཌ་མཚམས་ནས།།
བོད་དང་བོད་མིའི་མཚན་མཐོང་གཟི་བརྗིད་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ།།
སྐུ་ཚེ་སྟོད་ལ་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་གསུམ་གནང་བ་ཡིས།།
འབྱུང་འགྱུར་ཆོས་ཀྱི་འཁོར་ལོ་སྐོར་མཁན་སྐྱེས་བུ་ཞིག་ཏུ་རེ་ན་ཡང་།།
རྩ་བའི་བླ་མའི་བཀའ་གསུང་དྲོན་མོ་སྤྱི་བོའི་རྒྱན་དུ་དང་བླངས་ནས།།
འཇིག་རྟེན་སྲིད་ཀྱི་འཁོར་ལོ་བསྐོར་ཅེས་སྐྱབས་རྗེ་རྣམ་པས་རྟག་ཏུ་གསུངས།།
གནའ་དེང་ཤེས་བྱའི་གནས་ཀུན་མཁྱེན་པས་ཤར་ནུབ་ཡུལ་གྲུར་ཞབས་ཀྱིས་བཅག།།
ཆབ་སྲིད་ལུགས་གཉིས་སྤོབས་པ་མངའ་བས་འཛམ་གླིང་མཁས་རྒུའི་ཁྲོད་ན་མཛེས།།
ཀུན་གྱི་མདུན་སར་ཆེ་ཉམས་བྲལ་བའི་ཡ་རབས་དམ་པའི་སྤྱོད་ཚུལ་དེས།།
ལས་ངན་སྐྱེ་བོའི་ཁེངས་དྲེགས་རི་བོ་སྐད་ཅིག་ཉིད་ལ་ཕྱེ་མར་བཏང་།།
རྒྱུ་སྐར་ཁྲོད་ན་བསིལ་ཟེར་ཅན་བཞིན་ཀུན་གྱི་ཚ་གདུང་རབ་ཏུ་སེལ།།
རི་དྭགས་ཁྲོད་ན་གདོང་ལྔ་པ་བཞིན་འཇིགས་པའི་དཔུང་རྣམས་ཕ་མཐར་བསྐྲད།།
གླིང་བཞིའི་དབུས་ན་རི་རྒྱལ་ཇི་བཞིན་སྟོང་གསུམ་འཇིག་རྟེན་ཁམས་ན་མཛེས།།
མཁས་རྒུའི་ཁྲོད་ན་སྟོན་པ་ཇི་བཞིན་ཁྱེད་ཀྱིས་བྱིས་པའི་བློ་མུན་སེལ།།
མེས་པོའི་བླ་རྐང་བཙན་གྱིས་བརྡུངས་པའི་དགྲ་ངན་དཔུང་ཚོགས་ཁྱེད་ཀྱིས་བཅོམ།།
ནང་དམེའི་འཁོར་ལོ་སྤུན་ཟླར་སྐོར་མཁན་རྐང་འདྲེན་པ་རྣམས་ཁྱེད་ཀྱིས་བརླཌ།།
རིས་གཅོད་རལ་གྲིས་ཆོལ་གསུམ་དཀྲུགས་མཁན་རེ་རེ་བཞིན་དུ་ཁྱེད་ཀྱིས་བསྐྲད།།
འགྲན་མེད་རིག་པའི་དཔའ་བོ་ཁྱེད་ལ་ཤེས་བཞིན་དད་པ་སྙིང་ནས་བསྐྱེད།།
དེ་བྱུང་རིག་པར་སྨྲ་མཁས་ལྡན་པས་གནའ་བོའི་ལོ་རྒྱུས་རྗེན་པར་གསལ།།
སེམས་གཙོ་སྨྲ་བར་དཔྱོད་ཤེས་ཟབ་པས་ཚན་རིག་པ་རྣམས་ཧོན་རེ་ཐོར།།
སྲོལ་རྒྱུན་ལེགས་བྱང་ཞིབ་པར་གསུང་པས་སྔོན་བྱོན་མཁས་རྣམས་དྲན་དུ་བཅུག།།
མདོར་ན་ཁྱེད་ཀྱི་ཐུགས་ཀྱི་རྒྱ་མཚོར་ཤེས་རིག་ཆུ་བོ་ལེགས་པར་བསྐྱིལ།།
བློ་གྲོས་གསེར་གྱི་བུམ་བཟང་གཞོན་ནུར་ཡོན་ཏན་ནོར་བུས་བྱུར་བུར་གཏམས།།
བཟང་པོའི་ཆ་ཤས་མ་ལུས་ཡོངས་རྫོགས་ལྷག་བསམ་འོ་མཚོ་མཁའ་རུ་ལུད།།
བསྟན་དང་འགྲོ་བའི་ཕན་བདེའི་ཆེད་དུ་ཉིན་མཚན་དུས་དྲུག་སྐུ་ལས་བསྐྱོན།།
འཛིན་མའི་ཁམས་འདིར་དྲོ་སྐྱིད་སྦྱིན་མཁན་རྟ་ལྗང་ཅན་དེ་ཁྱེད་མིན་སུ།།
དང་པོར་མཁས་མང་བྱེ་བའི་གླིང་དུ་གཞུང་ལུགས་སྦྱོང་བའི་བཙུན་ཆུང་ཞིག།།
གཉིས་པར་ཤེས་རིག་བདུད་རྩི་སྩོལ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག།།
གསུམ་པར་སྲིད་ཀྱིས་རྒྱལ་ཁབ་སྐྱོང་བའི་བཀའ་ཡི་ཁྲི་བློན་བསྒྲུན་མེད་ཅིག།།
མཐའ་མར་ཆོས་ཀྱི་སྦྲང་ཆར་འབེབ་པའི་འབྱོར་མེད་ཆོས་པ་རྣམ་དག་ཅིག།།
བདག་ནི་སྐྱེས་ཐོབ་ཤེས་རབ་དབུལ་ཞིང་སྦྱངས་སྟོབས་ཡོན་ཏན་དབུལ་ན་ཡང་།།
གཟུར་གནས་བློ་ཡི་ཁང་བཟང་ནང་ནས་གང་གི་རྟོགས་བརྗོད་མདོར་བསྡུས་འདི།།
སྒྲོ་སྐུར་སྤངས་ནས་བརྗོད་པའི་དགེ་བས་བླ་མའི་སྐུ་ཚེ་བརྟན་པ་དང།།
ཐུགས་ཀྱི་བཞེད་དོན་མ་ལུས་མཐའ་དག་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག།།
གངས་ཅན་བོད་ལ་སྐྱིད་པའི་ཉི་གཞོན་མྱུར་དུ་འཆར་བའི་བཀྲ་ཤིས་ཤོག།།
གངས་རིའི་མགོན་པོ་ཉི་ཟླ་སྐར་གསུམ་ལྷན་འཛོམས་ཡོང་བའི་བཀྲ་ཤིས་ཤོག།།
གངས་རིའི་མཁས་དབང་ཟམ་གདོང་བླ་མ་བསྐལ་བརྒྱར་བཞུགས་པའི་བཀྲ་ཤིས་ཤོག།།
གངས་ཅན་བོད་པའི་ཆོས་སྲིད་རིག་གནས་ཕྱོགས་ཀུན་ཁྱབ་པའི་བཀྲ་ཤིས་ཤོག།།