དགའ་དད་སྤྲོ་གསུམ་འདུས་པའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ།།

༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་མཆོག་གི་སྐུ་ཚེའི་མཛད་འཕྲིན་གང་ཤེས་གནད་བསྡུས་དང་འབྲེལ་བའི་རྟོགས་པ་བརྗོད་པ་དགའ་དད་སྤྲོ་གསུམ་འདུས་པའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ།།
བྲག་གཡབ་ངག་དབང་བྱམས་པ།བྱོན་དང་འབྱོན་འགྱུར་བདེ་གཤེགས་གྲངས་མེད་གང།།
མཛད་འཕྲིན་ཀུན་འདུས་སླར་ཡང་ལྷག་པར་དུ།།
ཐབས་མཁས་ཐུགས་རྗེ་ཐུབ་དབང་གཉིས་པ་སྟེ།།
བསྟན་འཛིན་རྒྱ་མཚོ་རྟག་ཏུ་སྤྱི་བོས་འདུད།།

སྐྱོན་བྲལ་བྱུ་རུའི་མདངས་ལས་རབ་མཛེས་གཟུགས་མཆོ༵ག་མཆོ༵ག་དམན་ཀུན་གྱི་ཡིད་ལ་འཐ༵ད།།
འཐ༵ད་ལྡན་ཐར་ལམ་ཚུལ་བཞིན་འདོམས་ནུས་ལེགས་གསུ༵ང་གསུ༵ང་དབྱངས་སངྒེའི་སྒྲ་ལྡན་ན༵།།
ན༵་རྒ་འཆི་སོགས་གནས་ལུགས་ཇི་བཞིན་གཟིགས་ཕྱི༵ར་ཕྱི༵ར་ཞུགས་འགྲོ་བ་ཡོངས་རྫོགས་ལ༵།།
ལ༵་འུར་ཐབས་ལམ་བརྩོན་པར་རྒྱུན་དུ་བསྐུལ་མཁ༵ས་མཁ༵ས་ཀུན་གུས་པའི་འཇམ་དབྱངས་འདུད།།
ཚ༵ངས་དབྱངས་འབུམ་ཕྲག་བསྡུས་ཀྱང༵་འགྲན་པར་མི་ནུས༵་ནུས༵་པས་འགྲོ་ཀུན་ངག་གི་དྲི་མ་འཁྲུད་པའི་ལྷ།༵།
ཚ༵ངས་དབང་ཆེ་རྒུ་ཁེངས་ཀྱང༵་ཁྱེད་ཀྱི་གསུང་སྙན༵་སྙན༵་འགྱུར་སྒྲོག་ཚེ་སྐྱེངས་པ་སྟེར་མཁན་ཁྱེད་ཙམ་མོ༵།།
ཚ༵ངས་པའི་བློ་ལས་འཁྲུངས་ཀྱང༵་བློ་གྲོས་མི་མཚུ༵ངས་མཚུ༵ངས་མེད་ཀ་དག་གཤིས་ལ་རྒྱུན་དུ་དྲངས་པའི་དབྱང༵ས།།
ཚ༵ངས་སྤྱོད་རྗེས་འཛིན་བདག་ཀྱང༵་རྒྱུན་དུ་མི་སྟོང༵་སྟོང༵་ཉིད་སྒྲ་སྒྲོག་འདི་ནའང་མགོན་གཅིག་དཔལ་མངའ་ཅན༵།།
དེང་དུས་སྐྱེ་བོ་ཕལ་ཆེར་ཚུ་རོལ་གྱི།།
དངོས་འབྱོར་ཟང་ཟིང་རིགས་ལ་ཆེས་ཞེན་པས།།
ལྷ་ཆོས་ལྟ་ཞོགས་འཇིག་རྟེན་བཟང་སྤྱོད་ལས།།
ཕྲ་མོ་ཙམ་ཡང་བསྒྲུབ་པར་མི་ཁོམ་པས།།
དམ་པའི་མཛད་རྣམ་འདི་བཞིན་བྲིས་པའི་ཤུལ།།
གཞན་ལ་རྒྱ་ཆེར་ཕན་པ་འབྱུང་ངོ་ཞེས།།
བསམས་ཏེ་ངལ་བ་བགྱིས་རིན་མ་མཆིས་ཀྱང།།
རང་ཉིད་དགེ་གོམས་ཚོགས་རྫོགས་ཕྱིར་དུ་འབྲི།།
མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅས་པའི་སྐབས་ཏེ་དང་པོའོ།།
ཞེས་མཆོད་འོས་བསྟོད་འོས་ཀྱི་ལྷག་པའི་ལྷ་ཚོགས་དག་ལ་སྒོ་གསུམ་རབ་ཏུ་གུས་ཤིང་བཏུད་ནས། དེ་ཡང་འདི་ལྟར་ཐོས་ཏེ། སྔོན་འཕགས་ཡུལ་དུ་བདག་ཅག་གི་འདྲེན་པ་མཉམ་མེད་ཟས་གཙང་སྲས་གདུལ་དཀའ་སྙིགས་དུས་ཀྱི་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་དུ་རྩོད་ལྡན་ཚེ་ལོ་བརྒྱ་པ་ཞེས་པའི་དུས་སུ་ཆེད་དུ་བྱོན་པའི་བསྐལ་པ་འདི་ན། དེ་ནས་བྱང་གི་ཕྱོགས་ནས་ཕྱོགས་སུ་རྒྱུ་བ་ལ་འཇིག་རྟེན་ཧྲིལ་པོ་འདིའི་དབུ་རྩེའམ་ནོག་བྲལ་རིན་ཆེན་གཉིས་པ་དངུལ་གྱི་ཏོག་དཀར་པོ་དང་གཉིས་སུ་མ་འཆིས་པའི་བསིལ་ལྡན་ཁ་བ་གངས་ཅན་གྱི་ལྗོངས་འདི་ན། སྐྱེ་བ་ཚེ་རབས་དུ་མ་ནས་བསེ་རྨུ་ལྡོང་སྟོང་སོགས་བོད་མིའུ་གདུང་དྲུང་གི་བུ་ཚ་རྣམས་དང་ཐུན་མོང་མ་ཡིན་པའི་ལས་སྨོན་དམ་པོར་འབྲེལ་བའི་སྒོ་ཟོག་ཛམ་བྷ་ལའི་གཡང་བདག་རིགས་བཟང་འབྲི་གཡག་དང། དེ་བཞིན་མཛོ་དང་མཛོ་མོ། རྟ་དང་དྲེའུ་སོགས་ཀྱིས་སྔོ་ལྗང་རྒྱ་མཚོའི་གོས་ཅན་ན་ཡོངས་སུ་ཁྱབ་པ་དག་དང། བགྲང་བྱ་བཅུ་ཕྲག་དང། བརྒྱ་ཕྲག་དང། སྟོང་ཕྲག་མང་པོའི་སྔོན་ནས་སྲད་བུ་བར་མ་ཆད་པར་བྱོན་པའི་ཆོས་ཀྱི་མཁན་པོ་དང། སློབ་དཔོན་དང། ཆོས་ཀྱི་རྒྱལ་པོ་དང། རྒྱལ་བུ་བློན་པོ་དང་བཅས་པ་དང། ཁྱད་པར་དུ་ལས་སྨོན་དམ་ཚིག་བཟང་པོ་དུ་མའི་མཐུ་ལ་བརྟེན་ནས་འབྱོན་བཞིན་པའི་ལྷ་ཚོགས་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་སོགས་བསམ་བཞིན་དུ་བྱོན་དང་འབྱོན་བཞིན་པའི་རྒྱལ་ཁམས་འདིའི་གནས་དབུས་གཙང་དམ་པ་ཆོས་ཀྱི་ཞིང་ཁམས་ཞེས་ཡོངས་སུ་གྲགས་པ་དེ་ནས་ཤར་གྱི་ཕྱོགས་སུ་དོང་དོང་པ་ལ་མི་དཔའ་ཞིང་ཤེས་འབྱོར་གང་ལའང་གཟེངས་སུ་ཐོན་པ། མཚན་སྙན་དང་གཟི་བརྗིད་ཤར་རིའི་ཕྲག་ཟུར་ནས་རྟ་བདུན་ཉིན་བྱེད་ཀྱི་དབང་པོ་རབ་ཏུ་འབར་བ་དང་རྗེས་སུ་འགྲོ་བའི་ཁམས་ཕྱོགས་ཀྱི་སའི་བྱེ་བྲག སྔོན་རོལ་ཏུའང་གྲུབ་པའི་དབང་པོ་དང། སྐྱེས་བུ་དམ་པ་དུ་མས་ཞབས་ཀྱིས་བཅགས་ཤིང་གནས་ཕུན་སུམ་ཚོགས་པ་འཇོལ་ཞེས་པའི་ཡུལ་གྱི་ཆ་དེ་ན། ཕ་མཐའ་ས་འཛིན་ཕྲེང་བས་ཚར་དུ་མངར།། ཡངས་པའི་རྒྱལ་ཁམས་གྲོང་དང་གྲོང་ཁྱེར་ཚོགས།། ཡུལ་གྱི་མཛེས་ལྗོངས་སྐབས་གསུམ་འཕོས་པ་ལྟར།། མི་ཡུལ་ཀུན་ལས་མཛེས་སྡུག་དབང་པོ་ཞིག ། ཅེས་པ་ཡུལ་དེའི་ནང་ནས་ཀྱང་འབྲས་ལྡན་ཤིང་ཏོག་ཀུ་ཤུ་དང། སྟར་ཁ་དང། ཁམ་བུ་དང། འོ་སེ་སོགས་སྣ་ཚོགས་སྐྱེ་བའི་གྲོང་རྡལ་ནགས་འབྲུག་ཞེས་པར་འབྲུ་རིགས་སྣ་ལྔའི་ཐོན་ཁུངས་རབ་ཏུ་བཟང་བའི་གྲོང་སྡེ་ཞིང་པའི་ཁྱིམ་གཞིས་ཤིག་ཏུ་སྐྱེད་བྱེད་རིགས་ཕུན་སུམ་ཚོགས་པ་མགོན་པོ་བསོད་ནམས་དང། གཡོ་སྒྱུ་དང་རིང་དུ་བྲལ་བའི་ཡུམ་ཆེན་གཞན་ལས་ཁྱད་དུ་འཕགས་ཤིང་ངང་རྒྱུད་མལ་འགྲོ་ལས་རིང་བའི་སྐྱེད་མ་པདྨ་མཁའ་འགྲོ་གཉིས་ཀྱི་རིགས་སྲས་སུ་རབ་བྱུང་བཅུ་དྲུག་པའི་བསྟོད་འབྲེལ་ལས་མྱོས་ལྡན་ཞེས་པའི་བགྲང་བྱ་ལ་གནས་དང། དུས་དང། ཁྱིམ་ལ་སོགས་པའི་དགེ་མཚན་དུ་མ་ལ་གཟིགས་ཏེ། མེ་ཏོག་གི་ཆར་འབབ་པ་དང། མཛེས་སྡུག་ལྡན་པའི་འཇའ་ཚོན་སྣ་ལྔས་བསྐོར་བ། ཁྱོན་ཡངས་ནོར་འཛིན་གྱི་དབུས་སུ་ལྗང་པ་དང། ནགས་ཀླུང་དང། སྤང་ལྗོངས་མེ་ཏོག་སྣ་ཚོགས་པ་བཞད་པ་དང། རིགས་མ་ངེས་པའི་རི་སྐྱེས་དུ་མས་རྩེད་འཇོ་བྱེད་པ་དང། བྱ་དང་བྱེའུ་རྣམས་ཀྱིས་སྐད་སྙན་པར་སྒྲོག་པ་སོགས་དགེ་བའི་ལེགས་ཚོགས་ཀྱི་བལྟས་དུ་མ་དང་བཅས་པའི་སྒོ་ནས་བསམ་བཞིན་དུ་སྐུའི་མཚན་དཔེ་ཐོག་མར་བཞད་པར་གྱུར་ཏོ།། ངམ་གནག་འཇིག་རྟེན་སྨག་རུམ་སྟུག་པོ་འདིར།། སྐྱོན་ཀུན་སེལ་བའི་མཁའ་ནོར་འོད་སྟོང་བཞིན།། རྒྱ་བྱིན་གྱིས་ཀྱང་ཐོད་དུ་བཀུར་འོས་ཤིག ། རིགས་ཀྱི་ཅོད་པན་ས་ཆེན་འདི་རུ་བཞད།། ཅེས་དཀར་ཕྱོགས་སྐྱོང་བའི་ལྷ་དང་རྐང་གཉིས་སྐྱེ་བོ་ཟུང་ནས་མགྲིན་གཅིག་ཏུ་དེ་ལྟར་གླེངས་སོ།།
དེ་ཡང་སྐྱེ་བ་དང་བསྐལ་པ་དུ་མའི་སྔོན་རོལ་ནས་དཀར་ཕྱོགས་དགེ་བའི་ལས་ལ་ཆེས་ཆེར་གོམས་ནའང། སྙིགས་དུས་འདིར་གདུལ་བྱའི་བློ་དང་འཚམ་པའི་ཕྱིར་དུ་དགུང་ན་གཉིས་ཟུང་ལ་ཡུལ་གྱི་གནས་དམ་པ་གཙུག་ཏུ་མཆོད་གནས་ཕུན་ཚོགས་གླིང་ཞེས་པའི་དགོན་པར་ཆོས་བཞིན་འདུལ་བའི་གཅེས་པ་ལ་གཙིགས་སུ་འཛིན་པའི་སྐུའི་ཞང་པོ་དགེ་སློང་གང་ཞིག་ཡོད་པ་དེའི་མདུན་དུ་ཡོན་ཏན་ཀུན་གྱི་གཞི་མ་ཁ་བ་གངས་ཅན་པའི་བརྗོད་པ་ལ་རམ་འདེགས་གནད་དུ་སིམ་པ། རྟ་མགྲིན་དམར་པོ་དྲག་ཏུ་འཁྲོས་པའི་རྣམ་རོལ་སྔར་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་ཞེས་པའི་མཚན་སྙན་གྱི་གྲགས་པས་རྒྱ་གར་སོགས་ལྷོང་ལྷོང་དུ་སྒུལ་བར་ནུས་པ་དེའི་མཛངས་བློན་ཐོན་མིའི་རྣམ་དཔྱོད་ལས་འཁྲུངས་པའི་དབྱངས་གསལ་སོ་བཞིའི་སྒྱུ་རྩལ་དང་ལྷན་དུ་རིག་པའི་རོལ་རྩེད་མཛད་པའི་སྟ་གོན་གྱི་ལས་ལ་མངོན་དུ་ཕྱོགས་སོ།། དེའི་ལོ་ཁམས་ཕྱི་མ་ལ་བསྐལ་པ་དུ་མའི་སྔོན་རོལ་ནས་དགེ་བའི་ལས་ཁོ་ན་ལ་བག་ཆགས་ཟབ་ཅིང། གདུལ་བྱའི་བློ་དང་འཚམ་པའི་སྐྱེ་བ་བཞེས་པ་ལ་ངལ་མེད་རང་དབང་ལ་མངའ་བརྙེས་པའི་མཚན་སྙན་གྱི་གྲགས་པ་ཡོངས་སུ་འབར་བ། ཡུལ་གྱི་སྐྱེ་བོ་མཆོག་དམན་ཡོད་དོ་ཅོག་གི་དད་པ་དང། འདུན་པ་དང། གུས་པ་མཐའ་དག་ཕྱོགས་གཅིག་ཏུ་འདུ་བའི་སྐྱབས་མཆོག་ཟམ་གདོང་རིན་པོ་ཆེ་ཞེས་ས་ཆེན་པོ་འདི་ན་ཡོངས་སུ་གྲགས་པ་དེའི་སྐུའི་ཕྲེང་བ་བཞི་པ་རེ་ཞིག་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་ཐུགས་ཀྱི་དགོངས་པ་གཏད་པའི་ཚུལ་བསྟན་ཟིན་ཕྲལ་སྐུའི་ཕྲེང་བ་ལྔ་པའི་མཚན་བཟང་གི་བྱང་བུ་དམ་པ་གང་ཉིད་ཀྱི་དབུའི་གཙུག་རྒྱན་དུ་ཕུལ་ཏེ། ཞིང་མཆོག་སའི་ལྟེ་གནས་འཇོལ་གྱི་ལྗོངས་སུ་རབ་བྱུང་ངུར་སྨིག་གི་སྡེ་ཡིས་ཡོངས་སུ་ཕྱུག་པའི་དགོན་གནས་དགའ་ལྡན་བདེ་ཆེན་གླིང་གི་མི་འཇིགས་སེངྒེའི་ཁྲི་འཕངས་མངོན་པར་མཐོ་བའི་གོང་ན་ཞབས་ཟུང་ལྷམ་མེ་ལྷན་ནེ་ལྷང་ངེར་བརྗིད་དོ།།
དེ་ནས་བགྲང་བྱ་གཉིས་ཀྱི་ཕྲེང་བ་རིམ་བཞིན་རྫོགས་རྗེས་ཡུལ་དེ་ན་ཀུན་གྱི་སྐྱབས་དང། མགོན་དང། དཔུང་གཉེན་མཐའ་དག་གཅིག་ཏུ་འདུས་པའི་དམ་པའི་ལྷ་ཆོས་ཀྱི་མཁན་ཆེན་གསེར་རི་ལྟར་བརྗིད་པའི་༸སྐྱབས་རྗེ་ཟངས་འབུམ་ཞེས་པའི་ཁྲི་དྲུང་ནས་ཆོས་འདུལ་བ་ལས་ཇི་ལྟར་གསུངས་པ་བཞིན་དུ་བླངས་འདས་སོ་གསུམ་གྱི་གྲངས་ཀྱིས་ཆོད་པའི་དམ་པའི་ལྷ་ཆོས་ཀྱི་ཚུལ་ཁྲིམས་ཀྱི་སྒོ་ཆེན་མོར་ཐོག་མར་འཇུག་པར་བྱས་སོ།། སྐུའི་ན་ཚོད་ཀྱི་བགྲང་བྱ་དགུ་རུ་བཞེས་དུས་བཤེས་གཉེན་ཆེན་མོ་ངག་སྦྱིན་ལ་སོགས་པའི་དགེ་བའི་བཤེས་གཉེན་དྲུག་ཙམ་ལ་བསྟན་ནས་ཡུལ་གངས་ཅན་པའི་བརྗོད་པ་དང་མཐུན་པའི་བརྡ་སྤྲོད་པ་བསྟན་བཅོས་སུམ་ཅུ་པ་དང། རྟགས་ཀྱི་འཇུག་པ། སྙན་ངག་གི་གཞུང་ལུགས་སོགས་ཐུན་མོང་བའི་རིག་གནས་ཁག་དང། ཁྱད་པར་དུ་ཁམས་གསུམ་ན་ཡོངས་སུ་གྲགས་པའི་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་གསུང་བཅུད་ཟབ་མོ་སྙིང་བསྡུས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གཙུག་ལག་གཉིས་ལ་རྣམ་ཀུན་ལྷོད་པ་མེད་པར་སིནྡྷུའི་བདག་པོའི་རླབས་ཕྲེང་གཡོ་བ་བཞིན་དུ་འགྲུས་པར་མཛད་དོ།། ཚེ་དང་ཚེ་རབས་བསྐལ་པ་དུ་མ་ནས།། དགེ་དང་དགེ་བ་རྣམ་མཁྱེན་རྫོགས་བྱང་ཀུན།། ཡང་ནས་ཡང་དུ་འདྲིས་པའི་མཐུ་ནུས་ཀྱིས།། ཆོས་དང་ཆོས་ཀྱི་གནས་ལུགས་ཀུན་ནས་གཟིགས།། འོན་ཀྱང་ལེ་ལོ་ཅན་རྣམས་ཀུན།། རྣམ་དཀར་དགེ་ལ་བརྩོན་པའི་ཕྱིར།། ཐོག་མའི་ཀློག་དང་ཐོས་པ་དང།། བསམ་སྒོམ་སོགས་ལ་འཇུག་ཚུལ་བསྟན།། གཞན་ཡང་འདུལ་བའི་བསླབ་ཁྲིམས་གང།། ལྷུན་པོ་སྟོང་ལས་བརྗིད་ཆེ་ཡང།། ན་སོ་བདུན་ལྡན་བྱིས་པའི་གཟུགས།། སྙིང་སྟོབས་ཕྲག་པས་བདེ་བར་བཏེགས།། ཞེས་སྐུ་བལྟམས་པ་ནས་ཡུལ་དབུས་ཕྱོགས་སུ་མ་བཏེག་བར་གྱི་མཛད་པ་བརྗོད་པའི་སྐབས་ཏེ་གཉིས་པའོ།།
དེ་ནས་ཀྱང་དམ་པའི་གསུང་རབ་ཀྱི་དགོངས་དོན་ལ་ཐོས་པ་དང། བསམ་པ་དང། སྒོམ་པ་དང། ཚུལ་བཞིན་དུ་ཉམས་སུ་བླངས་པ་སོགས་ཀྱི་དོན་ལ་རྒྱ་བོད་ཀྱི་གསུང་རབ་ཀུན་ཏུ་ཐོས་བརྩོན་བློ་ལ་རགས་པ་དང་ཕྱོགས་རེ་བ་ཙམ་གྱིས་ཆོག་པར་འཛིན་པ་ནི་ཚུར་མཐོང་བྱིས་པའི་བློ་རྒོད་འཁྱུག་པ་དང་གཅིག་ཏུ་མཚུངས་ཤིང། དམ་པའི་ལྷ་ཆོས་ཀྱི་ཕུགས་སོ་འཕགས་ཡུལ་གྱི་མཁས་པའི་གསུང་རབ་བཀའ་བསྟན་རྣམས་ཀྱི་དགོངས་དོན་གཏིང་དཔག་ཟབ་མོ་ཇི་ལྟ་བ་བཞིན་དུ་ལོན་པ་ལ་གནས་འདི་ཙམ་གྱིས་ནི་མི་ཆོག་གོ་སྙམ་པའི་ཐུགས་སུ་ཡང་ནས་ཡང་དུ་འཁྲུངས་ཏེ། སྐུ་ན་དྲུག་གཉིས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ་ན། ཟླ་ཞག་གཉིས་ཙམ་རྐང་ལམ་གྱིས་རྒྱང་དུ་ཆོད་པའི་གངས་ལྗོངས་ཀྱི་དབུས་ཉི་མ་ལྷ་སའི་ཕྱོགས་སུ་ཞབས་ཟུང་གོམ་འགྲོས་ཀྱི་དཀའ་སྤྱད་གཡོ་བའི་འདབ་མ་རེ་རེ་བཞིན་ལམ་འཕྲང་དང། ལམ་དཀྱོག་པོ་དང། བྲག་གཡང་གཟར་གྱི་ལམ་དང། འཇིགས་དངངས་ལྡན་པའི་ཆུ་བོ་དང། མི་སྡུག་པའི་གཅན་གཟན་དུ་མ་གནས་གཞིའི་ནགས་རྫོང་སྟུག་པོ་སོགས་འཕྲང་ལམ་ཁག་རིམ་བཞིན་བརྒལ་ཅིང་དབུས་ཕྱོགས་དམ་པ་ཆོས་ཀྱི་ཞིང་ཁམས་སུ་བདེ་བར་ལྷགས་སོ།། དགུང་ན་ཉི་གཞོན་མཁའ་ལ་འཆར་བའི་ཚེ།། བློ་གྲོས་འོད་ཟེར་འགོག་མེད་ཕྱོགས་ཀུན་འཕྲོས།། རྣམ་དཔྱོད་ལྷ་ལམ་མུ་མཐའ་བྲལ་བའི་དབུས།། ཤེས་བྱའི་སྐར་ཚོགས་རེ་རེ་བཞིན་དུ་བགྲངས།། ཆོས་དང་ཆོས་ཀྱི་གནས་ལུགས་ཕྲ་རགས་ཀུན།། ཞིབ་མོ་བློ་ཡིས་ཕུ་ཐག་གཞལ་བའི་སླད།། ཞབས་ཟུང་ཟླ་ཞག་འཁོར་ལོས་བསྒྱུར་བའི་སྟབས།། དབུས་ཕྱོགས་ཆོས་ཀྱི་ཞིང་དུ་བདེ་བར་ལྷགས།། དེ་ལའང་སྔོན་འཇམ་མགོན་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་སྐུ་ཡིས་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ས་ཆེན་པོ་མཉེས་ཐང་བདེ་བ་ཅན་དང། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སོགས་བྱིན་ཅན་གྱི་གནས་ཐ་དད་པ་དུ་མ་རྣམས་ལ་དད་འདུན་དྲག་པོས་མཆོད་པ་དང། རྗེད་པ་དང། བཀུར་སྟི་དང། བསྟི་སྟང་སོགས་ཚུལ་བཞིན་ལེགས་པར་གྲུབ་རྗེས་ཐོས་པ་དང། བསམ་པ་དང། སྒོམ་པ་དང། ཚུལ་བཞིན་དུ་ཉམས་སུ་བླངས་པ་བཅས་ཀྱིས་ས་དང་ལམ་གྱི་ཐེམ་སྐས་ལ་རིམ་འཛེག་གི་མཁས་པ་དང། སྐྱེས་ཆེན་དམ་པ་དང། གྲུབ་པའི་དབང་པོ་དང། ལམ་དང་ས་ཆེན་པོ་དག་ལ་ཡོངས་སུ་མངའ་བརྙེས་པའི་སྐྱེས་བུ་རབ་དང། མཆོག་དང། མཆོག་རབ་རྣམས་ཀྱིས་ཡོངས་སུ་རྩེན་པའི་ཆོས་ཀྱི་གླིང་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དང། སེ་ར་ཐེག་ཆེན་གླིང་དང། དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་སོགས་ལས་ཕྱི་མ་འབྲས་བློ་གླིང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་ཞེས་མཚན་སྙན་གྱི་བ་དན་ས་སྟེང་འདི་ན་ཡོངས་སུ་ལྷབ་ལྷུབ་ཏུ་གཡོ་ཞིང་ཁྱབ་པ་དེའི་ཆོས་ཀྱི་ར་བའི་སྒྲིག་ཁོངས་སུ་དང་དུ་བླངས་ཏེ་ཞུགས་པར་བགྱིས་སོ།།
གླིང་དེའི་ནང་དུའང་སྐྱེས་ཆེན་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་དུ་མ་ཞིག་བཞུགས་མུས་ཡོད་པ་ལས་མཆོག་ཏུ་བཀུར་འོས་ལག་པའི་ཡལ་འདབ་ལྔ་པོ་དང་གྲངས་མཉམ་པ་དག་ལ་སྐྱེས་བུ་གོང་མའི་རྣམ་ཐར་ལྟར་ལེགས་པར་བསྟེན་ཅིང་གཞུང་ཆེན་མོ་དག་ལ་གཟིགས་རྟོག་མཛད་པའི་སྒོའམ། ལམ་མམ། འཇུག་པའི་ཐོག་མ་བློ་རྟགས་དང། ཕར་ཕྱིན་དང། དབུ་མ་དང། འདུལ་མཛོད་ལ་སོགས་པ་རིག་གནས་སྤྱི་དང་བྱེ་བྲག་ཕྱོགས་ཀུན་ཏུ་བགྲང་བྱ་དུ་མ་ཤེས་བྱའི་ནགས་རྫོངས་སུ་རྣམ་དཔྱོད་ཀྱི་མེ་ལྕེ་སྦར་ཞིང། བརྩོན་འགྲུས་ཀྱི་རླུང་བུས་ལྷོད་པ་མེད་པའི་བསྐུལ་མ་ལ་བརྟེན་ཅིང་གངྒའི་རྒྱུན་གྱི་མཐའ་རིན་ཆེན་འབྱུང་གནས་ལ་མ་ཐུག་གི་བར་དུ་ནམ་ཡང་ལྷོད་མེད་དུ་རྒྱུ་བ་ལྟར་རབ་ཏུ་བརྩོན་པར་མཛད་པའི་འབྲས་རྟགས་སུ་མ་རིག་པ་དང། ཐེ་ཚོམ་དང། ཆོས་ཀྱི་གནས་ལུགས་ལ་རྨོངས་ཚུལ་བསྟན་པ་གང་ཡོད་པ་མཐའ་དག་ཉམ་ཆུང་བའི་རྩྭ་ཡི་ཕུང་པོ་ལ་སྲེག་ཟ་རབ་ཏུ་འཕྲོས་ཏེ་གཞོམ་པའི་ངང་ཚུལ་དང་གཅིག་ཏུ་མཚུངས་པར་བྱས་སོ།།
ཡངས་པའི་རྒྱལ་ཁམས་བསིལ་ལྗོངས་ལྟེ་བ་རུ།། གཙུག་ལག་གནས་ལུགས་ཀུན་ལ་བགྲོ་བའི་གླིང།། མཁས་གྲུབ་གསེར་རིའི་ཕྲེང་བ་བརྒྱུས་པའི་དབུས།། ཐོས་བརྩོན་ལྡོག་མེད་རལ་ཀླུང་མུ་མཐར་བཞུད།། དེ་ལྟ་བུ་ཉ་ཆེན་རྒྱ་མཚོ་ལ་རྩེན་པ་ལྟ་བུ་དང། རྒྱ་སྟག་ནགས་རྫོང་དུ་གནས་པ་ལྟ་བུ་དང། སེངྒེ་གངས་རི་ལ་འགྱིངས་པ་ལྟ་བུའི་སྐྱེས་ཆེན་དུ་མའི་ནང་གི་མཆོག་དམ་པ་འདི་ཉིད་ནི་རང་དབང་ལ་མངའ་བརྙེས་པའི་སྐུའི་ཕྲེང་བ་དུ་མ་ནས་བཟང་པོའི་ལེགས་ཚོགས་མཐའ་དག་ལ་གོམས་པའི་སྟོབས་ཀྱིས་མཁྱེན་པ་དང་ཡོན་ཏན་མཐའ་དག་བསགས་པའི་རྒྱུ་ནོར་ཕ་ལ་བཅོལ་མ་མཛད་པ་ལྟ་བུའམ། དམ་པའི་ལྷ་ཆོས་སོགས་ཤེས་བྱའི་གནས་མཐའ་དག་ལ་མཁྱེན་པ་ནི་འཛད་མཐའ་བྲལ་བའི་རིན་པོ་ཆེའི་གཏེར་སྒོ་རྙེད་པ་ལྟ་བུ་གྱུར་ཏོ།། སྒོམ་སྒྲུབ་ཉམས་ལེན་གནད་ཀྱི་ཁང་བཟང་སྟེང།། འཛེག་པར་ཤེས་བརྩོན་འཇའ་སྐས་ཕྲེང་བའི་བརྒྱུད།། ཆོས་ཀུན་གནས་ལུགས་ཕྱོགས་དང་ཕྱོགས་མཚམས་ཀུན།། མེ་ལོང་ནང་དུ་གཟུགས་བརྙན་ཇི་བཞིན་གྱུར།།
དེ་ལྟ་བུ་སྟེ། སྔོན་དུས་ཆོས་རྒྱལ་རྣམས་ཀྱི་དུས་ནས་ཉམས་པ་མེད་པའི་ལུགས་བཟང་དགེ་བཅུ་དམ་པའི་ལྷ་ཆོས་ཀྱི་འཚོ་བས་ཕྱོགས་ཀུན་ཁྱབ་པའི་འཁོར་ར་ཁོར་ཡུག་གི་གླིང་དང་གླིང་ཕྲན་ན་ཉམས་དགའ་བར་གནས་པ་འདི་ལྟ་བུ་ནི་འཇིག་རྟེན་འདི་ན་མཚན་སྙན་གྱིས་ཕྱོགས་ཀུན་ཏུ་འབར་ཞིང་སྐྱེ་བོ་ཀུན་ཀྱང་རྐང་གཉིས་རྣམས་ཀྱི་མཆོག་ལྟ་བུ་སྟེ་བྱ་བ་དང་བྱེད་པ་བཟང་པོ་དག་ཀྱང་བསྐལ་པ་རྫོགས་ལྡན་དང་གཉིས་སུ་མ་མཆིས་པར་གནས་བཞིན་པ་ལ། བསྐལ་པ་དང། སྐྱེ་བ་དང། ཚེ་རབས་དུ་མ་ནས་མི་དགེ་བ་དང། སྡིག་པའི་མུན་ནག་དང། ལས་མི་སྡུག་པ་ཁོ་ན་ལ་གོམས་ཤིང་དཀར་ཕྱོགས་དགེ་བ་དང། བསོད་ནམས་བཟང་པོ་དང། ཚོགས་གསོག་པ་དང། བྱམས་དང་སྙིང་རྗེ་སོགས་བཟང་པོ་རིགས་ཀྱི་མིང་གི་སྒྲ་ཙམ་གོ་བ་ལའང་ཞེ་ནས་སྡང་བ་དང། ཁྲག་རྩ་སྟོད་ནས་འཚང་སྟེ་ཁོང་ཁྲོ་བ་དང། ང་རྒྱལ་བཅས་བཟོད་མི་ཐུབ་པའི་བྲང་འགྲོ་དུག་ཆེན་པོས་རབ་ཏུ་མྱོས་པ་ལྟར་གཏུམ་དྲག་གིས་ཡོངས་སུ་འཕྱུར་བའི་རང་བཞིན་ཅན་ཤར་ཕྱོགས་ཙི་ནའི་ཡུལ་གྱི་སྐྱེ་བོ་རྣམས་མིའི་གཟུགས་ལ་སྲིན་པོའི་སེམས་དང་ལྡན་པ་དག་འགོག་མེད་དུག་ཆུ་ཁོལ་མ་ལྟར་གངས་ལྗོངས་ཆོས་ལྡན་གྱི་ཞིང་འདི་རུ་རྡོལ་ནས་ཞིང་བཟང་གི་ལོ་ཏོག་གནམ་ལྕགས་སེ་བས་བཅོམ་པ་ལྟར་བྱས་སོ།།
དེའི་ཚེ་ན། སྤྱིར་ཁམས་གསུམ་ན་གནས་པའི་འགྲོ་བ་ཡོངས་སུ་རྫོགས་པ་དང། འཇིག་རྟེན་ཧྲིལ་པོ་འདིའི་ནང་དུ་འཚོ་ཞིང་གནས་པ་དག་དང། སྒོས་སུ་མགོ་ནག་གདོང་དམར་བ་རྣམས་ཀྱི་མགོན་དང། སྐྱབས་དང། དཔུང་གཉེན་དང། ཕ་མ་དང། བདེ་སྐྱིད་ཕུན་སུམ་ཚོགས་པའི་རིགས་མཐའ་དག་ཀུན་ནས་འབྱུང་བའི་ཡུལ་གངས་ཅན་གྱི་མགོན་པོ་མཆོག་ཀྱང་རེ་ཞིག་ཕྱོགས་དང། ཡུལ་དང། གནས་གཞན་ཞིག་ཏུ་འབྱོལ་བ་ལ་དགེ་མཚན་ཆེ་བར་དགོངས་ཏེ་སྔོན་ལའང་ལན་གཅིག་ཐུབ་དབང་རྗེས་དྲན་གྱི་ཆེད་དུ་ཞབས་ཟུང་པདྨའི་དཀྱིལ་འཁོར་གྱིས་ལེགས་པར་བཅགས་པར་མཛད་པའི་གནས་ཆེན་པོ་རྡོ་རྗེ་གདན་དང། ཝ་ར་ན་སི་དང། བྱ་རྒོད་ཕུང་པོའི་རི་སོགས་གང་དུ་ཡོད་པ་དེ་དང་དེའི་ཕྱོགས་སུ་ཞབས་པད་བདེ་བར་བཏེག་པ་དང་ལྷན་དུ། བསྐལ་པ་དང། ཚེ་རབས་དུ་མ་ནས་རྒྱལ་བ་རྒྱལ་སྲས་ཀྱི་ཚུལ་དུ་བྱོན་དང་འབྱོན་བཞིན་པའི་སྙིང་སྟོབས་ཀྱི་གོ་ཆ་ཀུན་ནས་རྩེན་པའི་སེམས་དཔའ་ཆེན་པོ་གང་ཉིད་ཀྱང་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དང་དུས་གཅིག་དང། ལྷན་ཅིག་ཏུ་དམ་པའི་ཆོས་ཀྱི་ཕུགས་སོ་ཐུག་སའི་འཕགས་ཡུལ་དུ་ཞབས་ཟུང་ཆུ་སྐྱེས་ཀྱི་འདབ་མ་མངོན་པར་བཞད་དོ།། དམ་པའི་ལྷ་ཆོས་ལ་ཐུགས་བརྩོན་མཛད་ཅིང་བཙན་འབྱོལ་ལ་མ་ཕེབས་བར་གྱི་སྐབས་ཏེ་གསུམ་པའོ།།
དེ་ནས་རིམ་གྱིས་སྔོན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལོ་དྲུག་དཀའ་བ་སྤྱད་པའི་མཐའ་ཅན་ལ། སྐད་ཅིག་གཉིས་པ་ན་བཅོམ་ལྡན་འདས། དེ་བཞིན་གཤེགས་པ། དགྲ་བཅོམ་པ། ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་མཁྱེན་པ་མངོན་དུ་གྱུར་པའི་གནས་དམ་པ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་བྱོན་ཏེ། སྟོད་འགྲེལ་ལས་སྒྱུར་བྱེད་ཅེས་པའི་དགུན་ཐོག། མ་འདྲིས་པའི་འགྲོ་བ་ཀུན་གྱི་མགོན་སྐྱབས་དང། དཔུང་གཉེན་དང། གཉེན་ཉེ་དང། མཛའ་བཤེས་དང། ལེགས་ཚོགས་སྒོ་བརྒྱའི་འབྱུང་གནས་དམ་པ་དང། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་དང། འཛམ་གླིང་ས་ཆེན་པོ་འདིའི་ནང་དུ་འཚོ་བའི་འགྲོ་བ་ཀུན་གྱི་ཞི་བདེའི་དེད་དཔོན་ཆེན་མོ་དང། ཁྱད་པར་དུ་ཁ་བ་གངས་ཅན་པ་རྣམས་ཀྱི་ལྷ་སྐལ་ལྟ་བའི་མིག་དང། དྲན་པའི་སྙིང་ལྟ་བུ། ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོའི་སྐུའི་ཕྲེང་བ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་ཞབས་པད་མངོན་པར་མཐོ་བའི་ཁྲི་དྲུང་ནས་བསྙེན་པར་རྫོགས་པའི་དངོས་པོ་ཡང་དག་པར་བཞེས་པར་མཛད་དོ།།
དེ་དང་དེའི་དུས་སུ་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་འདི་ལྟར་བརྗོད་པར་བྱེད་དེ། གནས་མཆོག་རྡོ་གདན་བྱང་ཆུབ་ཤིང་ཆེན་དྲུང།། མི་འཇིགས་སེངྒེའི་ཁྲི་འཕང་མཐོན་པོའི་སྟེང།། ཕྱག་ན་པདྨོ་མངོན་པར་བརྗིད་པའི་དབུས།། དགེ་སློང་གྲངས་ཚང་བཤེས་གཉེན་འཁོར་གྱིས་བསྐོར།། གང་ཉིད་སེམས་དཔའ་ཆེན་པོ་ལ་སོགས་པས།། འདུལ་བའི་བཅད་ཁྲིམས་བསླབ་སྡོམ་ལྷག་མེད་གང།། ཚུལ་བཞིན་ནོད་པའི་དུས་ཀྱི་སྐལ་བཟང་འདི།། ཤཱཀྱའི་རྒྱལ་པོ་ཐོག་མར་འབྱོན་དང་མཚུངས།། དུས་ཀྱི་བརྗེད་ངེས་གྱུར་པའི་སྐྱེ་བོ་རྣམས།། གཽ་ཏ་མ་ཡིས་ལྔ་བདེ་བཟང་པོ་ལ།། ཆོས་འཁོར་ཐོག་མར་སྐོར་བར་འདུག་གོ་ཞེས།། བརྗོད་བཞིན་ཝ་ནའི་ཕྱོགས་སུ་བྲེལ་གྱིས་རྒྱུག།། རྣམ་དཀར་དགེ་ཚོགས་མ་ལུས་འབྱུང་བའི་གཞི།། བསླབ་པའི་ཚུལ་ཁྲིམས་གསེར་གྱི་ནོར་འཛིན་གང།། རྒྱལ་སྲས་ཆེན་པོ་གང་གི་ཐུགས་རྒྱུད་དུ།། བདག་གིར་བཞེས་ནུས་ཨེ་མ་ཀུན་གྱིས་རྨད།།
དེ་དང་དེའི་ཚེ་ནས་ཆོས་འདུལ་བའི་བསླབ་སྡོམ་གྱི་སྲུང་བྱ་ཆ་ཕྲ་མོ་ཙམ་ལ་ཡང་གཡག་གིས་གཡག་རྔ་རྩིད་ཀྱི་སྲད་བུ་ཙམ་ལའང་བློས་མི་ཐོངས་པར་ཆགས་པ་ལྟར་རིན་ཆེན་སྲོག་ལས་ཀྱང་ཆེས་གཅེས་པར་འཛིན་པའི་སྔོན་གྱི་དགྲ་བཅོམ་པ་ཉེ་བར་འཁོར་སླར་ཡང་འཇིག་རྟེན་འདིར་ཐེངས་ཤིག་ཞབས་ཟུང་ཁ་ལོ་དངོས་སུ་བསྒྱུར་བ་དང་གཉིས་སུ་མ་མཆིས་པར་གྱུར་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་སྐུའི་ཡོངས་འཛིན་རྣམ་པ་གཉིས་དང། ཁྱད་པར་༸རྒྱལ་དབང་མཆོག་གི་དགོངས་པ་དང། དགོངས་གཞི་དང། བཀའ་དང། ཕྱག་ལས་གང་ཞིག་ཡོད་པ་དེ་དག་ལ་ཡང་དག་པ་དང། ཚུལ་བཞིན་དུ་དང། ཅི་གསུང་བཀའ་བཞིན་བསྒྲུབ་པ་ལ་དགའ་བ་དང། རབ་ཏུ་དགའ་བ་དང། མཆོག་ཏུ་དགའ་བ་དང། གུས་པ་དང། གུས་པ་ཆེན་པོའི་ངང་ནས་མཛད་པའི་ཐུགས་ཀྱི་དམ་བཅའ་ནི་ཕྱི་ལོ་ལྡོག་པའི་ས་འཛིན་ལྷུན་པོ་ལས་ཀྱང་གཡོ་བ་མེད་པའི་གཏམ་རྒྱུད་དུ་འདྲེས་སོ།།
དེའི་ཕྱི་ལོ་ནས་བཀའ་དྲིན་གསུམ་ལྡན་གྱི་རྡོ་རྗེ་འཛིན་པ་ཆེན་པོ་འཕགས་མཆོག་ཕྱག་ན་པདྨོ་མཆོག་གིས་གནས་དམ་པ་བཞུགས་སྒར་དྷ་རམ་ས་ལའི་ཕྱོགས་སུ་འབྱོན་རྒྱུའི་བསྐུལ་མ་མཛད་པ་ཙམ་གྱིས་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་བཞིན་སྤྲོ་བཞིན་གུས་པ་ཆེན་པོས་ཉེ་བར་བཅར་ནས་སྐུའི་ཡོངས་འཛིན་རྣམ་པ་གཉིས་དང། བཤེས་གཉེན་ཆེན་པོ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་སོགས་ཀྱི་དྲུང་ནས་དམ་པ་གང་ཉིད་ཀྱིས་ཐོས་པ་དང། བསམ་པ་དང། སྒོམ་པ་དང། འབྲི་བ་དང། རྩོད་པ་དང། རྩོམ་པ་དང། གསུང་རབ་དཔེ་ཁྲིད་ཞུ་བ་སོགས་ཅི་རིགས་ལ་འགྲུས་བཞིན་སྔར་ཁ་བ་གངས་ཅན་གྱི་ལྗོངས་སུ་ལོ་མང་བརྟུན་པ་ཆེར་བསྐྱེད་པའི་སྐུའི་མཁྱེན་ཡོན་ཆ་ཤས་ཀྱི་ཡར་ཟླ་ཡོངས་སུ་རྫོགས་པར་མཛད་པ་དང། དེ་དང་དུས་མཚུངས་སུ་བཞུགས་སྒར་དང། ཌལ་ཧོར་དང། སིམ་ལ་སོགས་སུ་ཆོས་ལུགས་དང་ཆོས་བརྒྱུད་རིས་སུ་མ་མཆིས་པའི་དགེ་འདུན་གྱི་སྡེ་དང། ཤེས་ཡོན་སློབ་གྲྭའི་ར་བ་དང། གཞན་ཡང་ཐོས་བསམ་ལ་རབ་ཏུ་བརྩོན་པའི་སྐྱེ་བོའི་ཚོགས་ལ་བྱམས་པ་དང། སྙིང་རྗེ་དང། ལྷག་པའི་བསམ་པ་དང། བཅོས་མ་མིན་པའི་བརྩེ་བས་ཀུན་ནས་བསླངས་ཏེ་འདི་ཕྱི་གཉིས་སྨན་གྱི་ཤེས་རིག་གང་དག་སློབ་པ་དང། འཆད་པ་དང། ཁྲིད་པ་དང། འབྲི་བ་དང། ཡི་གེའི་བརྡ་དག་ཡན་ཆོད་ནས་ཡང་དག་པར་གོམས་སུ་བཅུག་པ་དང། ཆོས་ཀྱི་གོ་བརྡ་སོགས་ལེགས་པར་སྤྲད་པར་མཛད་པ་བཅས་ཀྱིས་ཐོས་བསམ་སྒོམ་གསུམ་དང། འཆད་རྩོད་རྩོམ་གསུམ་དང། མཁས་བཙུན་བཟང་གསུམ་མཚན་དོན་གཅིག་ཏུ་མཚུངས་པའི་གཞུང་ལུགས་རབ་འབྱམས་པ་དང། བླ་མ་དང། སྤྲུལ་པའི་སྐུ་སོགས་ཆེ་རྒུའི་དབུས་ནས་གསེར་རིའི་ལྷུན་པོ་ལྟར་གྱེན་དུ་འཕགས་པའི་འབྲས་རྟགས་ལེགས་པར་ཀུན་ལས་མཆོག་ཏུ་གྱུར་ཏེ། སྟོད་འབྲེལ་ལས་ཕུར་བུ་ཞེས་པའི་ལོ་ཁམས་ལ་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་ཀྱི་མཚན་གནས་བཟང་པོའི་ཅོད་པན་གྱིས་དབུ་འཕང་རབ་ཏུ་མཛེས་པར་བགྱིས་ཤིང། དེའི་ཕྱི་ལོར་འགལ་བ་མེད་པའི་ནང་པའི་མདོ་སྔགས་ཀྱི་གཙུག་ལག་ལ་འཆད་པ་དང། རྩོད་པ་དང། རྩོམ་པ་དང། སྒོམ་པ་དང། ཐོས་དོན་རྒྱུད་ལ་སྦྱར་ཞིང་ཉམས་སུ་བསླངས་པ་ལ་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་ས་ལམ་གྱི་རྟོགས་པ་མངོན་དུ་འགྱུར་དགོས་པའི་གནས་ལུགས་ལག་མཐིལ་ན་སྐྱུ་རུ་ར་བཞིན་མཐར་སོན་པར་གཟིགས་པའི་འབྲས་རྟགས་དམ་པ་སྟེ་སྔགས་རམས་ཀྱི་དམ་བཅའི་ཁྲི་འཕང་མཐོན་པོའི་སྟེང་དུའང་མངོན་པར་བརྗིད་དོ།།
ཤེས་དང་ཤེས་བྱའི་གནས་ལུགས་མཐའ་དག་ལ།། ཐོས་དང་ཐོས་པ་ནམ་ཡང་ངོམས་མེད་ཀྱིས།། མཐའ་དང་མཐའ་མེད་ཆོས་ཀྱི་རང་བཞིན་ཀུན།། ཐོས་དང་ཐོས་པས་མཐའ་དག་བདེ་བར་གཟིགས།། ས་ལམ་ཉམས་རྟོགས་མངོན་དུ་འགྱུར་བ་དང།། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་བཟང་གང།། ཞུགས་པར་མདོ་སྔགས་ནམ་ཡང་འགལ་མེད་ཐོག ། གྲོགས་ཀྱིས་བགྲོད་དགོས་གཟིགས་པོ་ཁྱེད་ལས་སུ།། དེ་དང་ལྷན་ཅིག་ཏུ་ཆེས་དགོས་མཁོ་ཆེ་བའི་དེང་དུས་ཀྱི་སྐད་ཡིག་རྣམ་གྲངས་སོགས་དེང་དུས་ཀྱི་ཤེས་རིག་ཆེན་པོ་དག་ལའང་མཁྱེན་པའི་ཐུགས་རིག་རྣམ་དཔྱོད་ཀྱི་རྒྱ་མཚོའི་དཀྱིལ་ནས་ངང་པས་བཅུད་ལྡན་འོ་མའི་ཉིང་ཁུ་ལེན་པར་མཛད་དོ།།
དེ་ནས་བགྲང་བྱ་གཉིས་ཀྱི་རྗེས་སོར་རྒྱ་གར་ན་མཚན་སྙན་གྱིས་ཡོངས་སུ་གྲགས་པའི་འཕགས་བོད་ཀྱི་ཆོས་དང་རིག་གཞུང་ཟུང་འབྲེལ་དང། གནའ་དེང་གི་ཤེས་རིག་མཉམ་འབྲེལ། ཆོས་དང་འཇིག་རྟེན་སོགས་བཟང་པོའི་ཤེས་བྱ་མཐའ་དག་ཕྱོགས་གཅིག་ཏུ་སྦྲེལ་ཏེ་བསླབ་གཞི་སའི་བྱིན་ཆེན་པོ་ཝཱ་རཱ་ཎ་སི་གཙུག་ལག་མཐོ་རིམ་སློབ་གཉེར་ཁང་ཞེས་ཡོངས་སུ་གྲགས་པ་དེའི་ཤེས་འབྱོར་ཀུན་གྱི་སྤྱི་ཁྱབ་གཟིགས་ཞིབ་པ་བགྲང་བྱ་དྲུག་དང། དེའི་རྗེས་ནས་ཤེས་རིག་གི་སློབ་གཉེར་ཁང་ཆེན་མོ་དེ་ཉིད་ཀྱི་སྤྱི་ཁྱབ་གཟིགས་ཞིབ་པ་དེ་མུར་ཐོག། ཤེས་ཡོན་གྱི་འཁོར་ར་ཁོར་ཡུག་དེའི་ནང་དུ་གནས་པའི་རྣམ་དཔྱོད་ཀྱི་འཇུག་པ་ཀུན་ནས་ཡངས་པའི་བློ་གྲོས་ཅན་དེ་དག་ཐམས་ཅད་ཀྱི་གོང་ན་རི་བོ་ཀུན་ལས་གསེར་གྱི་ལྷུན་པོ་ལྟ་བུ་དང། རྒྱུ་སྐར་གྱི་དབུས་ནས་ཉི་མ་ལྟ་བུ་སྟེ། དཔལ་ལྡན་ངེས་སྟོན་པའི་མཚན་གནས་ཟུང་འབྲེལ་མི་ལོ་ཧྲིལ་པོ་བཅུ་གཅིག་གི་བར་དུ་བཞེས་པའི་མཛད་ཁུར་གྱིས་ཡོངས་སུ་ཐེག་པའི་ས་ཆེན་པོ་ལྟར་ངལ་བ་བདག་གིར་བཞེས་སོ།།
དེ་ལས་ཀྱང་རིམ་གྱིས་བོད་ཆེན་པོའི་ཆབ་སྲིད་ཀྱི་གནས་བབ་ལ་འགྲོས་ལྡན་རྟ་མཆོག་གི་རྔ་མའི་སྤུ་རྐང་དང་རྗེས་སུ་མཐུན་པའི་ཉག་ཕྲ་བར་གྱུར་ཏེ། ཤར་ཕྱོགས་རྒྱ་དམར་པོའི་གུང་ཁྲན་ཏང་ཟེར་བའི་སྲིད་ལུགས་ངན་པའི་མགོ་དཔོན་མའོ་དང། ཏིང་དང། ཅང་དང། ཧུ་སོགས་ཀྱི་བར་ནི་སྨྱོན་པ་མྱོས་ཆུས་རབ་ཏུ་བཟི་བ་དང་གཅིག་ཏུ་མཚུངས་པའི་བྱ་སྤྱོད་ངན་ཅན་དེ་དག་གིས་དོན་མེད་སྙོམས་ཆུང་རྩམ་གཟན་གདོང་དམར་བ་བརྒྱ་ཕྲག་དང། སྟོང་ཕྲག་དང། ཁྲི་ཕྲག་མང་པོའི་རྙེད་པར་དཀའ་བའི་མི་ལུས་རིན་པོ་ཆེའི་ཚེ་སྲོག་ཉེས་མེད་ཀྱིས་གཞོམ་པ་སོགས་མནར་གཅོད་སྣ་ཚོགས་པའི་བྱ་བྱེད་མཐུ་མོ་ཆེ་ཡིས་ཉམ་ང་བའི་དུས་ཚིགས་མི་སྡུག་པ་བགྲང་བྱ་བཅུ་ཕྲག་དུ་མར་དུས་མཐའི་སྨག་རུམ་གྱིས་ཐིམ་པར་གྱུར་ཅིང། དེ་དང་དེ་ལྟ་བུའི་གནས་བབ་ཡ་ང་བ་དང། ཉམས་སྐྱོ་བ་དང། ཆེས་ཛ་དྲག་ཅན་གྱི་སྐབས་སུ་སྔོན་དུས་འཕགས་པའི་རྒྱལ་སྲས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་བྱོན་པ་དེ་དག་རྗེས་སུ་ལྷང་ངེར་དྲན་པར་བསྐུལ་བའི་སྐྱེས་མཆོག་དམ་པ་གང་གིས་སྙིང་སྟོབས་ལ་ནམ་ཡང་ཞུམ་པ་མེད་པའི་ཐོག་ནས་དུས་དང་གནས་སྐབས་མཐའ་དག་ལ་གཟིགས་ཏེ་ཆེད་དུ་བསམ་བཞིན་རང་དབང་གི་ངང་ནས་བྱོན་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་ཤ་ཚུགས་སུ་རྣམ་པར་རོལ་པའི་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་བཞེད་གང་ཡོད་པ་དེ་དག་ལེགས་འགྲུབ་ཀྱི་ཆེད་དུ་དབུ་འོག་དཔུང་འདེགས་ཀྱིས་མཛད་ཁུར་བླ་ན་མེད་པ་དུས་ནས་དུས་སུ་ནམ་ཡང་ཕྱིར་ལྡོག་པ་མེད་པར་འཇུག་པ་སྟེ། ད་དུང་ཡང། ལྗོན་པ་འབྲས་བཟང་ལེགས་སྨིན་གྱི་ངང་ཚུལ་ལྟར་གངས་ཕྲུག་གཞོན་སྐྱེས་གང་དག་རྣམ་དཔྱོད་བློའི་ཟེའུ་འབྲུ་རབ་ཏུ་འབྱེད་པའི་ཕྱིར་དུ་དམའ་རིམ་དང་འབྲིང་རིམ་བཅས་ཀྱི་ཤེས་ཡོན་ར་བ་བཙུགས་པ་མང་དག་ལས་སློབ་གླིང་ཆེ་ཆུང་བཅུ་གྲངས་འགའ་ཤས་དང། མཐོ་རིམ་དང་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེ་རྒུ་འགའ་རེ་དང། འཇིག་རྟེན་འདིར་ལྷ་སྡེ་མི་སྡེ་མཐའ་དག་སྐྱོང་བར་བྱེད་པའི་སྔར་འཕགས་ཡུལ་གྱི་རིག་བྱེད་བཞི་ལས་སྲིད་སྲུང་གི་ཆོ་གའང་ངེས་པར་དུ་མཐའ་ལ་མ་ལྷུང་པར་སྐྱོང་དགོས་པར་གཟིགས་ཏེ། བོད་ལྗོངས་རང་དབང་ལྡན་པའི་ལས་འགུལ་ཐོག་མར་མགོ་འཛུགས་པ་ལ་མཉམ་ཞུགས་དང། བོད་ཆེན་པོའི་ཡུལ་མི་རྣམས་ཀྱི་འཇིག་རྟེན་མི་ཆོས་ཀྱི་བླངས་དོར་ལ་མི་རྨོངས་པའི་ཕྱིར་དུ་ཡུལ་གྲུ་དང་རྒྱལ་ཁམས་ཆེན་པོ་དག་གི་ལུགས་དང་གཅིག་ཏུ་མཐུན་པའི་རྩ་ཁྲིམས་ཟིན་བྲིས་ཀྱི་འཐུས་ཚོགས་དང། འགྲོ་བའི་མགོན་སྐྱབས་གཅིག་པུ་༸རྒྱལ་བ་མཆོག་གིས་སྐབས་བཅུ་གཅིག་པའི་བོད་ཀྱི་ཁྲིམས་བཟོ་ལྷན་ཚོགས་སུ་བོད་སྤྱིའི་འཐུས་མི་ཡེ་ཤེས་དབྱིངས་གཟིགས་ཀྱིས་ཐད་བསྐོས་སུ་མཛད་སྐབས་དེའི་ཚོགས་མི་རྣམས་ཀྱི་དབུ་ཁྲིད། དེ་དང་དེའི་རྗེས་སུ་སྐབས་བཅུ་གཉིས་པར་རིགས་ཞེན་ལྷག་བསམ་གྱིས་ཡོངས་སུ་ཕྱུག་པའི་ཁམས་རིགས་མི་མང་སྤྱི་མོས་ཀྱིས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་དང་ཚོགས་གཙོ་བཅས་པ་བགྲང་བྱ་བཅུ་ཕྲག་བཞིའི་གོང་དུ་ཐེམ་པ་བརྒལ་བར་མཛད་དོ།།
དེ་དག་ལས་ཀྱང་ཆེས་གཟི་བརྗིད་དང། དོན་སྙིང་དང། ལས་རླབས་པོ་ཆེ་བ་ནི་ཁ་བ་གངས་ལྗོངས་ཀྱི་མགོན་སྐྱབས་གཅིག་པུ་༸རྒྱལ་དབང་མཆོག་གིས་འཛམ་གླིང་སྤྱི་ཡོངས་སུ་འཇིག་རྟེན་སྐྱོང་ཚུལ་གྱི་སྲིད་སྲུང་གི་རྣམ་རིག་ཐབས་ལམ་མང་དག་ལས་ལེགས་པའམ་མཆོག་གི་རྩེར་སོན་ལྟ་བུར་གཟིགས་པའི་མང་གཙོའི་རིང་ལུགས་ཞེས་པའི་སྐོར་གང་དང་གང་ནི་མགོ་ནག་བོད་མི་ཡོངས་ལ་རང་རང་སོ་སོའི་ཁེ་དབང་ལ་ལོངས་སུ་སྤྱོད་ཐུབ་པའི་ཕུགས་སོ་དང་རྒྱང་ཐག་མཐོང་ཐུབ་པའི་ཕུང་གསུམ་པའི་འདྲེན་བྱེད་གསར་པ་ཞིག་གནང་སྦྱིན་མཛད་པ་ནས་བཟུང། རིམ་ནས་རིམ་བཞིན་འཕགས་ཡུལ་ན་ལྷགས་པའི་མིའུ་གདུང་དྲུག་གི་ཡང་ཚ་ཇི་སྙེད་ཅིག་ཡོད་པ་དེ་དག་རེ་རེ་ནས་རང་རང་སྒེར་ལ་ཁེ་དབང་གང་ཡོད་པ་ལྟར་འདེམ་ཤོག་བརྒྱུད་ནས་བསིལ་ལྡན་ཁ་བ་ཅན་པའི་ཆོས་སྲིད་ལྷན་སྐྱོང་གི་དབུ་གཙོ་ནི་སྙིང་སྟོབས་བློ་གྲོས་ནམ་ཡང་ཞུམ་མེད་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉིད་ལ་བསྟུད་མར་རིམ་པ་གཉིས་སུ་རྩེར་ཐོན་བྱུང་བ་ལྟར་ཆོས་སྲིད་ཀྱི་ཕྱག་བཞེས་དེ་ཉིད་གཙོས་པའི་སྔར་ནས་རྒྱུན་མ་ཆད་པར་གནང་བཞིན་པའི་ཕྱག་ལས་མཐའ་དག་སྔོན་སྐལ་བཟང་གི་དུས་སུ་དམ་པའི་ལྷ་ཆོས་ཀྱི་ལུང་གིས་ཡོངས་སུ་ཟིན་པའི་ས་སྐྱོང་ཆེན་པོ་དག་དང་གཉིས་སུ་མ་མཆིས་པར་བགྲང་བར་བྱ་བ་ལྔ་ཟུང་ལས་བརྒལ་བའི་བར་དུ་བསྐྱངས་པར་མཛོད་དོ།།
བསིལ་ལྗོངས་ཁ་བའི་གཞོན་ནུ་གྲངས་མེད་ཀྱི།། རྣམ་དཔྱོད་ཆུ་སྐྱེས་གསར་པ་བཞད་པའི་ཆེད།། ཤེས་བྱའི་ར་བ་ལྷ་ལམ་ཡངས་པོའི་ངོས།། རྒྱལ་སྲས་བཤེས་གཉེན་འོད་སྟོང་ལྷམ་མེར་འབར།། ཡངས་པའི་ས་ཆེན་ནམ་མཁའི་སྐར་ཚོགས་ལྟར།། ང་རྒོད་ཆེར་བཙན་རྐང་གཉིས་གྲངས་མེད་ལས།། ཁྱད་འཕགས་ས་གཞི་སྐྱོང་བ་ཁྱེད་ཉིད་ནི།། རྒྱུ་སྐར་དབུས་ནས་ཉིན་མོའི་མགོན་བཞིན་གྱུར།། དཀར་ཕྱོགས་སྡང་བའི་མི་དང་མི་མིན་ཚོགས།། མཆེ་སྡེར་ཞེ་སྡང་རླུང་ནག་རབ་འཚུབ་ཀྱང།། གང་གི་ཐབས་མཁས་ཐུགས་བརྩེ་ཀུན་སྙོམས་ཀྱི།། སྙིང་སྟོབས་གོ་ཆ་བགོས་ཏེ་བདེ་བས་བཅོམ།། དེ་ལྟ་བུ་སྔར་སྨོས་པ་ལྟར། དུས་རིམ་དེ་དང་ལྷན་ཅིག་ཏུ་བོད་དང། རྒྱ་གར་བ་དང། གཞན་ཡང་ཕྱི་རྒྱལ་གཞན་པའི་མི་རིགས་དག་གི་ཆེད་དུ་བཙུགས་པའི་རླབས་ཆེ་བའི་དམ་པའི་ལྷ་ཆོས་དང་འཇིག་རྟེན་སྲིད་སྲུང་གི་ཚོགས་པ་དང། སྡེ་པ་ཆེ་ཆུང་བཅུ་ཕྲག་གསུམ་ལ་བརྒལ་བ་དག་གི་ངོ་ཆེན་རྣམས་ཀྱིས་གུས་པ་དང། ཞུ་བ་ལན་གྲངས་དུ་མ་རྒྱུད་དེ་ཆེད་དུ་གདན་དྲངས་ནས་ཚོགས་པ་དེ་དག་གི་འཐུས་ཁོངས་ཀྱི་ཚོགས་མི་དང། དབུ་ཁྲིད་དང། བཀའི་སློབ་སྟོན་བཅས་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་བྱམས་དང་བརྩེ་བའི་ཐུགས་དགོངས་གང་ཡོད་པ་དེ་དག་ཕྱག་གིས་མཛུབ་སྟོན་མཛད་པོ་སོགས་ཀྱི་མཚན་གནས་དང། ཆེ་མཐོང་སྣ་ཚོགས་ཕུལ་པ་བཅས་ནི་མདོར་ན་ཆོས་སྲིད་ཀུན་ཕན་གྱི་ཕྱག་ལས་རྣམ་གྲངས་དང། ལོ་ཡུན་གྱི་བགྲང་བྱ་གཉིས་པོ་བཅུ་ཕྲག་གི་ཆུན་པོ་ལག་པའི་སོར་མོ་ཡལ་འདབ་ལྔ་པོ་དང་གྲངས་འགྲན་མཉམ་པའི་ཐུགས་ཁུར་བཞེས་པའི་རླབས་ཆེ་བའི་མཛད་རྣམ་དག་ནི་ཆུ་བོ་ཆེན་པོ་གངྒཱ་ལས་ཀྱང་རྒྱུན་རིང་བས་བདག་ལྟ་བུས་ཕྱོགས་རེ་རགས་པ་ཙམ་ལས་ཞིབ་ཅིང་ཕྲ་བ་ནི་བརྗོད་པར་ག་ལ་ནུས་ཏེ་མི་ནུས་སོ།།
འོན་ཀྱང། ཁོ་བོས་ནི་གང་ཤེས་ཅི་ནུས་སུ་བདག་ཉིད་ཆེན་པོའི་མཛད་རྣམ་ཆ་ཤས་ཙམ་དུ་བརྗོད་པ་འདི་ནི་ད་ཐེངས་གོ་སྐབས་བཟང་པོའི་འཕྲལ་རྐྱེན་ལ་བརྟེན་ནས། གོང་ས་༸རྒྱལ་བའི་དབང་པོ་མཆོག་གིས་གཙོས། སྔར་༸སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་སོགས་ཚད་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མས་ཐུགས་བརྩེ་ཆེན་པོས་དུས་ལན་གཅིག་ཙམ་དུ་མ་ཡིན་པར་རྟག་ཏུ་མཆོད་བསྟོད་བཀུར་གསུམ་ལན་གྲངས་དུ་མར་མཛད་པའི་ཡུལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཉིད་ཀྱི་ཡོན་ཏན་ཆ་ཕྲ་མོ་ཙམ་ཞིག་གང་ཤེས་ཀྱིས་བརྗོད་པར་བྱེད་པའི་སྐལ་བཟང་གི་གོ་སྐབས་འདི་བཞིན་རྙེད་པ་ནི་རང་ཉིད་དགེ་བའི་རྩ་བ་ལ་གོམས་ཤིང་འདྲིས་པ་དང། ས་ཆོད་ཆེ་བའི་ཚོགས་རླབས་པོ་ཆེ་རྫོགས་པ་ཁོ་ནའི་ཆེད་དུ་བགྱིད་པར་བརྩམས་སོ་ཞེས་ཞོར་འཕྲོས་དང་བཅས་སོ།། གཞན་ཡང་ཁྱད་པར་དུ་འདི་ལོ་ནས་བཟུང་སྟེ། གནའ་རབས་རྒྱུད་པ་བའི་ཞལ་རྒྱུན་དུ་གནས་པའི་རྫ་ལག་བརྒྱུད་ཀྱི་དཔེ་ལ་གཞལ་ས། ཤེས་རབ་སྟོང་པ་ཉིད་དང་ཐབས་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་སྒོ་ནས་ཡིད་མཚན་རྟོག་ལས་སྐྱོབ་པར་བྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བསྟི་གནས་གསང་ཆེན་གྱི་སྡེ་ཆེན་པོ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་འདུས་པ་རྣམས་གཙོ་བོར་གྱུར་པའི་གྲྭ་ས་རྒྱ་མཚོ་ཆེན་པོ་སེ་འབྲས་དགེ་གསུམ་སོགས་ཀྱི་དགེ་བཤེས་དང། བླ་སྤྲུལ་དང། ཆོས་ཀྱི་མཁན་པོ་དང་སློབ་དཔོན་སོགས་ས་དང་ལམ་གྱི་རྟོགས་པ་འཇའ་སྐས་རིམ་པར་མངའ་བརྙེས་པའི་འཕགས་པའི་དགེ་འདུན་བརྒྱ་ཕྲག་དུ་མའི་དབུས་སུ་ཕྱོགས་བཞིར་མི་འཇིགས་གདོང་ལྔས་གཏེགས་པའི་ཁྲི་ཆེན་པོའི་སྟེང་ན་ཞབས་ཟུང་འཁོར་ལོས་ནོན་པར་མཛད་དེ། ཕྱག་གཡས་ཆོས་འཆད་གཡོན་པས་གླེགས་བམ་འཛིན།། ཐོགས་མེད་གསུང་དབྱངས་དམ་ཆོས་གླུ་རུ་ལེན།། གཞལ་མེད་ཐུགས་ཀྱི་བྱམས་བརྩེས་འགྲོ་ཀུན་སྐྱོང།། འགྲོ་བའི་བཤེས་གཉེན་ཁྱེད་ལ་གུས་ཕྱག་འཚལ།། ཞེས་རིས་སུ་མ་མཆིས་པའི་སྐྱེ་བོ་རྣམ་དཔྱོད་དང། བློ་གྲོས་དང། ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་དང་ལྡན་པ་མཐའ་དག་གིས་མགྲིན་གཅིག་ཏུ་དེ་ལྟར་མཆོད་པ་དང། བསྟོད་པ་དང། བསྔགས་པ་དང། བཀུར་སྟི་དང། བསྟི་སྟངས་སོགས་དུས་ནས་དུས་སུ་བྱ་བའི་ཡུལ་དམ་པ་ཞིག་ཏུ་གྱུར་ཏོ།། ཡུལ་འབྱོལ་དུ་ཕེབས་པའི་རྗེས་སུ་ཆོས་མཐུན་གྱི་ཕྱག་ལེན་རླབས་པོ་ཆེ་གང་མཛད་པའི་དོན་སྙིང་ཁག་མདོར་བསྡུས་སུ་བརྗོད་པའི་སྐབས་ཏེ་བཞི་པའོ།།
དེ་ཡང། འདི་ལྟར་དྲན་ཏེ། འདི་ནས་ལོ་རབས་ལྔ་ཙམ་འདས་པའི་སྔོན་རོལ་ན་དུས་བཟང་པོ་མཆོག་ཏུ་དགེ་བ་ཞིག་ལ། སྐྱབས་མཆོག་སེམས་དཔའ་ཆེན་པོ་གང་ཉིད་ནི་ཤེས་རིག་རྣམ་དཔྱོད་ཀྱི་འོད་སྟོང་རྒྱུན་མ་ཆད་པར་འཕྲོ་བའི་འབྱུང་གནས་དམ་པ། བདག་ཅག་གི་བློ་གྲོས་རྟུལ་པོའི་རྣམ་དཔྱོད་ཀྱི་ཟུངས་ཁྲག་རྒྱས་པའི་གནས་སམ། དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་རྒྱ་མཚོ་མཆོག་གི་ཐུགས་བརྩེ་དང་སྙིང་སྟོབས་ཀྱི་རྩོལ་བ་ལས་འཁྲུངས་པའི་མ་ཡུམ་ས་རཱ་མཐོ་སློབ་ཏུ་ཞབས་ཀྱིས་ལན་མང་བཅགས་པའི་ཐེངས་ཤིག་ལ། ཨེ་མ་བློ་གྲོས་དང་ལྡན་པ་དག།ཁོ་བོ་ནི་རྒྱལ་ཁམས་དང། ཡུལ་གྲུ་དང། མིང་གནས་དང། གཏམ་སྙན་གྲགས་དང། སྤྱི་ཚོགས་དང། རང་གི་མི་རིགས་དང། དགྲ་གཉེན་འཁོན་རྩོད་ཀྱི་ལས་སོགས་གང་ཞིག་ཡོད་པའི་དབང་གིས་རིན་ཐང་ཆེ་བའི་མི་ཚེའི་མདུན་ལམ་འདི་བཞིན་རྒྱུན་བསྲིངས་པ་ནི་མ་མཆིས་སོ།། གལ་ཏེ་ཤེས་བྱའི་ར་བ་འདི་རུ་འཁོད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་དགེ་སློབ་རྣམས་གཙོས་པའི་སྐྱེ་བོ་སུ་ཞིག་གི་ཡིད་དུ་དེ་དང་དེ་བཞིན་དུའོ་སྙམ་པར་སེམས་ཏེ་ཁོ་བོ་ལ་གདེང་འཇོག་ཆེན་པོ་ཡིན་ཁུལ་གྱིས་གདེང་སྟེར་བ་ནི་གདེང་དུ་འཇོག་པ་ཧ་ཅང་ཆེ་དྲགས་པའམ། གདེང་འཇོག་གི་ཁ་ཕྱོགས་གཞན་དུ་དཀྱུས་སོང་བར་བསམས་སོ།། ཅིའི་ཕྱིར་ཞེ་ན། ཁོ་བོ་ལ་ནི་དེ་དང་དེ་བཞིན་གང་ལའང་ཞེན་ཆགས་ཀྱིས་བསྐྱང་རྒྱུ་ནི་ཅི་ཡང་མ་མཆིས་སོ།།
འོ་ན། ཅིའི་ཕྱིར་དུ་ཁྱོད་ཀྱིས་དེ་དང་དེ་བཞིན་བགྱིས་པ་ལགས་ཅེས་འདྲི་ན། གུས་པ་ནི་སྔར་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་སྟེ། ༸རྒྱལ་བ་དམ་པ་གང་ཉིད་ཀྱི་སྐུའི་ཡོངས་འཛིན་༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་མཆོག་གི་བཀའ་ཇི་བཞིན་དུ་འགྲུབ་པའི་ཕྱིར་དུ་མིང་གནས་སོགས་མདོར་ན་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ལའང་མ་ལྟོས་པར་༸རྒྱལ་བའི་བཀའ་དགོངས་ཇི་ལྟར་ཡོད་པ་དེ་ལྟར་མི་ཚེའི་བྱ་གཞག་དེ་བཞིན་དུ་བསྒྲུབས་དང་སྒྲུབ་པར་བགྱིད་མུས་སོ།། དེ་ཡང། ༸སྐྱབས་རྗེ་དམ་པས་བདག་ལྟ་བུ་ལ་ནི། ༸རྒྱལ་བ་དགྱེས་པའི་ཞབས་འདེགས་མི་དམན་ཙམ་ཞིག་ནི་ཁོ་བོས་བགྱིད་དུ་ཆུད་དོ་སྙམ་པར་དགོངས་ནས་༸རྒྱལ་བའི་བཀའ་དགོངས་ཟབ་མོ་ཇི་བཞིན་དུ་ལེགས་བསྒྲུབ་དགོས་པའི་བདག་ཅག་ལ་བཀའ་ནན་ཡང་ནས་ཡང་དུ་གསུངས་པས་སོ།། གལ་ཏེ་སུ་ཞིག་གིས་དེ་ལྟ་བུ་ཞིག་མི་ནུས་ན་ནི་བླ་མས་དེ་བཞིན་ནམ་ཡང་གསུངས་པར་མི་མཛད་དེ། བླ་མ་གང་དང་གང་གིས་རང་ཉིད་ཀྱི་སློབ་མ་འདི་དང་འདི་ཡིས་ཕྱི་རབས་སུ་ཆོས་མཐུན་གྱི་རྒྱུན་འདི་དང་འདི་ལྟ་བུ་བསྐྱང་ཐུབ་པར་འདུག་གོ་ཞེས་ཐུགས་སུ་དགོངས་ཏེ་གསུངས་པ་ཤ་སྟག་ལས་མ་མཆིས་ཏེ། མི་ནུས་པ་ཞིག་ནི་བླ་མས་སློབ་མ་ལ་ནམ་ཡང་མངག་པར་མི་མཛད་པ་ནི་བླ་མ་ལྔ་བཅུ་པ་ལས་གསུངས་པའི་ཕྱིར་ཞེས་ལུང་གི་མཐིལ་གནོན་པར་མཛད་པ་ལྷམ་མེར་དྲན་ནོ།། ཁྱད་པར་བའི་ལེའུ་ཞིག་ཟུར་དུ་བརྗོད་པའི་སྐབས་ཏེ་ལྔ་པའོ།།
མཇུག་ཏུ་སྨྲས་པ།
མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་སྟེང།།
རིགས་གསུམ་གཅིག་འདུས་ཁྱབ་བདག་འཁོར་ལོའི་ཟུང།།
ལྷམ་མེར་བརྗིད་པའི་ཕྱག་ན་པདྨོ་ཡི།།
སྲས་ཀྱི་ཐུ་བོ་སེམས་དཔའ་ཆེན་པོ་སྟེ།།
གང་གི་མཛད་བཟང་ཕ་མཐར་མི་མངོན་རལ་པའི་ཀླུང་ཡང་ཐུང་དུ་བཏང།།
གཡུར་དུ་ཟ་བའི་དགེ་ཚོགས་འབུམ་གྱིས་རྒྱ་མཚོའི་གོས་ཀྱང་ཁུར་དུ་ལྕི།།
མཚན་སྙན་གཟི་བྱིན་རབ་ཏུ་འབར་བས་སྲིད་རྩེའི་ཏོག་ཀྱང་དམའ་བར་བྱས།།
བྱམས་དང་སྙིང་རྗེ་གཞན་ཕན་ཁོ་ནས་རྒྱ་བྱིན་བློ་ཡང་ཆེས་ཆེར་ཞུམ།།
ཨེ་མ་ཁྱེད་ཀྱི་མཛད་བཟང་གང།།
དྲན་ཚེ་འཇིག་རྟེན་གོ་ལ་འདིར།།
ཆ་ཤས་ཙམ་ཡང་ཆུད་དམ་ཞེས།།
ཁོ་བོའི་བློ་ལ་འཕྱང་མོ་ཉུག །
ཅེས་བོད་ཀྱི་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རླབས་ཆེ་བའི་སྐུ་ཚེའི་མཛད་འཕྲིན་གང་ཤེས་གནད་བསྡུས་དང་འབྲེལ་བའི་རྟོགས་པར་བརྗོད་པ་དགའ་དད་སྤྲོ་གསུམ་འདུས་པའི་ཟ་མ་ཏོག་ཅེས་པ་འདི་བཞིན་འབྲི་བའི་འདུན་པ་ཆེན་པོས་དབུལ་པོས་རིན་པོ་ཆེའི་གཏེར་རྙེད་པ་ལྟ་བུའི་ད་ཐེངས་གོ་སྐབས་བཟང་པོ་འདི་ཉིད་དམ་འཛིན་བགྱིས་ཏེ་ཟླ་ངོ་མ་ཟིན་ཙམ་གྱི་རེས་གཟའ་ཉི་མའི་གུང་སེང་གང་ཡིན་ལ་སྟབས་བསྟུན་ཏེ་ཉིན་མཚན་མགོ་སྦྲེལ་མགྱོགས་བྲིས་སུ་བགྱིས་པ་འདི་ཡང་ཡུལ་གངས་རིའི་ཞོལ་གྱི་སྙན་ངག་སྨྲ་བ་བྲག་གཡབ་རྡོ་རྣམ་བུ་ངག་དབང་བྱམས་པས་༸རྒྱལ་བའི་བཞུགས་སྒར་དྷ་སའི་ངོགས་སུ་ཡོད་པའི་ར་སྟོད་ཆུ་དབར་བླ་བྲང་དུ་བོད་རྒྱལ་ལོ་ ༢༡༤༡ ཟླ་བརྒྱད་པའི་ཚེས་བཞི་དང། ཕྱི་ ༢༠༡༤ ཟླ་ ༩ ཚེས་ ༢༨ རེས་གཟའ་ཉི་མ་ཉིན་ལེགས་པར་གྲུབ་པར་བགྱིས་པ་འདིས་ཀྱང་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག།། །།