ད་ལྟ་ནས་དཔལ་འབྱོར་གྱི་ལྟ་བ་དང་སྲིད་བྱུས་དགོས་གལ།

ད་ལྟ་ནས་དཔལ་འབྱོར་གྱི་ལྟ་བ་དང་སྲིད་བྱུས་དགོས་གལ་དང༌། མ་འོངས་བོད་ཀྱི་དཔལ་འབྱོར་སྲིད་བྱུས་སྐོར།
ད་རིང་སྔ་དྲོ་བཀའ་མོལ་གནང་བ་ལ་ཚོགས་གཙོས་ཟུར་བརྗོད་བྱེད་དགོས་པ་ཁ་ཤས་མཐོང་བྱུང༌། ཐུགས་སྣང་གཞེན་སྐུལ་དགོས་པ་མང་ཆེ་བ་བཀའ་མོལ་གནང་བའི་སྐབས་གསལ་པོ་ཆགས་སོང་བསམ་གྱི་འདུག ད་ལྟ་ང་རང་ཚོ་བཙན་བྱོལ་བ་ཡིན་པའི་ཆ་ནས་དཔལ་འབྱོར་གྱི་སྲིད་བྱུས་འདི་བསྐྱངས་མི་ཐུབ་པ་བདེན་པ་རེད། ཡིན་ནའང་དཔལ་འབྱོར་གྱི་ལྟ་བ་མེད་པར་བསྡད་ན་འགྲིགས་ཀྱི་མ་རེད། དཔལ་འབྱོར་གྱི་ལྟ་བ་དེ་དང་འཚམས་པའི་སྲིད་བྱུས་ཤིག་མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ལག་བསྟར་ཐུབ་པ་ཞིག་ངེས་པར་དགོས་ཀྱི་རེད། དེ་མིན་རང་དབང་བྱུང་མཚམས་གཞི་ནས་བསམ་བློ་གཏང་དགོས་བྱུང་ན་ཕྱིས་དྲགས་ཀྱི་རེད་སྙམ་གྱི་འདུག ང་ཚོས་རྒྱུན་དུ་ྋགོང་ས་མཆོག་གིས་ལམ་སྟོན་གནང་བ་ལས་ལྷག་པ་མེད་ཅེས་ཤུགས་བསྐྱོན་ནས་གསུངས་ཀྱི་ཡོད་པ་རེད། དངོས་འབྲེལ་གསུང་དགོས་ཀྱིའང་རེད་ལ། ཞེ་དྲགས་ཡག་པོ་རེད། ཡིན་ནའང་གསུངས་པ་ནང་བཞིན་ཕྱག་ལེན་དུ་བསྟར་དགོས་པ་ལས་དེ་མིན་བཀའ་མོལ་གནང་དུས་ཕུབ་ལྟར་སྐབས་གང་དགོས་སུ་ྋགོང་ས་མཆོག་གི་བཀའ་དགོངས་ཞེས་བེད་སྤྱོད་བཏང་ནས་ལག་ལེན་དུ་མ་བསྟར་བ་ཡིན་ན་ང་རང་ཚོའི་ཐོག་ཏུ་རང་ཚིག་དངོས་ཤུགས་འགལ་བ་དང་ཁས་བླངས་སྔ་ཕྱི་འགལ་བའི་ཉེས་པ་ཡོང་གི་རེད། ང་ཚོའི་དཔལ་འབྱོར་གྱི་ལྟ་བ་ཡང་ྋགོང་ས་མཆོག་གི་བཀའ་སློབ་སྔ་ཕྱིའི་དགོངས་དོན་ལྟར་མཐའ་གཉིས་སུ་མ་ལྷུང་བ་ཞིག་དགོས། དེ་ཡང་འདོད་པ་བསོད་ཉམས་ཀྱི་མཐའ་དང་ངལ་ཞིང་དུབ་པའི་མཐའ་གཉིས་དང་བྲལ་བ་ཞིག་དགོས། དཔལ་འབྱོར་རང་ཉིད་ཀྱི་ངོ་བོ་ལ་ བྱབྱརིན་ཐང་བྱབྱ གང་ཡང་མེད་པ་དེ་ནང་པའི་ལྟ་ཚུལ་རེད། དེ་ལས་བྱབྱརིན་ཐང་བྱབྱ བླང་དང་མ་བླང་ལོངས་སྤྱོད་པའི་སྐབས་གང་ཟག་ལ་རག་ལས་ཡོད། མཐའ་གཉིས་དང་བྲལ་བའི་དཔལ་འབྱོར་གྱི་གནས་སྟངས་ཡོང་ཐབས་ཀྱི་ཐབས་ལམ་ནི། ཡང་དག་པའི་འཚོ་བ་དང༌། ཡང་དག་པའི་ལས་ཀྱི་མཐའ་སྟེ་ལྟ་བ་དེ་གཞི་ལ་བཞག་པའི་ཐོག་ནས་མི་ཚེ་བསྐྱལ་དགོས་པ་ཡིན། མ་འོངས་བོད་ཀྱི་དཔལ་འབྱོར་གྱི་སྲིད་བྱུས་དེ་ཡང་ྋགོང་ས་ཆེན་པོའི་བཀའ་སློབ་སྔ་རྗེས་དང༌། ལྷག་པར་ཞི་བའི་དོན་ཚན་ལྔའི་ནང་ནས་དང་པོ་བཞི་དུས་རྟག་ཏུ་གནས་དགོས་པ་ཞིག་ཡིན་དུས་དེ་དག་དང་མ་འགལ་བ་ཞིག་དགོས། ཞི་བའི་དོན་ཚན་བཞི་ཐུགས་ལ་བཞག་ནས་ཚང་མས་སློབ་སྦྱོང་གནང་དགོས། ངའི་བསམ་བློའི་ནང་མ་འོངས་པར་བོད་རང་དབང་བྱུང་མཚམས་རྒྱ་མིས་བོད་ནང་གི་དཔལ་འབྱོར་འདུ་འགོད་བྱེད་སྟངས་རྣམས་ཟླ་བ་དྲུག་ཙམ་རིང་བསྐྱར་ཞིབ་བྱས་ཏེ་ང་ཚོས་ལེན་འོས་པ་ག་ཚོད་འདུག ལེན་མི་འོས་ཇི་ཙམ་ཡོད་དབྱེ་འབྱེད་ཡག་པོ་མ་བྱས་ན་དཔལ་འབྱོར་དང་བསམ་སྤྱོད་ཀྱི་རང་དབང་གཙང་མ་ཞིག་མ་བྱུང་བར་དཔལ་འབྱོར་གྱི་འཛུགས་བསྐྲུན་རྒྱ་མིས་གང་བྱས་པ་དེ་ང་ཚོས་མཇུག་སྐྱོང་རྒྱུའི་ཐབས་ཤེས་བྱེད་ན་ཕན་ཐོགས་མེད་ལ། སྲིད་དོན་རྐྱང་པའི་རང་དབང་གིས་ཕན་པ་གང་ཡང་མེད། ཞིབ་ཚགས་པོ་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་འདུག ང་ཚོའི་གཞི་རིམ་གྱི་གནས་སྟངས་ལ་བསམ་བློ་ཡག་པོ་མ་བཏང་ན་ལས་དོན་རྒྱ་བསྐྱེད་ཕྱིན་པའི་མཐའ་མ་ལོག་ས་མེད་པ་ཆགས་དུས་བཟང་སྤྱོད་ཀྱི་ལྟ་བ་རྣམས་ལོགས་སུ་བཞག་ནས་འགྲོ་རྒྱུ་ཙམ་ལས་མེད་པ་ཞིག་ཡོང་སྲིད། དེས་ན་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནང་བཞིན་ལམ་སྟོན་གནང་མཁན་ཞིག་མ་འོངས་པར་འབྱོན་རྒྱུ་དཀའ་ལས་ཁག་པོ་ཡིན་དུས། ལན་གཅིག་རྙེད་པའི་སྐབས་དེར་ཚང་མས་མི་རིགས་ཀྱི་མདུན་ལམ་བརྟན་པོ་ཞིག་བཟོ་དགོས། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་གཉིས་པ། ༡༩༩༢/༠༡/༡༤ ་་་ ༡༩༩༢/༠༢/༠༣