ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མདུན་ཐང་དུ་དྷ་ས་ས་གནས་མི་མང་ལ་བོད་རྒྱ་འབྲེལ་མོལ་སྐོར་གནང་བའི་གསུང་བཤད།

༢༠༠༨ ཕྱི་ཟླ་ ༧ ཚེས་ ༡༤ ཉིན། དེ་རིང་འདིར་ཕེབས་པའི་ྋསྐྱབས་རྗེ་རྒྱུད་སྟོད་མཁན་རིན་པོ་ཆེས་དབུས་པའི་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང༌། དྷ་རམ་ས་ལའི་ས་གནས་འགོ་འཛིན་གྱིས་མཚོན་པའི་ས་གནས་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམ་པ། འདིར་འཛོམས་པའི་མི་མང་ཚང་མར། ས་གནས་འགོ་འཛིན་གྱིས་ཉེ་ཆར་ཟླ་བ་འདིའི་ཚེས་བཅུའི་ཉིན་མོར་འདུ་འཛོམས་དང་ཁྲོམ་སྐོར་ཞིག་ཡོད་པར་བཀའ་བློན་ཁྲི་པ་གཏམ་བཤད་ཆེད་ཡོང་རོགས་ཞེས་མགྲོན་འབོད་གནང་ཡང༌། ལས་དོན་གཞན་ཞིག་ཆེད་སྔོན་ནས་དུས་ཚོད་བཟོས་ཟིན་པས་བཅར་ཐུབ་མ་སོང༌། སླར་ཡང་ད་རེས་གཟའ་ཟླ་བའི་ཉིན་བདུན་ཚིགས་ཀྱི་རིམ་པར་སྨོན་ལམ་དང་ཁྲོམ་སྐོར་འདིར་ཡོང་ཐུབ་ན་ཡག་པོ་འདུག་ཅེས་གསུངས་ཙང་བཅར་བ་ཡིན།
ཚང་མས་མཁྱེན་གསལ་བཞིན་བོད་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཕྱི་ལོ་ ༡༩༥༦།༥༧ ཙམ་ནས་འགོ་ཚུགས་པའི་གཡོན་ཐལ་ཆེ་བའི་སྲིད་བྱུས་དེའི་དབང་གིས་བོད་རིགས་ཡོངས་རྫོགས་ལ་བསམ་བརྗོད་ལས་འདས་པའི་དཀའ་སྡུག་ཆེན་པོ་མྱངས་དགོས་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང༌། བསྟན་པ་ཆབ་སྲིད། ཡུལ་གོམས་གཤིས་ལུགས་ལེགས་བྱང་དང་བཅས་པ་ཚང་མ་སྡེབ་གསོད་དང་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁའི་ནང་ལྷུང་ནས་ད་ཆ་ལོ་ལྔ་བཅུ་བརྒལ་འགྲོ་གི་ཡོད། དེའི་རིང་བོད་ནང་ཡོད་པའི་མི་རབས་གསུམ་གྱིས་མགོ་མ་བསྒུར་བ་དང༌། རེ་བ་མ་ཟད་པ། བདེན་པའི་འཐབ་རྩོད་བློས་མ་བཏང་བར་མུ་མཐུད་བཙན་རྒོལ་གནང་བ་རེད། ལྷག་པར་དུ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ནས་བཟུང་ད་བར་བོད་ས་ཡོངས་རྫོགས་ལ་རྒྱ་ཁྱབ་ཀྱིས་བོད་མི་སྤྱི་དང༌། ལྷག་པར་དུ་བོད་རང་དབང་ཡོད་པའི་གནས་སྐབས་མཐོང་ཐོས་ཉམས་མྱོང་མེད་པའི་ལོ་སུམ་ཅུ་བཞི་བཅུ་མན་ཆད་ཀྱི་བོད་མི་ན་གཞོན་གྱིས་གཙོ་བོར་བྱས་ནས་རྒྱ་ནག་གི་སྲིད་བྱུས་ལ་ཡི་མ་རངས་པའི་མཁྲེགས་འཛིན་དང་ངོ་རྒོལ་ཤུགས་ཆེ་བྱས་པའི་ཉེར་ལེན་ལ་བརྟེན་ནས་སྔར་མ་གྲགས་པའི་དྲག་གནོན་གྱི་དབང་གིས་བོད་མི་ཧ་ཅང་མང་པོ་སྲོག་ཤོར་བ་དང༌། དེ་ལས་མང་བ་ཞིག་ལ་རྨས་སྐྱོན་དང༌། ཉེས་རྡུང་བཙོན་འཇུག དྲང་བདེན་མིན་པའི་ཁྲིམས་གཅོད་བྱས་པ་ཇི་སྙེད་ཅིག་ཡོང་དང་ཡོང་མུས་རེད། ད་ལྟའི་གནས་སྐབས་ལའང་ཞི་རྒོལ་མཚམས་མ་ཆད་པ་ནི་ཁྱེད་རང་ཚོས་ཉིན་ལྟར་གསན་དང་གསན་བཞིན་པ་རེད། བོད་ནང་ཞི་རྒོལ་གནང་མཁན་ཚོས་ཞི་རྒོལ་བྱས་པའི་མཇུག་འབྲས་ག་རེ་ཡོང་རྒྱུ་ཡིན་པ་དང༌། ལུས་སྲོག་ལ་ཉེན་ཁ་ཡོད་པ་དེ་གསལ་པོར་མཁྱེན་གྱི་ཡོད་པ་མ་གཏོགས། ང་ཚོ་རང་དབང་ལུང་པར་ཡོད་པའི་མི་དེ་ཚོ་ནང་བཞིན་ག་རེ་བྱས་ནའང་ཉེན་ཁ་མེད་པ་ཞིག་ཡིན་པ་དེ་ཤེས་ནས་ཞི་རྒོལ་དང་ལས་འགུལ་ནམ་ཡང་རྩོམ་གྱི་མེད། ཁ་ནས་འབོད་ཚིག་ཅིག་འཐོན་ནའང་སྲོག་ལ་ཉེན་ཁ་ཡོད་པ་དེ་ཤེས་བཞིན་དུ་ཁོ་རང་ཚོས་བློས་བཏང་ཆེན་པོ་ཞིག་གི་ཐོག་ནས་ལས་འགུལ་དེ་འདྲ་རྩོམ་གྱི་ཡོད་རེད། དེ་དང་མཉམ་དུ་ང་ཚོ་རང་དབང་ལུང་པར་ཡོད་པའི་བྱེས་འབྱོར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་དང༌། རྒྱལ་སྤྱིའི་ནང་དུ་བོད་ནང་དྲག་གནོན་མཚམས་འཇོག་ཡོང་ཆེད་སྐབས་དུས་དང་འཚམས་པའི་ལས་འགུལ་མུ་མཐུད་བརྩམ་དགོས་རྒྱུ་དེ་བཤད་མ་དགོས།
བོད་དུ་དྲག་གནོན་ཤུགས་ཆེ་བྱུང་མ་ཐག་ནས་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་རེ་འདུན་ཞུས་པ་གཞིར་བཟུང་ྋདཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐད་ཀར་དབུ་ཁྲིད་འོག་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ཟུར་འཛུགས་ཀྱིས་ད་བར་བྱེས་ལ་ཡོད་པའི་བོད་མི་ཚོས་འཚེ་མེད་ཞི་བའི་ལམ་གྱི་ལྟ་གྲུབ་དང་མ་འགལ་བའི་ཐོག་ནས་ལས་འགུལ་རྣམ་གྲངས་མང་པོ་ཞིག་བརྩམས་ཡོད། དེ་ཚོའི་ནང་མང་ཚོགས་ཀྱིས་ཐུགས་འགན་ཆེན་པོས་ཆ་ཤས་བཞེས་གནང་བ་དེ་ལ་བཙན་བྱོལ་གཞུང་གི་ངོས་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ད་དུང་ང་ཚོས་ལས་འགུལ་བརྩམས་པ་ལས་བརྩམ་རྒྱུ་མང་བ་བསྡད་ཡོད་པ་དེ་མཁྱེན་དགོས།
འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུམ་དུས་གསུང་འཕྲིན་ནང་ང་ཚོའི་བསམ་བློ་མང་ཤོས་དེ་ཕྱི་ཟླ་བརྒྱད་པའི་ནང་རྒྱ་ནག་ཏུ་ཨོ་ལམ་པིཀ་རྩེད་འགྲན་འདུ་འཛོམས་བྱས་པའི་རྗེས་ལ་བོད་ནང་གནས་ཚུལ་ག་འདྲ་ཆགས་མིན་སྐོར་གཏོང་དགོས་ཞེས་བཀའ་གནང་ཡོད། སྐབས་དེ་དུས་ང་ཚོའི་ངོས་ནས་བོད་ནང་ད་ལྟ་བཞིན་ཛ་དྲག་གི་གནས་བབ་ཡོང་གི་ཡོད་པ་ཚོད་དཔག་ཙམ་ཡང་ཐུབ་མེད། ང་ཚོས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་བསྐྱར་ཞིབ་ཅིག་གནང་བ་ཡིན་ན། དེ་མ་འོངས་མངོན་གཟིགས་ཀྱི་གསུང་ངོ་མ་རང་རེད། ད་ལྟའི་གནས་སྐབས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་དྲག་གནོན་ག་འདྲ་བྱེད་ཀྱི་ཡོད་པ་དང༌། ལྷག་པར་དུ་ཨོ་ལམ་པིཀ་རྗེས་ལ་དྲག་གནོན་ག་འདྲ་ཞིག་བྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ། དེ་བཞིན་བོད་རང་སྐྱོང་ཟེར་བའི་དམར་ཤོག་གི་འགོ་ཁྲིད་ཀྲང་ཆི་ལིང་གི་ཁ་སང་དེ་རིང་གི་གཏམ་བརྗོད་ཁག་ནང་བལྟས་པ་ཡིན་ན། རྒྱུན་རིང་པོའི་བར་དུ་དམིགས་བསལ་གྱིས་དྲག་གནོན་བྱེད་རྒྱུ་དང༌། ལྷག་པར་དུ་མའོ་ཙེ་ཏུང་གི་རིག་གནས་གསར་བརྗེའི་སྐབས་ལ་དགོན་སྡེ་ཁག་དང༌། སྤྱི་ཚོགས་ནང་གཉའ་གནོན་དང་དམ་དྲག་བྱེད་སྟངས་ཀྱི་ལམ་སྲོལ་དེ་ཚོ་བསྐྱར་དུ་ལག་ལེན་བསྟར་རྒྱུའི་བསམ་ཚུལ་བཤད་ཀྱི་ཡོད་རེད། གང་ལྟར་དུས་ཡུན་རིང་པོ་ཞིག་བར་བོད་ནང་ཛ་དྲག་གི་གནས་སྟངས་གནས་སྲིད་པ་དང༌། ད་ལྟ་ལས་དཀའ་ལག་ཁག་པ་དང་ཛ་དྲག་ཏུ་འགྲོ་བའི་ཉེན་ཁ་ཡོད་པའི་གནས་སྟངས་དེ་ང་ཚོས་ངེས་པར་དུ་ཚོད་དཔག་བྱེད་ཐུབ་དགོས། དེར་བརྟེན་ང་ཚོས་རྒྱལ་སྤྱིའི་ནང་བརྩམ་རྒྱུའི་ལས་འགུལ་དེ་དག་ཁ་ཕྱོགས་བསྒྱུར་དགོས་པ་དང༌། ངོ་བོ་དང་རྣམ་པ་མི་འདྲ་བའི་ཐོག་ནས་ད་དུང་ནུས་ཤུགས་ཆེ་རུ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེ། གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ལ་ཡང་ཡང་སྙན་གསན་ཞུས་པ་བཞིན། སྐད་འབོད་དང༌། ཁྲོམ་སྐོར། མར་མེ་ཁྲོམ་སྐོར། ཟད་བཅད་ངོ་རྒོལ་དེ་དག་ཕྱོགས་གཅིག་ནས་ཧ་ཅང་རྩ་ཆེ་ཡང༌། དེ་དག་དུས་ཚོད་ཐུང་ཐུང་ནང་བྱེད་རྒྱུའི་ལས་འགུལ་གྱི་རྣམ་གྲངས་མ་གཏོགས། ལོ་དང་ཟླ་བ་སྦྲེལ་ནས་བྱེད་དགོས་པ་ཆགས་ཀྱི་མེད། ང་ཚོའི་ལས་འགུལ་དེ་རྒྱུན་གནས་ཐུབ་པ་ཡོང་ཆེད་སྒྲུབ་ཕྱོགས་ཀྱི་ལས་འགུལ་མང་པོ་བརྩམ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བདག་ཉིད་ཆེན་པོ་གཱནྡྷིས་རྒྱ་གར་རང་བཙན་གྱི་རྩོད་ལེན་གནང་སྐབས་ཐོག་མ་སྒྲུབ་ཕྱོགས་ཀྱི་ལས་འགུལ་རྣམ་གྲངས་བཅོ་བརྒྱད་དང༌། དེ་རྗེས་གཅིག་བསྣན་ནས་བཅུ་དགུ་ལམ་སྟོན་གནང་ཡོད། ལམ་སྟོན་དེ་ཚོའི་མཉམ་དུ་བདག་ཉིད་ཆེན་པོ་གཱནྡྷིས་ངོ་རྒོལ་གྱི་ལས་འགུལ་ཁ་ཤས་ལམ་ལ་མ་ཕྱིན་པ་དང༌། མ་ཐུབ་པ་དེ་འདྲ་བྱུང་ནའང་སྐྱོན་ཆ་གང་ཡང་མེད། སྒྲུབ་ཕྱོགས་ཀྱི་ལས་རིམ་Constructive Programལ་ཉིན་གཅིག་འཐུས་ཤོར་ཕྱིན་ནའང་དེ་རྒྱ་གར་གྱི་རྩ་དོན་བསྒྲུབ་རྒྱུར་གནོད་སྐྱོན་ཆེ་ཞེས་བཀའ་གནང་བ་དེ་ད་ལྟ་ང་ཚོའི་ཉམས་མྱོང་གི་ཐོག་ནས་བལྟས་ན་ཏན་ཏན་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་འདུག དེར་བརྟེན་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་སྒྲུབ་ཕྱོགས་ཀྱི་ལས་རིམ་མི་ཉུང་བ་ཞིག་ལམ་སྟོན་གནང་མདོག་ཁ་པོ་རེད། ༢༠༠༧ ལོའི་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་སྒྲུབ་ཕྱོགས་ཀྱི་ལས་རིམ་རྣམ་གྲངས་བཅུ་གཅིག་བསམ་འཆར་དུ་ཕུལ་ཡོད། དེ་ཚོའི་ཐོག་ད་དུང་གང་བསྣན་མང་ཚོགས་ཀྱིས་ཐུགས་སྣང་གནང་དགོས། འདི་ལོའི་འཁྲུངས་ལྷ་དབྱར་གསོལ་གྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་སྔ་ལོ་བཀའ་ཤག་གིས་ལས་རིམ་རྣམ་གྲངས་ཞུས་པ་དེ་ཚོ་བསྐྱར་དུ་དྲན་གསོ་གནང་ནས་རྒྱབ་གཉེར་གནང་འདུག དེ་དགོས་གལ་ཆེན་པོར་གཟིགས་ནས་ད་རེས་བསྐྱར་ནན་གནང་བ་རེད་སྙམ། ད་ལྟའི་དུས་ཚོད་འདི་ལ་ང་ཚོ་སུ་དང་སུ་ཡིན་རུང་སོ་སོའི་རྒྱུན་ལྡན་གྱི་ལས་དོན་འཐུས་ཤོར་མེད་པའི་ཐོག་ནས་རྟག་ཏུ་བྱེད་ཐུབ་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་བཙལ་དགོས་ཤིང༌། གདན་ས་ཁག་ཏུ་ཡིན་ནའང་ཚོགས་ཆོས་རྭ་དང་བསླབ་པ་སློབ་གཉེར་ཟླ་དུས་ཚེས་གྲངས་རྒྱས་བཀག་གིས་དུས་ཐོག་ཏུ་གནང་དགོས་མང་པོ་ཞིག་ཡོད། སློབ་ཕྲུག་ཅིག་ཡིན་ནའང་ལོ་སོ་སོའི་ལོ་དུས་རྒྱས་བཀག་གིས་འགྲོ་རྒྱུའི་སློབ་སྦྱོང་དང་རྒྱུགས་སྤྲོད་འཐུས་ཤོར་མེད་པ་ཞིག་དགོས་ཀྱི་ཡོད་རེད། མི་མང་དཀྱུས་མ་ཞིག་ཡིན་ནའང་རང་རང་གི་འཚོ་ཐབས་ཀྱི་ལས་དོན་ཆ་ཚང་བཞག་ནས་ལོ་ནས་ལོ་བསྟུད་ལས་འགུལ་བརྩམ་མི་ཐུབ། དེར་བརྟེན་སོ་སོའི་སྐབས་བབ་ཀྱི་ལས་དོན་དེ་ཚོ་འཐུས་ཤོར་མེད་པའི་ཐོག་ནས་རྩ་དོན་ཐོག་གནད་ལ་འཁེལ་བའི་གྲུབ་འབྲས་འཐོན་རྒྱུ་ཡོད་པའི་སྒྲུབ་ཕྱོགས་ཀྱི་ལས་འགུལ་ཐོག་མི་རེ་ངོ་རེས་དགོངས་པ་བཞེས་དགོས་པ་དང་འཆར་གཞི་བསྒྲིག་དགོས་པ་དེ་ཧ་ཅང་གལ་གནད་ཆེ། ད་རེས་འདིར་མང་ཚོགས་མཇལ་རྒྱུའི་གོ་སྐབས་བྱུང་བ་ཡིན་ཙང་གོ་སྐབས་དེ་བླངས་ནས་བསྐྱར་དུ་སྙན་སྒྲོན་ཞུས་པ་ཡིན།
ད་ལྟ་འདིར་ས་གནས་འགོ་འཛིན་གྱིས་བོད་རྒྱ་འབྲེལ་མོལ་སྐོར་ལ་འགྲེལ་བཤད་མདོར་བསྡུས་ཤིག་དགོས་ཞེས་བཀའ་གནང་སོང༌། བོད་རྒྱ་འབྲེལ་མོལ་སྐོར་ལ་ཉེ་ཆར་བྱུང་བའི་གནས་ཚུལ་དེ་ཚོ་སྐུ་ཚབ་ལྷན་རྒྱས་ཐོག་ནས་གསར་འགོད་གསལ་བསྒྲགས་ནང་ཧ་ཅང་གསལ་པོ་བཟོས་ཟིན། དེ་དག་རླུང་འཕྲིན་ཁག་གིས་མཚོན་བརྒྱུད་ལམ་ཚང་མའི་ནང་ཕྱིན་ཡོད། དེ་ལས་ལྷག་པ་ཁྱེད་ཚོས་མ་གསན་པ་དང་མ་མཁྱེན་པ་གསར་པ་ཞིག་ཞུ་རྒྱུ་གང་ཡང་མེད། གང་ཡོད་པ་དེ་སྔོན་མ་ནས་ཕྱི་གསལ་ནང་གསལ་བཟོས་ཟིན། ཉེ་ཆར་བྱུང་བའི་བོད་རྒྱ་འབྲེལ་མོལ་གྱི་མཇུག་འབྲས་སྐོར་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་ཞིབ་ཚགས་པོས་སྙན་གསན་ཞུས་ཡོད། བཀའ་ཤག་གི་གཏམ་བཤད་དེ་མ་གསན་པ་དང་ཐུགས་སྣང་མ་གནང་བ་ཡིན་ན་བྱ་ཐབས་མེད། ཐུགས་སྣང་གནང་བ་ཡིན་ན་དེའི་ནང་ཉེ་ཆར་བྱུང་བའི་འབྲེལ་མོལ་གྱི་གནས་བབ་ཆ་ཚང་བ་ཞིག་འཁོད་ཡོད། ལྷག་པར་དུ་ཆབ་སྲིད་ལ་ཐུགས་སྣང་ཡོད་ན་གཏམ་བཤད་ཀྱི་ཡིག་ཕྲེང་དང་ཡིག་ཕྲེང་གི་དབར་གཉིས་ཀ་ཀློག་པ་ཡིན་ན་ཆ་ཚང་མཁྱེན་པའི་གནས་སྟངས་ཤིག་ཡོད་རེད། དེས་ན་ཁྱེད་ཚོས་སྔར་མ་གསན་པ་དང་མ་མཁྱེན་པ་སྣོན་མ་གསར་པ་ཞིག་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་བོད་རྒྱ་འབྲེལ་མོལ་ཐེངས་རེ་རེ་བཞིན་གྱི་མཇུག་འབྲས་ལ་ཞིབ་འཇུག་གནང་སྐབས་བོད་རྒྱ་ཞི་མོལ་གྱི་ཁྱོན་ཡོངས་ཀྱི་གནས་བབ་གཟིགས་དགོས་པ་དེ་ཧ་ཅང་གལ་ཆེ། ཁྱོན་ཡོངས་ཀྱི་བོད་རྒྱ་ཞི་མོལ་གྱི་གནས་བབ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྒྱུད་ལམ་ཁག་གི་ནང་བསྒྲགས་གཏམ་གང་སྤེལ་བ་དང༌། རྒྱ་ནག་དང་བོད་མི་གཉིས་རྐྱང་རྐྱང་གི་སེམས་ཚོར་དང་གནས་བབ་ལ་གཞི་རྩ་བཞག་ནས་ཐུགས་ཞིབ་གནང་ན། བོད་རྒྱ་ཞི་མོལ་གྱི་གནས་བབ་དེ་གསལ་པོ་མཁྱེན་ཐུབ་དཀའ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གནས་ཚུལ་གཞན་ཞིག་བཤད་པ་དང༌། ང་ཚོས་གནས་ཚུལ་གཞན་ཞིག་བཤད་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་དེ་ངོ་གདོང་ལ་ཡོད་པའི་གནས་ཚུལ་དེ་རང་གི་ཐོག་ནས་མཁྱེན་ཐུབ་རྒྱུ་ཧ་ལམ་ཁག་པོ་རེད། གནས་ཚུལ་དེ་ཚོ་ཞིབ་འཇུག་གནང་སྐབས་ངེས་པར་དུ་རྒྱལ་སྤྱིའི་གནས་བབ་དང༌། རྒྱ་ནག་ནང་གི་གནས་བབ། བོད་ནང་གི་གནས་བབ་བཅས་བསྡོམས་བརྒྱབས་ཏེ་གང་ལྟར་འཛམ་གླིང་ཁྱོན་ཡོངས་ཀྱིས་བོད་ཀྱི་རྩ་དོན་ཐོག་ལངས་ཕྱོགས་དང༌། ལྟ་ཕྱོགས། བཤད་ཕྱོགས་གང་ཡིན་པ་དང༌། དེའི་ཆ་ཤས་ཤིག་ནང་འགྲོ་བཞིན་པའི་ཞི་མོལ་གྱི་བརྒྱུད་རིམ་དེ་ག་འདྲ་ཞིག་འགྲོ་གི་ཡོད་པ། ཞི་མོལ་གྱི་བརྒྱུད་རིམ་དེ་ལ་བརྟེན་ནས་འཛམ་གླིང་ནང་འགུལ་བསྐྱོད་ག་འདྲ་ཞིག་ཐེབས་ཀྱི་ཡོད་པ། རྒྱ་ནག་ལ་ཕན་གནོད་ག་རེ་འབྲེལ་གྱི་ཡོད་པ། བོད་ཀྱི་རྩ་དོན་ཐོག་མདུན་བསྐྱོད་ག་རེ་ཡོང་གི་ཡོད་པ་དེ་དག་བསྡོམས་བརྒྱབས་ཏེ་གཟིགས་དགོས། མདོར་ན་ཨ་རིའི་ནང་ག་རེ་ཡོང་གི་ཡོད་པ་དང༌། ཡོ་རོབ་རྒྱལ་ཁབ་ཁག་ནང་ག་རེ་ཡོང་གི་ཡོད་པ། བོད་པ་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་མདུན་ལ་ག་རེ་སླེབས་ཀྱི་ཡོད་པ། བོད་པ་ལ་ཁ་གཏད་གཅོག་མཁན་ཚོའི་མདུན་ལ་ག་རེ་སླེབས་ཀྱི་ཡོད་པ། ཕན་གནོད་ག་རེ་ཡོང་གི་ཡོད་པ་དེ་དག་ཚང་མ་བསྡོམས་བརྒྱབས་ཏེ་གཟིགས་ན་དེའི་ཐོག་ནས་གསལ་པོ་ཞིག་མཁྱེན་ཐུབ་རྒྱུ་ལས། ཐེངས་རེའི་སྐབས་ཀྱི་གནས་སྟངས་དང༌། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ནང་ག་རེ་བཤད་པ། སྐུ་ཚབ་རྣམ་པ་ཚོ་ཚུར་ལོག་ནས་གསར་འགྱུར་བརྒྱུད་ལམ་ཐོག་ག་རེ་བཤད་པ་དེ་དག་རྐྱང་རྐྱང་ལ་གཟིགས་ན་ད་ལྟ་རྙོག་འཛིངས་ཆེ་བའི་གནས་སྟངས་དེ་ཞིབ་ཚགས་པོ་ཞིག་མཁྱེན་ཐུབ་དཀའ། རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་ཞུས་པའི་ཐོག་ནས་ཉེ་ཆར་བྱུང་བའི་ཞི་མོལ་གྱི་གནས་ཚུལ་དེ་ལ་བསྐྱར་ཞིབ་ཅིག་གནང་བ་ཡིན་ན། ཐོག་མར་ང་ཚོའི་ངོས་ནས་ཕྱི་ལོ་ ༢༠༠༢ ལོར་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་དང་པོ་བསྒྲིགས་པའི་འཆར་གཞི་ལྟར་ན་འབྲེལ་མོལ་ཐེངས་བདུན་པ་དེ་ཕྱི་ལོ་ ༢༠༠༧ གྱི་ལོ་མཇུག་ཚུན་ཆད་ལ་ཟིན་དགོས། གལ་ཏེ་འབྲེལ་མོལ་ཐེངས་བདུན་པ་དེ་ ༢༠༠༧ ཕྱི་ཟླ་ ༡༢ ཚུན་ལ་གནང་མ་ཐུབ་པ་ཡིན་ན་ག་ཚོད་འགྱངས་ནའང་ ༢༠༠༨ ཕྱི་ཟླ་དང་པོའི་ཟླ་མཇུག་དང་གཉིས་པའི་ཚེས་ཤར་ཙམ་ལས་ཕར་མ་འགྱངས་པ་ཞིག་དགོས་རྒྱུའི་རེ་བ་བྱས་པ་རེད། གལ་སྲིད་དུས་ཚོད་དེ་འདྲ་ཞིག་ནང་ཞི་མོལ་ཐེངས་བདུན་པ་དེ་གནང་མ་ཐུབ་པ་ཡིན་ན། ༢༠༠༨ ལོ་མཇུག་བར་ཕར་འཐེན་རྒྱུའི་བང་བསྒྲིགས་ཡོད། ༢༠༠༨ ནང་ཞི་མོལ་ཐེངས་བདུན་པ་དེ་གནང་རྒྱུའི་འཆར་གཞི་དང་གོ་སྒྲིག་དང་པོ་ནས་མེད་རུང༌། ༢༠༠༨ ནང་བོད་ནང་ཛ་དྲག་གི་གནས་ཚུལ་ཤུགས་ཆེ་བྱུང་ཙང༌། དེ་ལ་ཐུགས་བློས་མ་བཟོད་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྱི་ཟླ་ ༣ ཟླ་མཇུག་ལ་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ལ་བཀའ་ཡིག་གནང་སྐབས་བོད་ནང་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་རྒྱུ་དང༌། ཞི་བདེ་བརྟན་ལྷིང་བསྐྱར་གསོ་དགོས་རྒྱུ། བོད་མི་རྣམས་ལ་སྡུག་སྦྱོང་གཏོང་རྒྱུ་ལམ་སེང་མཚམས་འཇོག་དགོས་རྒྱུའི་རེ་འདུན་ཤུགས་ཆེན་པོ་དང༌། དེ་ལ་ཕན་ཆེད་ྋགོང་ས་མཆོག་གི་ངོས་ནས་ག་རེ་གནང་རྒྱུ་ཡོད་ནའང་གནང་རྒྱུའི་ཐུགས་འདོད་དང་གྲ་སྒྲིག་ཡོད་ཅེས་བཀའ་གནང་བ་རེད། དེ་ནས་འཕྲོས་ཏེ་ཕྱི་ཟླ་ ༥ ཚེས་ ༤ ཉིན་ཧྲན་ཊན་ལ་སྐུ་ཚབ་རྣམ་པ་གཉིས་དང༌། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་དང་མཉམ་དུ་གཞུང་འབྲེལ་མ་ཡིན་པར་ནང་ལུགས་ཀྱི་བཀའ་བསྡུར་ཞིག་གནང་བ་དེ་འབྲེལ་མོལ་ཐེངས་བདུན་པ་མ་རེད། ནང་ལུགས་ཀྱི་བཀའ་བསྡུར་གནང་སྐབས་འབྲེལ་མོལ་ཐེངས་བདུན་པ་དེ་གང་མགྱོགས་གནང་དགོས་པ་དང༌། ཕྱི་ཟླ་ ༦ བདུན་ཕྲག་གཉིས་པ་ནས་མ་འགྱངས་པར་གནང་ཐུབ་ན་ཡག་པོ་ཡོང་བ་འདུག་ཅེས་ཕྱོགས་གཉིས་ཀ་ནས་མོས་མཐུན་བྱུང་བར་བརྟེན། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་པེ་ཅིང་ལ་འབྲེལ་མོལ་ཐེངས་བདུན་པ་གནང་རྒྱུའི་འཆར་གཞི་དེ་བང་བསྒྲིགས་ཀྱང༌། ཕྱི་ཟླ་ ༥ པའི་ཟླ་སྟོད་ལ་སི་ཁྲོན་དུ་ས་ཡོམ་གྱི་ཉེན་ཚབས་ཆེན་པོ་བྱུང་ཙང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངོས་ནས་ཁོང་ཚོ་ས་ཡོམ་གྱི་མྱུར་སྐྱོབ་ལ་བྲེལ་བ་ཆེན་པོ་ཡོད་སྟབས། བདུན་ཕྲག་གཅིག་ཙམ་ཕར་འགྱངས་དགོས་ཀྱི་འདུག་ཅེས་བཤད་པ་རེད། བདུན་གཅིག་འགྱངས་རྗེས་ང་ཚོའི་ངོས་ནས་སྟབས་མ་འགྲིགས་པ་ཁ་ཤས་ཐོག་ནས་བདུན་ཕྲག་གཅིག་ཙམ་ད་དུང་ཕར་འགྱངས་དགོས་བྱུང༌། གང་ལྟར་ཕྱོགས་གཉིས་ཀ་ནས་ཕྲན་བུ་ཕྱིས་འགྱངས་ཕྱིན་པ་དེའི་དབང་གིས་འབྲེལ་མོལ་ཐེངས་བདུན་པ་དེ་ཕྱི་ཟླ་ ༧ ཚེས་ ༢ ཉིན་ལ་མ་གཏོགས་གནང་ཐུབ་མེད། དེ་ཉིན་སྔ་དྲོ་ཚོུད་ ༨།༣༠ ནས་ཕྱི་དྲོ་ཚོུད་ ༦།༣༠ བར་དུ་ཉིན་གང་རིང་གནང་ཡོད།
བོད་ནང་ཞི་བའི་གྱེན་ལངས་བྱུང་བ་ནས་བཟུང་སྟེ་རྒྱ་ནག་ནང་བོད་ལ་དྲག་གནོན་བྱེད་དགོས་ཞེས་མཁྲེགས་འཛིན་བྱེད་མཁན་གྱི་ཤོག་ཁག་གཅིག་དང༌། ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་འགྲིགས་ཆགས་བཟོ་དགོས་ཞེས་བརྗོད་མཁན་གྱི་ཤོག་ཁག་གཅིག་བཅས་རྒྱ་ནག་འགོ་ཁྲིད་ནང་འགལ་ཟླ་ཆེན་པོ་དང༌། དེའི་འཐབ་རྩོད་དེ་ཉིན་རེ་བཞིན་འགྱུར་བ་འགྲོ་བ་དེ་གསལ་པོ་རེད། དེ་འདྲའི་འགྱུར་འགྲོས་ནང་རྒྱ་ནག་གཞུང་གིས་དམིགས་བསལ་གོ་སྒྲིག་དང་འཆར་གཞི་ལྡན་པའི་ཐོག་ནས་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་དང༌། སི་ཁྲོན་ལ་ས་ཡོམ་བྱུང་བའི་དབང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་དེ་ཚོ་ཕྲན་བུ་བར་མཚམས་བཞག་ནས་རྒྱབ་སྐྱོར་བྱེད་པ། ལྷག་པར་དུ་ས་འགུལ་གྱི་ཉེན་སྐྱོབ་ཀྱི་ལས་དོན་ཐོག་སྲིད་འཛིན་དང་སྲིད་བློན་གྱིས་མཚོན་པའི་མཐོ་རིམ་མི་སྣ་ཚང་མས་མཉམ་རུབ་ཀྱི་ལས་དོན་ཤུགས་ཆེན་པོ་དང༌། མགྱོགས་པོ། ཡག་པོ་ཞིག་བྱས་པ་དེའི་དབང་གིས་རྒྱལ་སྤྱིའི་ནང་རྒྱ་ནག་གི་མཐོང་ཚུལ་ཕྲན་བུ་ཡག་ཏུ་ཕྱིན་པ་དང༌། དེ་བཞིན་ཉི་ཧོང་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་སྲིད་འཛིན་ཧུ་ཅིན་ཐའོའི་འཚམས་གཟིགས་རྗེས་ལ་ཕྲན་བུའི་དྲག་ཏུ་ཕྱིན་པ་བཅས་རྒྱུ་རྐྱེན་མང་པོ་ཞིག་གི་ཐོག་ནས་ཁོ་ཚོའི་མཁྲེགས་འཛིན་བྱེད་མཁན་གྱི་ཤོག་ཁག་དང་འགྲིགས་ཆགས་བཙལ་མཁན་གྱི་ཤོག་ཁག་གཉིས་དབར་གྱི་འཐབ་རྩོད་ཀྱི་གནས་བབ་དེའི་བར་ལ་འགྱུར་བ་མང་པོ་ཞིག་ཕྱིན། དེ་འདྲའི་ཉེར་ལེན་ལ་བརྟེན་ནས་ཕྱ་ཟླ་ ༧ ཚེས་ ༢ ལ་གནང་བའི་འབྲེལ་མོལ་ཐེངས་བདུན་པ་དེ་ཡག་པོ་ཞིག་བྱུང་མེད། ཕྱོགས་གཉིས་ཆ་ནས་ཧ་ཅང་རྣོ་ངར་ཆེན་པོས་བཀའ་མོལ་ཕར་ཚུར་གནང་རེས་བྱས་ནས་དོན་དམ་བོད་ཀྱི་རྩ་དོན་ཐོག་འགྲིགས་ཆགས་ཀྱི་ལམ་བཙལ་རྒྱུའི་ཐོག་མདུན་བསྐྱོད་ཆེན་པོ་ཞིག་བྱུང་མེད་པར་བརྟེན། ང་ཚོའི་ངོས་ནས་ད་རེས་འབྲེལ་མོལ་དེ་ཐེངས་བདུན་གྱི་ནང་ནས་སྡུག་ཤོས་དང་དཀའ་ལས་ཁག་ཤོས་བྱུང་ཞེས་སྐུ་ཚབ་རྣམ་པའི་གསལ་བསྒྲགས་ནང་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རང་རེད། དེ་ལ་ཕྱོགས་གཞན་ཞིག་ནས་བལྟས་ན་དེ་སྔ་ཕན་ཆད་འབྲེལ་མོལ་ཐེངས་དྲུག་རིང་རྒྱ་ནག་གིས་མ་བཤད་པ་ཞིག་དང༌། གླེང་སློང་མ་བྱས་པ་ད་རེས་གསར་པ་གླེང་སློང་བྱས་པ་དེ་འདྲ་གང་ཡང་བྱུང་མེད། ང་ཚོའི་ངོས་ནས་ཀྱང་དེ་སྔ་ཕན་ཆད་བཤད་མུས་དེ་རང་བསྐྱར་ལྡབ་མ་གཏོགས། ད་རེས་ལབ་མ་ཐུབ་པ་ལྷག་སོང་བ་དེ་འདྲ་གང་ཡང་བྱུང་མེད། འོན་ཀྱང་ད་རེས་ཡག་པོ་མ་བྱུང་ཞེས་ཟེར་རྒྱུའི་རྒྱུ་མཚན་གཙོ་བོ་ནི་ཕྱི་ཟླ་ ༥ ཚེས་ ༤ ཉིན་བང་བསྒྲིགས་སྐབས་ད་རེས་ཕྱི་ཟླ་ ༦ པའི་ནང་བྱེད་རྒྱུའི་འབྲེལ་མོལ་དེའི་ཐོག་ལ་སྔོན་མ་དང་མི་འདྲ་བར་གྲུབ་འབྲས་ཕྲན་བུ་ཆེ་བ་ཞིག་ཡོང་གི་མེད་འགྲོ་བསམ་པའི་ཚོད་དཔག་བཞིན་མ་བྱུང་སྐབས་ད་རེས་ཡག་པོ་བྱུང་མ་སོང་བསམ་པའི་བསམ་ཚུལ་ཞིག་ཏན་ཏན་སླེབས་པ་རེད། འོན་ཀྱང་སྔོན་མ་དང་མི་འདྲ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ད་རེས་གྲུབ་འབྲས་ཡག་པོ་བྱུང་ཡོད་པ་དང༌། ྋརྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་སྐུ་ཚབ་དང་གཏིང་ཟབ་པོའི་ཐོག་ནས་སྐད་ཆ་བཤད་ཡོད་པ་དེ་ཚོ་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དེ་ཕལ་ཆེར་དང་པོ་རེད། ཉེ་ཆར་ཧྲན་ཊན་ལ་འབྲེལ་མོལ་བྱས་པ་དེའང་གསལ་བསྒྲགས་བྱས་ཡོད། གཞན་དེའི་ཁོང་ཚོས་སྔོན་ལ་ྋསྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ལྷན་དུ་འབྲེལ་བ་བྱས་པ་དེ་ཚོ་ཡོངས་ཁྱབ་གསལ་བསྒྲགས་ནམ་ཡང་བྱེད་ཀྱི་མེད།
ད་རེས་ཁོ་རང་ཚོའི་སྐད་ཆ་བཤད་ཕྱོགས་ལ་འགྱུར་བ་ཞིག་ག་རེ་ཕྱིན་ཡོད་ཅེ་ན། བོད་ནང་ཟིང་ཆ་བྱུང་རྗེས་ྋསྐྱབས་མགོན་རིན་པོ་ཆེར་སྐྱོན་འཛུགས་ཆེན་པོ་ཞིག་བྱེད་ཀྱི་ཡོད་རེད། དེ་ལ་མཚམས་འཇོག་གསུམ་གྱི་དགོས་འདུན་བཏོན་ཞིང༌། འཚེ་བའི་ལས་ཀ་མཚམས་འཇོག་བྱེད་དགོས་པ་དང༌། ཁ་བྲལ་གྱི་ལས་དོན་མཚམས་འཇོག་བྱེད་དགོས་པ། ཨོ་ལམ་པིཀ་རྩེད་འགྲན་ལ་གནོད་སྐྱོན་གཏོང་རྒྱུའི་ངན་བྱུས་མཚམས་འཇོག་བྱེད་དགོས་པ་བཅས་རེད། ཧྲན་ཊན་ལ་བཀའ་མོལ་བྱུང་སྐབས་སྐུ་ཚབ་རྣམ་པ་གཉིས་ཀྱིས་སྐྱོན་བརྗོད་དེ་དག་གཞི་རྩ་ཁྱོན་ནས་མེད་པ་དང༌། གལ་སྲིད་གཞི་རྩ་ཡོད་ན་ཁུངས་སྐྱེལ་ར་སྤྲོད་ཀྱིས་འཛམ་གླིང་མདུན་གསལ་པོ་བཟོ་དགོས་ཞེས་ཤུགས་ཆེན་པོས་གསུངས་པ་ཡིན་ཙང༌། ཁོ་རང་ཚོས་ཁུངས་བསྐྱལ་རྒྱུ་མེད་པ་དེ་དངོས་མཐོང་ཡིན་པར་བརྟེན། ཁོང་ཚོས་ྋརྒྱལ་བ་རིན་པོ་ཆེས་དེ་འདྲ་གནང་གི་མེད་ན་མེད་པ་ལ་ཆ་བཞག་ནས་མཚམས་འཇོག་གསུམ་གསུམ་གྱི་རེ་འདུན་དེ་བཏོན་གྱི་མིན། ཡིན་ནའང་རྒྱབ་སྐྱོར་མི་བྱེད་པ་བཞིའི་རེ་འདུན་བཏོན་གྱི་ཡིན། དེ་ཡང་ྋསྐྱབས་མགོན་རིན་པོ་ཆེས་འཚེ་བའི་ལས་དང༌། ཁ་བྲལ། ཨོ་ལམ་པིཀ་རྩེད་འགྲན་གཏོར་སྐྱོན་གཏོང་རྒྱུའི་ལས་གཞི། བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ལ་རྒྱབ་སྐྱོར་མ་གནང་རོགས་གནང་ཞེས་བཤད་ཀྱི་ཡོད། དེ་ཚོར་རྒྱབ་སྐྱོར་མ་གནང་བ་ཡོངས་གྲགས་མ་རེད་དམ་ཞེས་བརྗོད་སྐབས། དགག་བྱ་ཤུགས་ཆེན་པོ་མ་གནང་བ་དེ་རྒྱབ་སྐྱོར་གནང་བ་དང་གཅིག་པ་ཆགས་འགྲོ་གི་འདུག ྋསྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ནའང་གནས་ཚུལ་དེ་ཚོར་ཤུགས་ཆེན་པོའི་ཐོག་ནས་དགག་བྱ་གནང་དགོས་ཞེས་བཤད་འདུག དེ་བཞིན་དཔེ་འདྲ་པོ་མང་པོའང་བགྲངས་ཡོད། དཔེར་ན་ཨོ་ལམ་པིཀ་རྩེད་འགྲན་གྱི་མཛད་སྒོ་ལ་ཕེབས་ཀྱི་མིན་གསུང་མཁན་དེ་ཚོར་ྋསྐྱབས་མགོན་རིན་པོ་ཆེས་སྐྱོན་བརྗོད་གནང་གི་མི་འདུག མཛད་སྒོ་ལ་ཕེབས་ཀྱི་མིན་གསུང་མཁན་དེ་ཚོ་ཁོ་རང་ཚོས་ཐུགས་འདོད་བྱས་ཏེ་ཐག་བཅད་པ་རེད་ཅེས་གསུངས་འདུག དེས་ན་དེ་ཚོ་འགྲིགས་ཀྱི་ཡོད་རེད་མདོག་མདོག་རེད། གང་ལྟར་དེ་ཨོ་ལམ་པིཀ་རྩེད་འགྲན་གནོད་སྐྱོན་གཏོང་རྒྱུའི་རྒྱབ་སྐྱོར་ལ་ཆགས་ཕྱིན་པ་རེད། དེར་བརྟེན་ག་དུས་ཡིན་ནའང་ྋསྐྱབས་མགོན་རིན་པོ་ཆེས་དེ་ཚོར་སྐྱོན་བརྗོད་གནང་ནས་རྦད་དེ་རྒྱབ་སྐྱོར་རང་གནང་དགོས་ཀྱི་འདུག ཞལ་ཁ་བཞུགས་རྒྱུ་མི་འདུག་ཅེས་སོགས་བཤད་འདུག
ད་ཁྱེད་ཚོས་བརྒྱུད་ལམ་ཁག་ཏུ་གཟིགས་ཡོད་ཀྱི་རེད། མཚམས་འཇོག་གསུམ་གྱི་གནས་སྟངས་དེ་ད་ལྟ་རྒྱབ་སྐྱོར་མི་བྱེད་པའི་མངོན་འདོད་ལ་བསྒྱུར་ཡོད། དེ་བཞིན་ཁོ་རང་ཚོའི་དྲིལ་བསྒྲགས་ནང་ལོ་འདིའི་ལོ་མཇུག་ཚུན་ཆད་ཅེས་བྲིས་འདུག་ཀྱང༌། དངོས་སུ་བཀའ་མོལ་གནང་སྐབས་ཕྱི་ཟླ་བཅུ་པའི་ཟླ་མཇུག་ཚུན་ཆད་ཅེས་བཀའ་མོལ་བྱུང་འདུག དེར་བརྟེན་ང་ཚོའི་གསལ་བསྒྲགས་ནང་ཕྱི་ཟླ་བཅུ་པའི་ཟླ་མཇུག་ཚུན་ཆད་ཅེས་བཤད་ཀྱི་ཡོད།
༢༠༠༨ ཕྱི་ཟླ་ ༡༠ ཟླ་མཇུག་ཚུན་ཆད་ལ་འབྲེལ་མོལ་ཐེངས་བརྒྱད་པ་གནང་རྒྱུ་དང༌། འབྲེལ་མོལ་ཐེངས་བརྒྱད་པའི་གྲོས་གཞིའི་ནང་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཡོངས་སུ་རྫོགས་པ་ཞིག་བོད་རིགས་ཚོའི་ཐོག་ལག་བསྟར་བྱེད་སྟངས་ག་འདྲ་དགོས་པ། དེའི་བསམ་འཆར་དང་འཆར་གཞི་ང་ཚོའི་ངོས་ནས་བཤད་རྒྱུ་དང༌། དེའི་ཐོག་གྲོས་བསྡུར་བྱེད་རྒྱུར་མོས་མཐུན་བྱུང་ཡོད། མོས་མཐུན་བྱུང་བ་བཞིན་རྗེས་ལ་ལག་ལེན་ལ་འཁེལ་གྲབས་ཡོད་མེད་ད་ལྟ་བལྟ་རྒྱུ་རེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ང་ཚོའི་སྐུ་ཚབ་རྣམ་པ་ཚོ་རྒྱ་གར་དུ་མ་འབྱོར་གོང་ཁོང་ཚོ་པེ་ཅིང་ནས་ཐོན་ལ་མ་ཐོན་སྐབས་ནས་ཤིན་ཧ་གསར་ཁང་གིས་མཚོན་པའི་བརྒྱུད་ལམ་ཁག་ནང་ཁོ་ཚོས་ཕར་ག་རེ་བཤད་པ་དང༌། སྐུ་ཚབ་རྣམ་པའི་བཀའ་མོལ་ལ་ཉན་པ། རྒྱབ་སྐྱོར་མི་བྱེད་པ་བཞིའི་རེ་འདུན་ཤུགས་ཆེན་པོ་བྱས་ཡོད་པ། ྋསྐྱབས་མགོན་རིན་པོ་ཆེས་རྒྱབ་སྐྱོར་མི་བྱེད་པ་བཞིའི་ཐོག་ཞལ་ནས་གསུངས་པ་ཙམ་མིན་པར་ཕྱག་ལེན་ཐོག་ནས་གནང་བ་ཡིན་ན་འདི་ལོ་ལོ་མཇུག་ཚུན་ཆད་ལ་འབྲེལ་མོལ་བརྒྱད་པ་དེ་བྱེད་རྒྱུ་བཤད་པ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད། དེའི་ནང་ཁོང་ཚོས་སྐུ་ཚབ་ཚོའི་བཀའ་མོལ་ལ་ཉན་པ་མ་གཏོགས་སྐུ་ཚབ་རྣམ་པའི་ངོས་ནས་གང་བཤད་པ་དེ་བཀོད་མེད། དེས་ན་ང་ཚོའི་ངོས་ནས་ཐེངས་བདུན་པའི་སྐབས་ལ་མོས་མཐུན་བྱུང་བ་བཞིན་ཐེངས་བརྒྱད་པ་ཡོང་གྲབས་ཡོད་མེད་ད་ལྟ་ཚོད་མ་ཐིག་པ་རེད། ང་ཚོའི་ངོས་ནས་གནང་དགོས་ཀྱི་ཡོད་མེད་ཀྱང་བལྟ་རྒྱུ་རེད། དེར་བརྟེན་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་ང་ཚོའི་ངོས་ནས་མཚམས་འཇོག་གསུམ་གྱི་རེ་འདུན་ཞིག་བཏོན་ཡོད། དེ་དག་ནི་བོད་ནང་ཞི་བའི་གྱེན་ལངས་ལ་ཚད་མེད་ཀྱིས་དྲག་གནོན་དང་འཛིན་བཟུང་བཙོན་འཇུག་ལ་སོགས་པ་ཆ་ཚང་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། དགོན་སྡེ་གྲྭ་ཚང་ཁག་ནང་བརྟན་ལྷིང་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་དོན་ཚད་ལས་བརྒལ་བ་དང་ཐལ་ཆ་ཆེ་བ་དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ། བོད་ཀྱི་ཁོར་ཡུག་དང་རིག་གཞུང་བཅས་པར་གནོད་གཞིའི་ལས་རིམ་ཆ་ཚང་མཚམས་འཇོག་བྱེད་དགོས་པ་བཅས་རེད། དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱག་ལས་གནང་ཕྱོགས་ལ་གཞིགས་ནས་འབྲེལ་མོལ་རྗེས་མའི་གོ་སྒྲིག་བྱེད་ཀྱི་ཡིན་ཞེས་ཀྱང་བཀོད་ཡོད། དེ་ནི་ད་ལྟའི་དངོས་ཡོད་ཀྱི་གནས་བབ་དེ་རེད། དེར་བརྟེན་ད་ཕན་འབྲེལ་མོལ་ཐེངས་དྲུག་དང༌། ཉེ་ཆར་བྱུང་བའི་ཧྲན་ཊན་གྱི་ནང་ལུགས་ཀྱི་བཀའ་མོལ། ད་རེས་འབྲེལ་མོལ་ཐེངས་བདུན་པ་བཅས་ཀྱིས་ག་རེ་མཚོན་གྱི་ཡོད་ཅེ་ན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པའི་ཐོག་ནས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་བའི་ཆེད་དུ་ལྷག་བསམ་རྣམ་དག་གི་འབད་རྩོལ་ཐོག་ལ་འཐུས་ཤོར་ཕྱིན་པ་དང༌། ལུས་པ། མ་འདེང་བ་གཅིག་ཀྱང་མེད་པ་དེ་གསལ་པོ་བཟོས་ཡོད། དེ་བཞིན་མ་འོངས་པར་ང་ཚོའི་མདུན་བསྐྱོད་བྱེད་སྟངས་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་ཕྱོགས་ལ་བརྒྱ་ཆ་བརྒྱ་ཐམ་པ་རག་ལུས་པ་དེའང་གསལ་པོ་བཟོས་ཡོད། ལྷག་པར་དུ་ཨོ་ལམ་པིཀ་རྩེད་འགྲན་གྱི་རྗེས་བོད་ནང་གི་གནས་སྟངས་དང༌། རྒྱ་ནག་གི་གནས་སྟངས། རྒྱལ་སྤྱིའི་གནས་སྟངས་བཅས་གསུམ་ག་ཕྱོགས་བསྡོམས་ཀྱི་ཐོག་ནས་ང་ཚོའི་ལངས་ཕྱོགས་དང༌། བྱེད་ཕྱོགས་ག་འདྲ་ཡིན་པ་དེ་གཞི་ནས་ཐག་གཅད་དགོས་པ་དང༌། གསལ་པོ་ཆགས་རྒྱུ་ཞིག་ཡོང་གི་རེད། དེ་བཞིན་ང་ཚོའི་ངོས་ནས་འགྱུར་བ་མེད་པའི་རྣམ་པ་གསུམ་བསྐྱར་ལྡབ་བྱས་ཡོད། དེ་དག་ནི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པ་དང༌། འཚེ་མེད་ཞི་བའི་ལམ་ལ་འགྱུར་བ་མེད་པ། བོད་ཀྱི་འབྱུང་འགྱུར་གྱི་གནས་བབ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་བཙལ་རྒྱུ་ཡིན་པ་བཅས་རེད། འདི་དག་ནི་ང་ཚོའི་འགྱུར་བ་མེད་པའི་ལངས་ཕྱོགས་ཤིག་རེད། དེ་ཚོ་གཞི་བཞག་ཐོག་ནས་ཐབས་ལམ་དང་ལག་བསྟར་བྱེད་ཕྱོགས་ག་འདྲ་བྱེད་དགོས་མིན་རིམ་པས་བལྟས་ཏེ་འགྲོ་རྒྱུ་ཡིན་པ་དེ་ཉེ་ཆར་འཁྲུངས་ལྷ་དབྱར་གསོལ་གྱི་བཀའ་ཤག་གི་གཏམ་བཤད་ནང་སེམས་ཐག་ཆོད་པོས་གསལ་པོ་བཟོས་པ་དེ་རེད། དེ་དང་ཆབས་ཅིག་ཏུ་དེ་སྔ་ཕན་ཆད་བྱུང་བའི་འབྲེལ་མོལ་གྱི་བརྒྱུད་རིམ་དང༌། མ་འོངས་པར་འབྲེལ་མོལ་བྱེད་རྒྱུ་དེ་ཚོའང་ཕྱོགས་ཐམས་ཅད་ནས་སྒོ་ཐམས་ཅད་དུ་བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་བདེ་སྡུག་གི་གནས་བབ་སྐོར་ཤ་སྟག་མ་གཏོགས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་སྒེར་དང༌། ྋགོང་ས་མཆོག་གི་གཡས་གཡོན་ལ་ཡོད་པའི་མི་ཉུང་ཤས་ཀྱི་སྒེར་གྱི་གནད་དོན་ཆེད་འབྲེལ་མོལ་བྱེད་དགོས་པའི་གནས་ཚུལ་མེད་པ་དང༌། འབྲེལ་མོལ་གྱི་གྲོས་གཞིའི་ནང་རྩ་བ་ནས་སླེབས་ཀྱི་མེད་པ་དེའང་གསལ་པོ་བཟོས་ཡོད། དེར་བརྟེན་ད་ལྟ་ང་ཚོའི་ངོས་ནས་ལངས་ཕྱོགས་དེ་ཐོག་མཐའ་བར་གསུམ་དུ་ཕྱི་གསལ་ནང་གསལ་དང་འགྱུར་བ་མེད་པ་སུས་བལྟས་ཀྱང་མཐོང་ཐུབ་པ། སུས་ཀྱང་ཤེས་ཐུབ་པ། རྒྱབ་མདུན་མདོ་སྦུག་རྩ་བ་ནས་མེད་པ་ཞིག་ཆགས་ཡོད། མ་འོངས་པར་རིམ་པས་བབ་གཟིགས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་འགྲོ་ཕྱོགས་དེ་རིམ་པས་གསལ་པོ་ཆགས་ཀྱི་རེད། ཉེ་ཆར་བྱུང་བའི་བོད་རྒྱའི་འབྲེལ་མོལ་སྐོར་གྱི་གལ་གནད་ཆེ་བའི་གནས་ཚུལ་མདོར་བསྡུས་དེ་ཙམ་རེད། དེ་མིན་ཁོ་ཚོས་ཚོུད་བརྒྱད་དགུ་ཞིག་རིང་ཁ་རྩོད་དང༌། ཕར་བཤད་ཚུར་བཤད་ཚང་མ་དགོས་པའང་མེད་ལ། བཤད་ནས་ཚར་རྒྱུའང་མེད། གང་ལྟར་ཕྱོགས་གཉིས་ཆ་ནས་གང་ལབ་ཐུབ་པ་དང་ལབ་དགོས་པ་ཆ་ཚང་ཕན་ཚུན་ལབ་རེས་བྱུང་ཡོད། དེའི་ནང་ནས་ང་ཚོས་ཕྲན་བུ་དོ་སྣང་བྱེད་དགོས་པ་དང་བསམ་བློ་གཏོང་དགོས་པའི་གཞི་རྩ་ཡོད་པ་དེ་གང་རེད་ཅེ་ན། ཕྱི་ཟླ་ ༡༠ ཟླ་མཇུག་ལ་བྱེད་རྒྱུའི་འབྲེལ་མོལ་ཐེངས་བརྒྱད་པ་དང༌། དེའི་སྐབས་ལ་བཀའ་མོལ་གནང་རྒྱུའི་གྲོས་གཞི་གཉིས་པོ་དེ་དོན་དག་ཡོད་པ་ཞིག་རེད། ད་རེས་ཁོ་རང་ཚོས་མོས་མཐུན་བྱུང་བ་བཞིན་ཁ་དོན་ཚིག་ལ་གནས་པ་ཞིག་ཡོང་གི་འདུག་གམ་མི་འདུག་དེ་མགྱོགས་པོ་གསལ་པོ་ཆགས་ཀྱི་རེད། གལ་ཏེ་མགྱོགས་པོ་གསལ་པོ་མ་ཆགས་ནའང་ཕྱི་ཟླ་ ༡༠ ཟླ་མཇུག་ཚུན་ཆད་ལ་གསལ་པོ་ཆགས་རྒྱུ་ཡིན་པ་སྨོས་མེད་རེད། དེ་རྗེས་གནས་ཚུལ་གང་ཡིན་ནའང་གསལ་པོ་དང་གཙང་མ་ཞིག་ཆགས་རྒྱུ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ་ཀྱི་རེད།
མཐའ་བསྡོམས་ཉེ་ཆར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྫོགས་པའི་ནང་བོད་མི་སེར་སྐྱ་རྒན་གཞོན་མང་པོས་རང་སྲོག་བློས་བཏང་གིས་བོད་བསྟན་པ་ཆབ་སྲིད་དོན་དུ་ལས་འགུལ་མང་པོ་ཞིག་བརྩམས་ཡོད། ཁོང་ཚོའི་ལུས་སྲོག་དང༌། ཐ་ན་ཁྲག་གི་ཐིགས་པ་གཅིག་ཡིན་ནའང་དོན་མེད་ཆུད་ཟོས་སུ་མི་འགྲོ་བ་ང་ཚོས་ཡིད་ཆེས་བྱེད་ཆོག ང་ཚོའི་དྲན་ལམ་ལ་ཡོད་པའི་འཛམ་གླིང་གི་ལོ་སྟོང་ཕྲག་ལྔ་དྲུག་གི་བྱུང་རབས་ལ་ཕྱི་བལྟས་བསློག་ན་གཅིག་སྡུད་གཉའ་གནོན་རིང་ལུགས་འཛིན་མཁན་ག་འདྲ་ཞིག་ཡིན་ནའང་འགྱུར་བ་མེད་པར་བརྟན་པོ་ཇི་སྲིད་ནམ་གནས་ཀྱི་བར་བསྡད་པ་རྩ་བ་ནས་བྱུང་མེད། དུས་རབས་ཉི་ཤུ་པའི་ནང་བལྟས་པ་ཡིན་ནའང་ཧིཊ་ལར་དང་སོཝིཊ་ཡུནིཡན་གྱི་གནས་སྟངས་དང༌། དེ་བཞིན་རྒྱལ་ཁབ་ཆུང་ཙག་ནང་དམག་གིས་གཞུང་འཛིན་མཁན་དང་གཅིག་སྡུད་གཉའ་གནོན་གྱིས་གཞུང་འཛིན་མཁན་ཚང་མའི་མཐའ་མའི་གནས་བབ་ག་འདྲ་ཞིག་བྱུང་བ་དེ་ཧ་ཅང་གསལ་པོ་རེད། གཅིག་སྡུད་དབང་འཛིན་རིང་ལུགས་པ་དེ་ཚོ་ཟག་རྒྱུའི་དུས་ཚོད་དང་ཐག་ཉེ་པོ་སླེབས་སྐབས་རྟགས་མཚན་གསལ་པོ་ཞིག་གང་ཡོང་རྒྱུ་ཡོད་ཅེ་ན། ང་རྒྱལ་དང་གཞི་རྩ་མེད་པའི་གདེང་ཚོད་དེ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། རྒྱ་ནག་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ནང་དུའང་ང་རྒྱལ་དང་གཞི་རྩ་མེད་པའི་གདེང་ཚོད་ཚད་ལས་བརྒལ་བ་ཞིག་སླེབས་ཡོད་པ་དེ་ཧ་ཅང་གསལ་པོ་མཐོང་ཐུབ། དེར་བརྟེན་སྔ་ཕྱི་མ་གཏོགས་བོད་དོན་བདེན་མཐའ་གསལ་རྒྱུ་ཡིན་པ་བརྗོད་མ་དགོས། དེའི་སྐབས་དེ་སྔ་ཕན་ཆད་ལ་སྐུ་ལས་བསྐྱོན་མཁན་དེ་ཚོའི་ཁྲག་དང་རྔུལ་ཆུའི་ཐིགས་པ་རེ་རེ་བཞིན་ནས་རིན་ཐང་ཡོད་པ་ཞིག་དང༌། གྲངས་ཀ་བརྒྱབ་རྒྱུ་ཡོད་པ། ཆུད་ཟོས་མེད་པ་ཞིག་ཆགས་ཀྱི་རེད། དེ་ང་ཚོས་ཡིད་ཆེས་བརྟན་པོ་གནང་ཆོག ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་བུའི་སྟོབས་ཆེན་དེ་དག་ལ་ཁ་གཏད་གཅོག་གི་ཡོད་རེད། ཨ་རི་དང་རུ་སུ་དེ་ཚོས་རྒྱ་ནག་ལ་ཧ་ཅང་འཛེམས་ཟོན་བྱེད་ཀྱི་ཡོད། ལས་སླ་པོས་རྒྱ་ནག་ཁོང་ཁྲོ་བསླང་རྒྱུའི་བློ་ཁོག་སླེབས་ཀྱི་མེད། མི་འབོར་དང༌། དཔལ་འབྱོར། དམག་ཤུགས་བཅས་གང་ཐད་ནས་བལྟས་རུང་བོད་མི་ས་ཡ་དྲུག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་དུ་ཁ་གཏད་གཅོག་རྒྱུའི་གནས་སྟངས་ཤིག་མེད་རུང༌། ད་ལྟ་ཕན་ཆད་ལ་ཁ་གཏད་གཅོག་ནས་ཕྱིན་པ་རེད། མ་འོངས་པར་མུ་མཐུད་དེ་ཁ་གཏད་གཅོག་ནས་འགྲོ་རྒྱུ་རེད། དེའི་གནད་འགག་དེ་གང་ལ་ཐུག་ཡོད་ཅེ་ན། ང་ཚོའི་སྟོབས་ཤུགས་ལ་ཁོ་ཚོའི་སྟོབས་ཤུགས་ཀྱིས་འགྲན་མི་ཐུབ། ང་ཚོ་ལ་བདེན་པ་དང༌། འཚེ་བ་མེད་པའི་སྟོབས་ཤུགས་ཡོད་པ་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཀྱི་སྟོབས་ཤུགས་ཀྱང་ཡོད་རེད། སྟོབས་ཤུགས་གསུམ་པོ་དེ་ང་ཚོས་མ་ཉམས་པར་ཉར་ཐུབ་ན་ང་ཚོ་རྒྱལ་ཁ་ལོངས་རྒྱུ་ཡིན་པ་དེ་ས་རིས་ཐང་གསལ་རེད་ལ། ཐག་གཅད་ཆོག་པའི་གནས་སྟངས་ཤིག་ཀྱང་རེད། དཔེར་ན་འཚེ་བ་མེད་པའི་སྟོབས་ཤུགས་ལ་མཚོན་ན་སོ་སོའི་བསམ་བློའི་ནང་ཁོང་ཁྲོ་ལངས་ཏེ། འཚེ་བ་བྱེད་མ་ཐུབ་ནའང་འཚེ་བ་བྱེད་རྒྱུའི་བསམ་བློ་ཞིག་འཁྱེར་ནས་ང་ཚོའི་འཚེ་མེད་ཞི་བའི་སྟོབས་ཤུགས་དེ་ཉམས་ཆག་གཏོང་བ་ཡིན་ན་དེ་ནས་ང་ཚོས་ཁ་གཏག་གཅོག་རྒྱུའི་རེ་བ་བསྡད་མེད། དེ་བཞིན་ང་ཚོས་སོ་སོའི་བདེན་པའི་སྟོབས་ཤུགས་ལ་ཡིད་ཆེས་མ་བྱས་པར་གཡོ་སྒྱུ་དང་སྐྱག་རྫུན་བཤད་ནས་འགྲོ་རྒྱུའི་རྒྱ་ནག་གི་ཐབས་ལམ་བཞིན་བྱེད་ན་དེ་ནས་ང་ཚོས་ཁ་གཏད་མི་ཆོག ལྷག་པར་དུ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་དང་འགལ་བའི་ལས་ཀ་བྱེད་ན་ད་དུང་ལོ་སྟོང་ཕྲག་ཁ་ཤས་བསྒུག་དགོས་མ་གཏོགས། བོད་དོན་བདེན་མཐའ་གསལ་བའི་རེ་བ་བསྡད་མེད། དེར་བརྟེན་ཚོགས་པ་སྐྱིད་སྡུག་དང༌། མི་སྒེར། གཞུང་བཅས་གང་ཡིན་རུང༌། བོད་ཀྱི་རྩ་དོན་ཐོག་ག་འདྲ་ཞིག་གནང་ནའང་འཚེ་མེད་ཞི་བའི་ལམ་དང་མི་འགལ་བ་དང༌། བདེན་པའི་གནས་ལུགས་དང་མི་འགལ་བ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། དེའི་ཐོག་མང་ཚོགས་ཀྱིས་ནམ་ཡང་ལྷོད་གཡེང་མི་ཤོར་བ་ཞིག་གནང་རོགས་གནང༌། དེ་ལྷོད་གཡེང་ཤོར་ན་ང་ཚོ་མཐའ་གཅིག་ཏུ་ཕམ་ཁ་མ་གཏོགས། རྒྱལ་ཁའི་རེ་བ་བརྒྱབ་རྒྱུ་ལྷག་གི་མ་རེད། དེ་ཚང་མས་གསལ་པོ་མཁྱེན་པ་གནང་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།