ཐུགས་སྣང་གཞེན་བསྐུལ་གྲོས་འཆར་ཞིག་ཐོག་གསལ་བཤད།

ཕལ་ཆེར་དུས་ཚོད་ཐོག་གསོལ་ཇར་ཕེབས་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན། བཀུར་འོས་སྤྱི་འཐུས་རྣམ་པ་གཉིས་ནས་ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གནང་བ་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་ནང་ཡོད་པའི་བརྗོད་དོན་ཚང་མར་བཀའ་བློན་ཁྲི་པ་དང༌། བཀའ་ཤག་ཡོངས་རྫོགས་ཀྱི་མོས་མཐུན་ཆ་ཚང་ཡོད་པ་མ་གཏོགས་མོས་མཐུན་མེད་པ་གཅིག་ཀྱང་མེད། ཡིན་ནའང་བཀའ་ཤག་གསར་པ་ལ་མང་ཚོགས་ཀྱིས་ཐུགས་རེ་གནང་བ་བཞིན་ལས་ཀ་བྱེད་ཐུབ་དང་མི་ཐུབ་ངས་ད་ལྟ་གསལ་པོ་ཞུ་རྒྱུ་ཁག་པོ་འདུག ལྷག་པར་དུ་དཔལ་འབྱོར་གྱི་གནས་སྟངས་ཐོག་གསལ་པོ་ཞུས་ཐུབ་པ་དཀའ། གཞུང་གིས་ཐད་འཛིན་བྱེད་པའི་དཔལ་འབྱོར་གྱི་སྡེ་ཚན་དེ་དག་རིམ་པས་སྒེར་བདག་ལ་གཏང་རྒྱུའི་གནས་ཚུལ་དེའི་ཐོག་ཁ་སང་བཀུར་འོས་སྤྱི་འཐུས་མང་པོར་ཐུགས་འཚབ་ཡོད་པའི་རྣམ་པ་དང༌། ལྷག་པར་དུ་ལས་བྱེད་པ་དེ་དག་གི་འགྲོ་སྟངས་ཐོག་གང་བྱེད་རྩིས་ཡོད་པ་དང༌། དེ་བཞིན་ཐག་གཅོད་གནང་སྐབས་གཟབ་གཟབ་བྱེད་ན་མ་གཏོགས་ཉེན་ཁ་ཡོད་པ་དང༌། ཁེ་བཟང་ཡོད་པའི་ཚོང་ལས་མུ་མཐུད་ནས་ཉར་བ་གནང་ན་ཡག་པོ་ཡོད་པའི་སྐོར་བཀའ་གནང་སོང༌། སྤྱིར་བཏང་དེའི་ཐོག་བཀའ་ཤག་གི་གསལ་བཤད་རྗེས་མ་ཡོང་རྒྱུ་རེད། དེ་ཚོ་ཚང་མའི་ཐོག་ཚོར་སྣང་གང་བྱུང་ཞེ་ན། སྤྱི་འཐུས་རྣམ་པས་བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་ག་འདྲ་ཡོད་མེད་གསལ་པོ་མཁྱེན་གྱི་ཡོད་མ་རེད་སྙམ། ཐུགས་ཁག་མེད། གྲོས་ཚོགས་ལྟ་ཅི། བཀའ་ཤག་དང་བཀའ་བློན་ཁྲི་པས་ཀྱང་ད་ལྟ་ཡག་པོ་ཤེས་ཐུབ་མ་སོང༌། འདས་པའི་ལོ་བཅུ་ཕྲག་སྔོན་ནས་ད་ལྟ་འདིར་བཀའ་མོལ་ཞུ་མཁན་གྱི་གང་ཟག་དེ་ལ་བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་ཐོག་བློ་འཚབ་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ཞུ་ན། ནང་གི་གནས་སྟངས་དེ་དག་ཕྱོགས་མང་པོ་ཞིག་ནས་མཐོང་བ་དང་ཤེས་པ་དང་གོ་བ་ལ་བརྟེན་ནས་བློ་འཚབ་ཡོང་བ་མ་གཏོགས། སྤྱིར་བཏང་ཚོང་ཁང་དང་ཟ་ཁང་ཟིན་ན་ཡག་པོ་མིན་པའི་རྒྱུ་མཚན་གྱིས་བློ་འཚབ་ཡོང་བ་མ་རེད། ཡོང་བསྡད་ཚོགས་ཆུང་གིས་གསལ་བཏོན་གནང་བའི་ཧིན་སྒོར་འབུམ་ཆིག་སྟོང་ལྔ་བརྒྱ་ལྷག་གསུངས་པ་དེ་དུས་ཚོད་ངེས་ཅན་གྱི་ནང་རྩིས་ཞིབ་སྙན་ཞུ་ངེས་ཅན་ཐོག་ནས་ཞུ་དག་གནང་བ་མ་གཏོགས། འདས་པའི་མི་ལོ་བཞི་བཅུ་ཞེ་གཉིས་ཀྱི་གནས་སྟངས་འདིའི་ནང་མཚོན་གྱི་མེད། འདི་ནི་ལོ་བྱེ་བྲག་པ་གཉིས་གསུམ་གྱི་རྩིས་ཞིབ་ཀྱི་སྙན་ཐོའི་ནང་གསལ་བ་དེ་ཙམ་ཞིག་རེད། འདས་པའི་ལོ་བཞི་བཅུ་ཞེ་གཉིས་རིང་བཙན་བྱོལ་གཞུང་གི་དཔལ་འབྱོར་གྱི་གནས་སྟངས་གྲོས་ཚོགས་ཀྱིས་གསལ་པོ་མཁྱེན་པ་ཡིན་ན། བླ་རྒན་དེ་སེམས་འཚབ་བྱེད་པ་ཁག་མི་འདུག་དགོངས་པ་ཡོང་རྒྱུར་ངས་ཡིད་ཆེས་ཞུས་ཀྱི་ཡོད། རྗེས་ལོའི་ཕྱི་ཟླ་ ༣ པའི་ནང་སྔོན་རྩིས་ཚོགས་དུས་ཚོགས་གནང་གི་རཻད། དེ་སྐབས་རྒྱལ་ཁབ་གཞན་གྱི་འགྲོ་ལུགས་དང་མཐུན་པར་སྔོན་རྩིས་འབུལ་རྒྱུའི་ཉིན་གཅིག་གི་སྔོན་མར་དཔལ་འབྱོར་གྱི་གནས་སྟངས་བསྐྱར་ཞིབ་སྙན་ཐོ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། བཙན་བྱོལ་བོད་གཞུང་གི་དཔལ་འབྱོར་གནས་སྟངས་བསྐྱར་ཞིབ་ཀྱི་སྙན་ཐོ་དེའི་ནང་འདས་པའི་ལོ་ ༤༢ ནང་ང་ཚོས་སོ་སོ་སོ་སོར་མགོ་བསྐོར་ག་ཚོད་བཏང་འདུག ༧རྒྱལ་བ་རིན་པོ་ཆེར་དབུ་བསྐོར་ག་ཚོད་ཞུས་འདུག ལས་ཁུངས་ནང་ཕན་ཚུན་གཅིག་གིས་གཅིག་ལ་དབུ་བསྐོར་ག་ཚོད་བཏང་འདུག སོ་སོའི་ལས་ཁུར་འཁྱོལ་བ་དེ་ཙམ་གྱིས་འགྲིགས་པའི་དགོངས་པ་བཞེས་ནས་གནས་སྟངས་ག་འདྲ་བྱུང་འདུག དེ་ཚོ་ཚང་མ་གྲོས་ཚོགས་ཀྱི་མདུན་དུ་ངེས་པར་དུ་གསལ་པོ་བཟོ་དགོས་འདུག་སྙམ་པའི་བསམ་བློ་ཤུགས་ཆེན་པོ་ཡོད། བཀུར་འོས་སྤྱི་འཐུས་གྲོས་འཆར་གནང་མཁན་གྱིས་རྒྱུན་ལས་ནས་ཡིག་ཆུང་གནང་ཡོད་རེད་ཅེས་བཀའ་གནང་སོང༌། རྒྱུན་ལས་ནས་ཡིག་ཆུང་གནང་བ་དེ་ངས་དམ་འབུལ་ཞུས་པའི་ཉིན་གཉིས་ཀྱི་རྗེས་སུ་ཤེས་སོང༌། སྐབས་དེ་དུས་ཟླ་བ་གཅིག་ལྷག་ཙམ་ཕྱིན་ཟིན་འདུག་སྟེ་ཕྱག་ལས་གང་ཡང་གནང་རྒྱུ་བྱུང་མི་འདུག དམིགས་བསལ་ངས་དེའི་ཐོག་ཟླ་བ་གཉིས་ནང་ཚུད་རྒྱུན་ལས་ལ་ལྗགས་ལན་ཕུལ་དགོས་པ་ཡིན་སྟབས་འཕྲལ་དུ་ཞིབ་འཇུག་དོ་ནན་དགོས་པའི་བཀོད་ཁྱབ་ཞུས་པ་ཡིན། དེ་རྒྱ་ཆེན་པོ་གང་ཡང་མ་རེད། སྤྱི་འཐུས་དང་བཀའ་བློན་དྲུང་ཆེ་ཡན་ཆད་ཀྱི་མཚན་ཐོག་ཏུ་ཡོད་པའི་ཡོང་བསྡད་རྣམས་ཟླ་བ་གཉིས་ནང་གསལ་པོ་བཟོས་ཞེས་བཀའ་གནང་བ་རེད། དེ་ངེས་པར་དུ་བསྒྲུབ་དགོས་པ་ཞིག་རེད། འོན་ཀྱང་ཟླ་བ་གཉིས་ནང་སྒྲུབ་ཐུབ་པའི་ཡིད་ཆེས་ཤིག་ད་ལྟ་ང་ལ་རྙེད་མ་སོང༌། གཞུང་ཞབས་རྣམས་ཚོགས་འདུ་བྱས་པའི་སྐབས་ངས་གསལ་པོ་བྱས་ནས་བཀུར་འོས་གཞུང་ཞབས་བྱེ་བྲག་པ་ཞིག་ལ། ངས་ད་ལྟ་ཁྱེད་རང་རྐུན་མ་རེད་ཞུས་ན། རྐུན་མ་མིན་པའི་དག་སྐྱེལ་མནའ་བསྐྱལ་ན་མ་གཏོགས་ཡིག་ཆའི་ཐོག་ནས་ཁུངས་བསྐྱལ་མི་ཐུབ་པ་ངས་མཐོང་སོང་ཞེས་ཞུ་རྒྱུ་བྱུང༌། ཕྱོགས་གཅིག་ནས་བལྟས་ན་གནས་ཚུལ་འདི་རིགས་ངེས་པར་དུ་རྒྱུ་མ་ཕུ་འདེབས་བྱེད་དགོས་ངེས་སུ་འདུག་ཀྱང༌། ཕྱོགས་གཞན་ཞིག་ནས་བལྟས་ན་ལས་དོན་དེའི་ཐོག་མཐུན་འགྱུར་དང་རྒྱབ་སྐྱོར་ག་ཚོད་ཐོབ་ཡོང་བཤད་ཁག་པོ་འདུག གཞུང་ཞབས་སྲི་ཞུ་བ་སྤྱི་དང༌། ཁྱད་པར་དུ་གནས་ཚུལ་འདི་རིགས་དང་ཐད་ཀར་འབྲེལ་བ་ཡོད་མཁན་ཚོའི་ས་ནས་མཐུན་འགྱུར་དང་རྒྱབ་སྐྱོར་རག་རྒྱུ་རང་བཞིན་གྱི་དཀའ་ལས་ཁག་པོ་ཆགས་ཡོད་རེད། ཡིན་ནའང་གྲོས་ཚོགས་ཀྱི་རྒྱབ་སྐྱོར་རག་རྒྱུའི་རེ་བ་ཞུས་ཀྱི་ཡོད་དེ། དངོས་དོན་སྤྱི་འཐུས་རྣམ་པས་གཞུང་གི་དངུལ་ས་ཡ་མང་པོའི་གྱོང་གུན་དང༌། འབྲེལ་ཡོད་ལས་བྱེད་བདུན་བརྒྱད་ཀྱི་ཁེ་ཕན་གཉིས་པོ་འདེམས་ཁ་གནང་དགོས་བྱུང་ན་གང་འདེམས་ཀྱི་ཡོད་འགྲོ་ཐེ་ཚོམ་འདུག ཁ་སང་གསུང་བཤད་གནང་བའི་སྐབས་ལས་བྱེད་ཀྱི་ཁེ་ཕན་དེ་གཞུང་གི་ཁེ་ཕན་ལས་གནད་འགག་ཆེ་བ་རྩིས་གནང་མཁན་བྱུང་སོང་སྙམ་པའི་ཚོར་སྣང་བྱུང་སོང༌། དེར་བརྟེན་དངོས་སུ་ལས་དོན་ལག་ལེན་བསྟར་བའི་སྐབས་མི་མང་པོ་ལ་དགྲ་གསོག་དགོས་པ་དང༌། མི་མང་པོ་དམར་ཧྲེང་ཕུད་དགོས་པ། མི་མང་པོའི་ཁེ་ཕན་ལ་གནོད་སྐྱོན་གཏོང་དགོས་རྒྱུ་ཡིན་པ་ནི་གཞི་གྲུབ་པ་ཞིག་རེད། དེའི་སྐབས་ད་ལྟ་ཁྱེད་རྣམ་པས་བཀའ་ཤག་གསར་པ་ཞེས་གསུངས་ཀྱི་ཡོད་པ་དེས་གདོང་ལེན་བྱེད་དགོས་པ་རེད། བཀའ་ཤག་རྙིང་པ་མ་ཆགས་གོང་བཀའ་ཤག་འཕོས་དགོས་པའི་གནས་ཚུལ་བྱུང་བ་ཡིན་ན། སླར་ཡང་བཀའ་ཤག་གསར་པ་གཞན་ཞིག་གིས་མཇུག་སྐྱོང་བྱེད་དགོས་པའི་གནས་ཚུལ་ཡོང་མི་སྲིད་པ་མ་རེད་བསམ་གྱི་འདུག དེར་བརྟེན་བཀུར་འོས་སྤྱི་འཐུས་ཀྱིས་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་གནང་བ་དེ་ལ་ང་ཚོས་ངེས་པར་དུ་དོ་སྣང་ཞུ་ཆོག་པ་དང༌། དོ་སྣང་ཞུས་པའི་སྐབས་ལ་གྲོས་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཡོལ་བ་ལ་རྒྱབ་གཏད་པ་ལྟ་བུ་མིན་པར་རྩིག་པར་རྒྱབ་གཏད་པ་ལྟ་བུ་ཡོང་རྒྱུའི་རེ་བ་ཞུས་ཀྱི་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨