ཐུགས་སྣང་གཞེན་བསྐུལ་གྲོས་འཆར་ཞིག་གི་ཐོག་གསལ་བཤད།

བཀུར་འོས་སྤྱི་འཐུས་ཀྱིས་དགོངས་པ་ཟབ་བཞེས་ཀྱི་ཐོག་ནས་ཐུགས་སྣང་གཞེན་བསྐུལ་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་པ་དང༌། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ལ་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་གཏོགས་པའི་གངས་ཅན་པ་སྤྱི་དང༌། བྱེ་བྲག་གཞུང་ས་མཆོག་ནས་སྲི་ཞུ་ཕུ་དུད་ཞུ་དགོས་པ་གལ་ཆེན་པོ་རེད། དེ་སྔའང་གང་ཐུབ་ཅི་ཐུབ་ཞུས་འདུག་ཅིང༌། མ་འོངས་པར་ཡང་ཞུ་རྒྱུ་ཡིན།
གཞུང་འབྲེལ་མཛད་སྒོ་དང་དུས་སྟོན་སོགས་ལ་གདན་ཞུ་སྐབས་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་འདུལ་བ་གཞིར་བཟུང་བྱས་པ་ཡིན་ན་གྲིབ་མ་སོར་གང་གི་བསླབ་པ་རྒན་གཞོན་ལ་ལྟོས་ནས་བཞུགས་གྲལ་རང་བཞིན་གྱིས་འགྲིགས་འགྲོ་བ་རེད། ཡིན་ནའང་བོད་ཆོས་ལྡན་གྱི་ཞིང་གི་མདོ་སྔགས་ཟུང་འབྲེལ་གྱི་གནས་སྟངས་ཁྱད་པར་ཅན་ཞིག་ཡིན་སྟབས་བླ་ཆེན་རྣམ་པ་ཚོའི་བཞུགས་གྲལ་གྱི་སྐོར་ལ་དྲི་བ་ཡང་ཡང་ཡོང་བསྡད་པ་ཞིག་རེད། དེ་འདྲ་སོང་ཙང་བཀའ་ཤག་གིས་ཆོས་དོན་ལས་ཁུངས་ལ་ད་རེས་གྲོས་ཚོགས་འདིའི་སྐབས་ཆོས་ལུགས་སྤྱི་འཐུས་རྣམ་པ་ཡོངས་རྫོགས་དང་གོ་བསྡུར་ཞུས་ཏེ་བཞུགས་གྲལ་སྒྲིག་ཕྱོགས་གཏན་འབེབས་གནང་རྒྱུ་དང༌། མ་འོངས་པར་དེ་རང་རྩ་འཛིན་བྱེད་དགོས་པའི་བཀོད་མངགས་ཞུས་ཡོད། སྔོན་མའང་ཚོགས་འདུ་གཅིག་གི་ནང་གྲལ་མགོ་བརྒྱད་བཟོ་དགོས་པ་བྱུང་ཡོད། དེའང་བཞུགས་གྲལ་འཁོད་སྟངས་ཐོག་ཚང་མར་ཚོར་སྣང་སྐྱེན་པོ་ཡོད་པའི་དབང་གིས་བྱུང་བ་རེད། བོད་གཞུང་གི་ངོས་ནས་ཆོས་ལུགས་ཆོས་བརྒྱུད་ཀྱི་དབུ་ཁྲིད་སུ་ལའང་སྲི་ཞུ་ཕུ་དུད་མ་ཞུས་པ་དང་ཞུ་འདོད་མེད་པའི་ནོར་འཁྲུལ་ཕྱིན་པ་རྩ་བ་ནས་མེད། འོན་ཀྱང་སྲི་ཞུ་ཕུ་དུད་ཞུ་ཡུལ་མང་ཐག་ཆོད་སྐབས་མཚམས་རེ་རིང་ཐུང་ཕྲན་བུ་ཤོར་བ་ཡོང་གི་འདུག དེའི་ཐོག་ཆོས་ལུགས་སྤྱི་འཐུས་རྣམ་པས་ལམ་སྟོན་གསལ་པོ་ཞིག་གནང་བ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད། བསོད་སྡེ་དམན་པ་ཞིག་ལ་བོད་ཀྱི་བྱུང་རབས་ལ་ཕྱི་བལྟས་སློག་པ་ཡིན་ནའང་བོད་ཆོས་ལྡན་གྱི་ཞིང་དུ་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པའི་བཞུགས་གྲལ་སྒྲིག་སྟངས། སྐུ་ཕྱག་གནང་སྟངས། ཕེབས་བསུ་སྣེ་ལེན་ཞུ་སྟངས་བཅས་ལ་བརྟེན་པའི་སྐུ་ངལ་རིམ་པས་བྱུང་བ་མ་ཟད། དེའི་ཐོག་ནས་བོད་ཀྱི་བསྟན་པ་དང་ཆབ་སྲིད་ལ་ཕན་གནོད་འདྲེས་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་གྲོས་ཚོགས་འདིའི་ནང་ལོ་རྒྱུས་སྨྲ་བ་མང་པོ་བཞུགས་འདུག་པ་དེ་ཚོས་མཁྱེན་གྱི་རེད།
སློབ་གྲྭ་དང་དེ་མིན་ས་གནས་ཁག་ཏུ་ཆོས་དགེ་གཏོང་ཕྱོགས། ཆོས་སྡེ་ཁག་ལ་མཐུན་འགྱུར་རོགས་རམ། ཟབ་སྦྱོང་དང་སྐུ་ཚབ་གཏོང་བ། གཞུང་གི་སྔོན་རྩིས་ནས་བཀའ་ཁྲོལ་གནང་དགོས་ཁག་གཅིག་གྱུར་ཡོང་ཐབས་ལྷག་བསམ་རྣམ་དག་གིས་འབད་བརྩོན་ཞུ་བཞིན་པ་མ་ཟད། མ་འོངས་པར་ཡང་མུ་མཐུད་ནས་ཞུ་རྒྱུ་ཡིན། ལྷག་པར་དུ་སྔོན་རྩིས་ནས་བཀའ་ཁྲོལ་གནང་དགོས་པ་ཁག་སྤྱི་འཐུས་ལྷན་ཚོགས་ཀྱི་བཏང་འཛིན་འོག་བཀའ་ཁྲོལ་གནང་གི་ཡོད་པ་ཡིན་ཙང་ཁྱད་པར་ཤོར་རྒྱུའི་དྭོགས་པ་མེད། སློབ་གྲྭ་ཁག་དང་དོན་གཅོད་ཁག་ལ་ཆོས་དགེ་གཏོང་རྒྱུའི་ཆེད་ང་ཚོས་ཡང་ན་གསལ་བསྒྲགས་དང༌། ཡང་ན་རེ་འདུན་གྱི་ལམ་ནས་གོ་སྒྲིག་བྱེད་ཀྱི་ཡོད། ཡིན་ནའང་དེ་ཚོ་གྲངས་ཁ་མང་ཉུང་གཏན་ནས་མེད་པའི་གཅིག་གྱུར་ཆོས་ལུགས་ཆོས་བརྒྱུད་ཡོངས་ལ་ཡོང་རྒྱུ་ཁག་པོ་འདུག དཔེར་ན་ས་མིག་གཅིག་གཉིས་ཤིག་ཡོད་ན་ཚང་མ་ལ་ཁྱབ་ཐུབ་ཐབས་མི་འདུག ཚང་མར་གཅིག་གྱུར་ཡོང་རྒྱུ་དཀའ་ཡང༌། དེ་ནི་ཆོས་ལུགས་ཆོས་བརྒྱུད་ཡོངས་ལ་གཅིག་གྱུར་གྱིས་གུས་བརྩི་མ་ཞུས་པའི་མཚོན་རྟགས་རྩ་བ་ནས་མིན། དངོས་ཡོད་ཀྱི་རྒྱུ་མཚན་དེ་དག་སྙན་གསན་ཞུས་པའི་ཐོག་འདས་པ་དང་ད་ལྟའི་ལམ་ལུགས་ལ་རྟོག་ཞིབ་དང་འབྲེལ་བབ་ལྷིང་བརྟན་གསུམ་གྱི་སྒོ་ནས་ཞུ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣