ཉམ་ཐག་འཚོ་བའི་མདུན་ལམ་སྐོར་དྲི་བ་དྲིས་ལན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས། དེ་ཡང་ཉེ་ཆར་མི་རྗེ་མཆོག་ནས་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་ད་དུང་གཞིས་ཆགས་དང་འཚོ་ཐབས་ཀྱི་མདུན་ལམ་ངེས་གཏན་མེད་པའི་འཁོས་དམན་དང༌། གཞིས་སྒར་རྣམས་སུའང་འཚོ་ཐབས་དང་འཕྲོད་བསྟེན་གྱི་མཐུན་རྐྱེན་མ་འཛོམས་པའི་ཉམ་ཐག་རིགས་ཀྱང་ཡོད་བཟོ་འདུག་པ། དེ་ཚོར་ཕུགས་འཕེར་གྱི་འཚོ་བའི་མདུན་ལམ་སྟོན་ཐབས་བྱ་རྒྱུ་དེ་བཀའ་ཤག་གསར་པའི་ལས་འགན་ཡིན་ཞེས་ཕེབས་ཐད་བཀའ་འདྲི་ཞུ་རྒྱུ།
ཀ ད་སྔོན་ནང་ཤེས་འཕྲོད་གསུམ་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འཚམས་གཟིགས་ཕེབས་མཁན་རྣམས་ཀྱིས་རྟོག་ཞིབ་བྱས་པའི་ཉམ་ཐག་གྲངས་སུ་མ་ཚུད་པའི་འཁོས་དམན་ཉམ་ཐག་ག་ཚོད་ཡོད་པ་གཟིགས་ཀྱི་ཡོད་དམ།
ཁ ཡོད་ན་ས་གནས་གང་དུ་ཉམ་ཐག་འཁོས་དམན་ག་ཚོད་ཡོད་པའི་སྔོན་དཔག་གནང་གི་ཡོད།
ག ཉམ་ཐག་རྣམས་ལ་འཕྲལ་སེལ་གྱི་རོགས་ཕན་ད་སྐབས་བཞིན་མིན་པར་ཕུགས་འཕེར་གྱི་འཚོ་བའི་མདུན་ལམ་གནང་འཆར་གང་ཡོད་གསལ་བཤད་བཀྲིན་ཆེ་བ་ཞུ།

བཀའ་ལན།
ཀ དེ་སྔོན་ནང་ཤེས་འཕྲོད་གསུམ་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འཚམས་གཟིགས་ཕེབས་མཁན་རྣམས་ཀྱིས་རྟོག་ཞིབ་བྱས་པའི་ཉམ་ཐག་གྲངས་སུ་མ་ཚུད་པའི་འཁོས་དམན་ཉམ་ཐག་གང་འཚམས་ཡོད་བཟོ་དང༌། ལྷག་པར་བོད་རིགས་ཁ་འཐོར་གནས་སྡོད་ནང་མང་ཙམ་ཡོད་ལུགས་སྤྱི་འཐུས་འཚམས་གཟིགས་ཕེབས་མཁན་ཁ་ཤས་ཀྱིས་གསུང་གི་འདུག ད་ལྟའི་ཆར་ཆེད་དམིགས་ཞིབ་འཇུག་ལས་འགོ་མ་ཚུགས་པས་གྲངས་འབོར་ངེས་ཅན་ཞུ་རྒྱུ་མེད་ལགས།
ཁ ས་གནས་སོ་སོར་ཉམ་ཐག་གྲངས་འབོར་ཇི་ཡོད་ཀྱང་གསལ་པོ་ཞུ་རྒྱུ་མེད།
ག ཉམ་ཐག་རྣམས་ལ་འཕྲལ་སེལ་རོགས་ཕན་གང་ཐུབ་གནང་རྒྱུའི་ཐོག་ཕུགས་འཕེར་འཚོ་བའི་མདུན་ལམ་གནང་ཕྱོགས་ཐད་ས་ཁུལ་སོ་སོའི་གནས་བབས་དང་ཉམ་ཐག་དེའི་ལས་འབྱོན་དང་ཤེས་ཡོན་གཟུགས་བབས་བཅས་ཀྱི་གནས་སྟངས་ལ་ཞིབ་འཇུག་ཞུས་ཏེ་འོས་འཚམས་འཆར་འགོད་ཀྱིས་ལག་ལེན་འཁེལ་ཐབས་འབད་བརྩོན་ཞུ་འཆར་ཡིན།

སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས་འཕྲོས་དོན་དྲི་བར།
བཙན་བྱོལ་སྤྱི་ཚོགས་ནང་ད་ཡོད་ཉམ་ཐག་རྣམས་ལ་མ་འོངས་མདུན་ལམ་དང་འཚོ་བ་ཕུགས་འཕེར་ཐོག་དགོངས་འཆར་གང་ཡོད་དམ།

བཀའ་ལན།
སྔར་ཞིབ་འཇུག་གནང་ནས་ད་ལྟའང་ཉམ་ཐག་ལུས་ཡོད་པ་འཛིན་སྐྱོང་བཀའ་ཤག་གིས་གསལ་པོ་ཤེས་འདུག་གསུངས་པ་དེ་དངོས་བདེན་རེད། ལུས་པ་དེ་དག་བཀའ་ཤག་དང་བཀའ་བློན་རྣམ་པས་འདི་དང་འདི་ཞེས་ད་ལྟ་ཞུ་ཐུབ་པ་མི་འདུག ཡིན་ནའང་ཁ་སང་བཀའ་ཁྲིའི་དམ་འབུལ་རྗེས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་ལས་དོན་དེ་གལ་ཆེན་ཡིན་ཞེས་ཞུ་དགོས་དོན་ནི། ྋགོང་ས་མཆོག་ནས་སྔ་རྗེས་བར་གསུམ་དུ་གཞིས་ཆགས་ཁག་ཏུ་ཆིབས་བསྒྱུར་བཀྲིན་བསྐྱངས་སྐབས་ཐུགས་ཞིབ་བྱུང་བ་དང༌། དེ་ཞིབ་འཇུག་གནང་དགོས་ཀྱི་བཀའ་ཕེབས་པ་དང༌། ཕྱོགས་གཞན་ཞིག་ནས་སྤྱི་འཐུས་འཚམས་གཟིགས་ཕེབས་མཁན་རྣམས་ནས་ཁོ་བོ་བཀའ་ཁྲིའི་དམ་འབུལ་མ་ཞུས་གོང་གནད་དོན་དེའི་ཐོག་དོ་སྣང་བྱེད་དགོས་ཀྱི་བཀའ་ཕེབས་བྱུང༌། ཡིན་ནའང་སྤྱི་འཐུས་རྣམ་པས་ཐུགས་ཞིབ་ཆུབ་པའི་ཉམ་ཐག་རྣམས་ཀྱི་མཚན་དང༌། གནས་སྟངས། ས་གནས་གང་དུ་ཡོད་པ་དང་བཅས་ཀྱི་སྙན་ཐོ་གནང་མ་བྱུང༌། དེས་ན་འདིར་ཁ་གྲངས་ཞུ་རྒྱུ་མེད། སྤྱི་འཐུས་རྣམ་པས་ཞལ་རྫུན་གསུང་གི་མ་རེད། ཉམ་ཐག་ལུས་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་པར་འཛིན་སྐྱོང་བཀའ་ཤག་ནས་ངོས་ལེན་ཞུ་གི་ཡོད། དེ་དང་ལྷན་དུ་དཀའ་ངལ་དེ་སེལ་ཐབས་སུ་འཕྲལ་དུ་གང་བྱེད་དགོས་པ་དང༌། ཕུགས་ལ་གང་བྱེད་དགོས་སྐོར་བསམ་བློ་གཏོང་རྒྱུ་ཡིན་ཞེས་ལས་དོན་བྱེད་རྒྱུའི་འདུན་པ་ཙམ་ཞིག་ཞུས་པ་ལས་ཞིབ་ཆའི་ཞིབ་འཇུག་བྱས་ཟིན་ཞེས་ཞུས་པ་མིན། བཀའ་ཤག་གི་གསལ་བཤད་ནང་འདིའི་སྐོར་བཀོད་ཡོད་པར་གྲོས་ཚོགས་ནས་དགག་བྱ་མ་བྱུང་ན་གྲོས་ཚོགས་གྲོལ་རྗེས་སེམས་ཁུར་ཆེན་པོའི་ཐོག་འབད་བརྩོན་ཞུ་རྒྱུ་ཡིན། དེ་སྔ་ཕན་ཆད་དུ་ཉམ་ཐག་ཞིབ་འཇུག་གནང་ཚུལ་ལ་མཚོན་ན། བུ་ཕྲུག་མང་བས་ཉམ་ཐག་ཡིན་ཚེ་བུ་ཕྲུག་དེ་དག་ཤེས་ལྷན་ནས་སློབ་འཇུག་ཞུ་རྒྱུ་དང༌། གཟུགས་བབས་བདེ་པོ་མེད་པའི་དབང་གིས་ཉམ་ཐག་ཡིན་ན་འཕྲོད་ལྷན་ནས་སྨན་བཅོས་ཞུས་ཏེ་གང་ཟག་དེ་ལས་ཀ་ཐུབ་པ་བཟོ་རྒྱུ་དང༌། རང་བཞིན་གྱི་རྒས་པ་དང་འཚོ་བའི་མདུན་ལམ་མེད་པར་གནས་པ་དེ་འདྲའི་རིགས་ལ་ནང་སྲིད་ནས་རྒས་གསོ་དང་གཞིས་ཆགས་སོགས་ཀྱི་མདུན་ལམ་འབུལ་རྒྱུ་བཅས་ཡིན། ཁོ་བོས་གོང་དུ་ཞུས་པ་བཞིན་གཞིས་ཆགས་ཁག་ནང་ཡང་དག་པ་ཞིག་ཡོང་མིན་ལ་མ་ལྟོས་པར་ཞིབ་འཇུག་གིས་ཁྱབ་ཡོད། ཡིན་ནའང་ཁ་ཐོར་དུ་གནས་པའི་བོད་རིགས་ཁྲོད་ནང་ཤེས་འཕྲོད་གསུམ་གྱི་ཞིབ་འཇུག་ཚོགས་ཆུང་དེས་མ་ཁྱབ་པར་ལུས་པ་དེ་འདྲ་ཡོད་པ་དེ་དག་གི་མཚན་ཐོ་སོགས་སྤྱི་འཐུས་འཚམས་གཟིགས་ལ་ཕེབས་མཁན་རྣམས་ཀྱི་ས་ནས་གནས་ཚུལ་ཞུ་རྒྱུ་ཡིན།
དེ་ནས་གནས་སྐབས་འཚོ་སྣོན་གནང་བས་ཕན་མི་ཐོགས་པ་ཞེས་གསུངས་པ་དེ་བཀའ་ཤག་གིས་གསལ་པོ་ཤེས་ཀྱི་ཡོད། དཔེར་ན་ཉམ་ཐག་གཅིག་ལ་སྒོར་ཆིག་སྟོང་ངམ་ཉིས་སྟོང་གི་ཕོགས་ལྟ་བུ་ཞིག་ཕུལ་བ་ཡིན་ནའང་དེས་ཉམ་ཐག་གི་གནས་སྟངས་སེལ་ཐུབ་པ་ཡོང་རྒྱུ་ཁག་པོ་འདུག དེར་བརྟེན་འཕྲལ་སེལ་ཟླ་བ་ ༥།༦ གམ་ལོ་རེ་གཉིས་བར་འཚོ་སྣོན་དགོས་ངེས་ལ་འཚོ་སྣོན་འབུལ་རྒྱུ་ལས། དེ་མིན་ཉམ་ཐག་རང་གི་ལས་འབྱོན་དང༌། ཤེས་ཡོན། གཟུགས་བབས། དེ་བཞིན་སྡོད་གནས་ཀྱི་ས་ཁུལ་དེར་ལས་ཀ་གང་བྱེད་རྒྱུ་ཡོད་པ་དེ་ལ་དཔགས་ཏེ། དཔེར་ན་སྒོ་ཕྱུགས་གསོ་སྐྱོང་བྱ་ཡུལ་གྱི་ས་གནས་ཤིག་ལ་སྒོ་ཕྱུགས་གསོ་སྐྱོང་གི་གོ་སྐབས་བཙལ་རྒྱུ་དང༌། འཚེམ་བཟོ་དང་རུམ་འཐག་སོགས་ལག་ཤེས་ཐོག་ལས་ཀ་བྱ་ཡུལ་ཡོད་སའི་ས་གནས་ལ་ཡོད་ཚེ་ལག་ཤེས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་སྦྱར་ན་ལེགས་པོ་ཡོད་མེད་བལྟ་རྒྱུ་དང༌། ཡང་སོ་ནམ་ཞིང་ལས་ཀྱི་ལས་ཀ་བྱེད་ཐུབ་མཁན་ཞིག་ཡིན་ཚེ་ས་ཆའི་མཐུན་རྐྱེན་སྦྱར་བ་སོགས་མདོར་ན་ཕྱོགས་མང་པོ་ཞིག་ནས་བལྟས་ན་མ་གཏོགས་རྒྱུགས་པ་ལེབ་རྡུང་ལྟ་བུའི་འཆར་གཞི་ངེས་ཅན་གཅིག་གི་ཐོག་འགྲོ་རྒྱུ་ཡིན་ཞེས་ཞུ་རྒྱུ་ཁག་པོ་འདུག ལྷག་པར་དུ་ཉམ་ཐག་རང་ཉིད་ཀྱི་གནས་སྟངས་ལ་བལྟ་རྒྱུ་དེ་གལ་ཆེན་པོ་འདུག འདས་པའི་དུས་སུ་ཉམ་ཐག་ལ་ལར་རང་གཞུང་ནས་ཕྱུགས་གསོའི་ཆེད་བ་ཕྱུགས་སོགས་ཕུལ་བ་བྱུང་ཡོད། ཡིན་ཡང་ལོ་རྗེས་མར་བ་ཕྱུགས་གང་དུ་ཡོད་མེད་འདྲི་དུས་སྐབས་དེ་གའི་ཐོག་བ་ཕྱུགས་བཙོངས་ཏེ་དངུལ་བཟས་ཚར་བའི་གནས་ཚུལ་བྱུང་འདུག དེར་བརྟེན་རྒྱུན་དུ་ལྟ་རྟོག་བྱས་ཏེ་རོགས་རམ་བྱེད་དགོས་པའི་ཉམ་ཐག་མང་པོ་འདུག དེས་ན་འདིར་བཀའ་ཤག་ནས་ད་ལྟ་ལས་འཆར་འདི་དང་འདི་ཞེས་ཞུ་ཐུབ་པ་མི་འདུག མདོར་ན་གསལ་བཤད་དུ་བཀོད་པ་བཞིན་ཉམ་ཐག་ཡོད་སའི་ས་གནས་སུ་བྱ་བ་གང་དང་གང་བྱེད་ཐུབ་པ་དང༌། ཉམ་ཐག་རང་ཉིད་ཀྱི་གཟུགས་བབས་དང་ཤེས་འཇོན་ཐོག་གང་དང་གང་བྱེད་ཐུབ་པ་སོགས་བརྟག་དཔྱད་བྱས་ཏེ། རྒས་འཁོགས་རིགས་ཐད་ཀར་རྒས་གསོ་ཁང་དུ་གཏོང་རྒྱུ་ལས། དེ་མིན་ལོ་ན་གཞོན་པ་སོ་སོའི་མདུན་ལམ་བཙལ་ཐུབ་མཁན་རིགས་ལ་འཛིན་སྐྱོང་ནས་སོ་སོའི་རྐང་པའི་ཐོག་ལང་ཐུབ་རྒྱུའི་མཐུན་རྐྱེན་སྤྲད་རྒྱུའི་ལས་འཆར་བསྒྲིག་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་ཕུན་ཚོགས་ལགས་ནས།
བཀའ་ཁྲི་མཆོག་གི་གསུང་ལན་དུ། འཛིན་སྐྱོང་ནས་བ་ཕྱུགས་སྦྱིན་པ་དག་བཙོངས་ནས་བཟས་པ་སོགས་གསུངས་པ་ད་ཆ་ཡང་གལ་ཏེ་འཛིན་སྐྱོང་ནས་དེ་ལྟར་གནང་རྗེས་འབྲེལ་ཡོད་ནས་གོང་ལྟར་གནང་ན་གནང་འཆར་གང་ཡོད་དམ།

བཀའ་ལན།
ད་ལྟའི་འཕྲོས་དོན་དྲི་བ་དེར་ལན་ཞུ་རྒྱུ་ཁག་པོ་འདུག ཇི་སྐད་དུ། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་གསུངས་པ་ལྟར། སྐལ་བ་མེད་པས་བཟང་མི་མྱོང་བའི་སྐལ་དམན་རྣམས་སངས་རྒྱས་ཀྱི་ཐུགས་རྗེས་བཏང་གི་རེད་དམ་ཞེ་ན། བཏང་ཐབས་རྩ་བ་ནས་མེད། མཐའ་སྐོར་རི་སྐོར་བྱས་ཏེ་མཐའ་མ་དེའི་རྒྱུད་ཀྱི་རིགས་སད་ཐབས་དང༌། རྒྱས་འགྱུར་གྱི་རིགས་རྒྱས་རྒྱུའི་ཐབས་ཤེས་གནང་དགོས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། དེ་བཞིན་དུ་འཛིན་སྐྱོང་ནས་ལན་གཅིག་རོགས་རམ་ཞུས་རྗེས་ཚུལ་མ་མཐུན་བྱས་ཏེ་སླར་ཉམ་ཐག་ཏུ་གྱུར་པ་དེ་ལ་བསྐྱར་དུ་རོགས་རམ་མ་བྱས་པར་འཛིན་སྐྱོང་ནས་བོར་གྱི་རེད་དམ་ཞེ་ན། དེ་ནི་རྩ་བ་ནས་བོར་ཐབས་མེད། སྤྱིར་སྟངས་དེ་འདྲའི་རིགས་ལ་རོགས་རམ་སྦྱར་རྗེས་ལྟ་རྟོག་རྒྱུན་ལྡན་མ་གནང་བ་དེ་འགྲིགས་ཀྱི་མི་འདུག་སྙམ། དེར་བརྟེན་ཉམ་ཐག་དེ་རིགས་ས་གནས་གང་དུ་ཡོད་རུང༌། དེ་གའི་འགོ་འཛིན་དང་ལས་བྱེད་རྣམས་ལ་འཛིན་སྐྱོང་ནས་ཉམ་ཐག་དེར་རོགས་རམ་མཐུན་འགྱུར་དེ་ལྟར་སྦྱར་ཡོད་པ་དང༌། འབྲེལ་ཡོད་ལས་བྱེད་ནས་དུས་ནས་དུས་སུ་ལྟ་སྐྱོང་བྱེད་དགོས་ཀྱི་བཀོད་མངགས་གཏོང་རྒྱུའི་བསམ་བློ་གཏོང་བཞིན་པ་ཡིན། དེ་ལྟར་བྱས་ན་ལས་སྣེ་གཅིག་གི་ཐོག་ལམ་ལྷོང་མ་ཕྱིན་པ་དེ་ལས་སྣེ་གཞན་ཞིག་གི་ཐོག་ལམ་ལྷོང་ཡོང་གི་ཡོད་མེད་དཔྱད་པ་བྱས་ཏེ་མཐའ་མ་མི་དེ་ཉམ་ཐག་གི་གནས་ལས་མ་གྲོལ་བར་མུ་མཐུད་ནས་གཟིགས་སྐྱོང་གནང་རྒྱུ་དེ་གཞུང་གི་ལས་འགན་ཡིན།

སློབ་ཐོན་ལས་མེད་སྐོར་ཐུགས་སྣང་གཞེན་བསྐུལ་ལ་གསལ་བཤད།
ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ཐུགས་སྣང་གཞེན་བསྐུལ་གནང་མཁན་གྱིས་གསལ་བཤད་གནང་བའི་གནད་དོན་སྐོར་དངོས་ཡོད་ཀྱི་གནས་ཚུལ་ལ་བརྟེན་པ་ཤ་སྟག་རེད་འདུག་པས། ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དེའི་ཐོག་ངེས་པར་དུ་འཛིན་སྐྱོང་ནས་དོ་སྣང་ཞུ་རྒྱུ་དང༌། འཕྲལ་སེལ་དང་ཕུགས་འཕེར་གྱི་ལས་འཆར་གང་བཟོ་ཐུབ་པ་བཟོ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། ང་རང་ཚོས་དམིགས་ཡུལ་བཞག་རྒྱུ་དེ་བོད་པའི་སྤྱི་ཚོགས་ནང་སློབ་ཐོན་ལས་མེད་དང༌། སློབ་གྲྭ་མ་ཐོན་པའི་ལས་མེད་ན་གཞོན་སུ་ཡང་མ་ལྷག་པ་བཟོ་རྒྱུ་དེ་རེད། ཡིན་ཡང་དམིགས་ཡུལ་བཞག་པ་བཞིན་ཡོང་ཐུབ་ཀྱི་ཡོད་མེད་དེ་ད་ལྟ་གསལ་པོ་ཞུ་ཐུབ་པ་མི་འདུག ད་ལྟའི་གནས་སྐབས་འདིར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་ནང་ལའང་སློབ་ཐོན་ལས་མེད་གཞོན་སྐྱེས་ཀྱི་བརྒྱ་ཆ་དེ་ཉི་ཤུའི་འོག་ཏུ་འགྲོ་མཁན་ཕལ་ཆེར་དཀོན་པོ་ཡིན། ཨ་རི་ལྟ་བུར་མཚོན་ནའང་ལས་མེད་ཀྱི་བརྒྱ་ཆ་དེ་ ༢༠ ནས་ ༣༠ བར་དང༌། སྐབས་འགར་དེ་ལས་བརྒལ་བའང་ཡོང་གི་ཡོད། དེར་བརྟེན་རྒྱལ་སྤྱིའི་གནས་སྟངས་དང་ང་ཚོའི་ད་ལྟའི་གནས་སྟངས་གཉིས་མཚུངས་བསྡུར་བྱས་པ་ཡིན་ན་ཧ་ཅང་གི་ཧ་ལས་དགོས་པ་ཞིག་མ་རེད། ཡིན་ནའང་ང་ཚོའི་བོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་གཅིག་པུ་ལ་བལྟས་ཚེ་སེམས་འཚབ་སྐྱེ་དགོས་པ་ཞིག་ཆགས་ཀྱི་ཡོད་ལ། ང་ཚོར་སེམས་འཚབ་ཡོད་ཞུ་རྒྱུ་ཡིན། འཕྲལ་སེལ་གྱི་དཀའ་ངལ་སེལ་ཐབས་གང་འདྲ་བྱེད་དགོས་ཀྱི་ཡོད་པ་དེ་ངེས་པར་དུ་དགོས་ཀྱི་རེད་ལ། གྲོས་ཚོགས་གྲོལ་རྗེས་ཕྲན་བུའི་དུས་ཚོད་བྱུང་མ་ཐག་ལྷན་ཁང་ཁག་དང་འབྲེལ་ཡོད་རྣམས་ལ་བཀའ་བསྡུར་ཞུས་ཏེ་འདིའི་ཆེད་དམིགས་བསལ་ལས་དོན་རུ་ཁག་གཅིག་བཙུག་རྒྱུའི་བསམ་བློ་ཡོད། ལས་དོན་རུ་ཁག་དེའི་ནང་སྤྱི་འཐུས་རྣམ་པ་ཚོ་ནས་ཀྱང་མི་འགྲོ་གང་འཚམས་ཤིག་ཕེབས་ཏེ་རྒྱལ་སྤྱིའི་ནང་གི་གནས་ཚུལ་དང༌། རྒྱ་གར་ནང་གི་གནས་ཚུལ། དེ་བཞིན་ང་ཚོས་ལས་དོན་སྤྲད་རྒྱུའི་ཐབས་ལམ་གང་དང་གང་བྱེད་ཐུབ་ཀྱི་ཡོད་པ་བཅས་ཀྱི་སྐོར་དགོངས་འཆར་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན། སྤྱིར་སློབ་ཐོན་ལས་མེད་ཀྱི་གྲངས་འབོར་ཆེ་རུ་འགྲོ་བཞིན་པ་བཙན་བྱོལ་བོད་གཞུང་གི་ལས་ཀ་བྱེད་ཕྱོགས་མ་འགྲིགས་པའི་ཐོག་ནས་བྱུང་བ་ཞིག་མ་རེད་དེ། བཙན་བྱོལ་བོད་གཞུང་གི་ཤེས་རིག་གི་སྲིད་ཇུས་བཟུང་སྟངས་མ་འགྲིགས་པའི་དབང་གིས་བྱུང་བ་ཞིག་ཏན་ཏན་རེད་ལ། དེ་ལ་དོ་སྣང་མེད་པ་དེ་འདྲའང་མིན། ང་ཚོའི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་ད་ལྟ་ལག་ལེན་བསྟར་བཞིན་པ་འདི་ང་ཚོའི་གནས་ཚང་རྒྱ་གར་ནས་ཚུར་དཔེ་བླངས་པ་ཞིག་རེད། ང་ཚོའི་གནས་ཚང་གིས་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དེ་ད་ལྟ་ནས་ལོ་ཉིས་བརྒྱ་ཙམ་གྱི་སྔོན་དུ་དབྱིན་གཞུང་གིས་ཆེད་དུ་མངགས་ནས་སློབ་སྦྱོང་ཐོན་པའི་རྒྱ་གར་མི་རྣམས་གཡོག་པོ་བྱེད་མཁན་མ་གཏོགས་བདག་པོ་བྱེད་མཁན་མིན་པ་ཞིག་བཟོ་རྒྱུར་དམིགས་ཏེ། ལོཌ་མེ་ཀོ་ལེ་ཚོགས་ཆུང་གིས་ཆེད་དུ་མངགས་ནས་འཆར་གཞི་བཀོད་པའི་ལམ་སྲོལ་དེ་རེད། ང་ཚོས་དེའི་ཐོག་བོད་ཡིག་དེ་གསར་དུ་བསྣན་པ་མ་གཏོགས་བརྒྱ་ཆ་བརྒྱ་ཐམ་པ་ལམ་སྲོལ་དེ་རང་ལ་བརྟེན་པ་ཞིག་རེད། དེར་བརྟེན་ལམ་སྲོལ་དེའི་འོག་ནས་སློབ་སྦྱོང་ཐོན་པའི་ན་གཞོན་རྣམས་ལས་མེད་ཆགས་རྒྱུ་དང༌། རང་འགོ་མ་ཐོན་པ་ཡོང་རྒྱུ་དེ་གཏན་འཁེལ་བ་རེད། ཤེས་ཡོན་སློབ་སྟོན་གྱི་ལམ་སྲོལ་དེའི་འོག་ཏུ་ལོ་ ༡༤ ནས་ ༡༦ བར་སློབ་སྦྱོང་བྱས་ནས་ཀླད་པ་བཀྲུས་པའི་མི་དེ་ཚོ་བྷི་ཨེ་འམ་ཨེམ་ཨེ་ལ་སོགས་པའི་གནས་ཚད་ཐོན་དུས། གང་ཟག་གཞན་ཞིག་གི་གཡོག་པོ་རྒྱུག་རྒྱུའི་དོན་དུ་ལས་ཀ་བཙལ་བ་མ་གཏོགས་སོ་སོའི་རང་དབང་གི་ཐོག་ནས་རང་ཉིད་བདག་པོ་བྱས་ཏེ་ལས་ཀ་བྱེད་རྒྱུའི་ཀུན་སློང་དང་སྙིང་སྟོབས་གཉིས་ཀ་རྩ་མེད་བཏང་ཟིན་པ་རེད། དེར་བརྟེན་ད་ཆ་ང་ཚོ་བཙན་བྱོལ་དུ་བསྡད་པའི་རིང་ངམ་མ་འོངས་བོད་དུ་ལོག་པའི་སྐབས་སློབ་སྦྱོང་གི་ལམ་སྲོལ་དེ་འདྲའི་འོག་བོད་མི་ཚང་མ་གཡོག་པོ་རྒྱུག་རྒྱུ་མ་གཏོགས་བདག་པོ་མི་བྱེད་རྒྱུའི་བསམ་ཚུལ་བསྐྲུན་པའི་ཤེས་ཡོན་གྱི་ལམ་སྲོལ་དེའི་འོག་བསྡད་ན་གཏན་ནས་མི་འགྲིགས་པའི་བསམ་ཚུལ་ཤུགས་ཆེན་པོ་ད་ལྟའི་བཀའ་བློན་ཁྲི་པར་ཡོད། ལམ་ལྷོང་ཡོང་མིན་ལ་མ་ལྟོས་པར་སློབ་སྦྱོང་གི་ལམ་སྲོལ་ལ་གཞི་རིམ་གྱི་འགྱུར་བ་ཞིག་བཏང་ནས་སློབ་སྦྱོང་ཐོན་པའི་མི་དེ་ཚོ་བདག་པོ་བྱེད་མཁན་མ་གཏོགས་གཡོག་པོ་རྒྱུག་མཁན་གྱི་མི་ཞིག་མི་ཐོན་པ་བཟོ་དགོས་རྒྱུ་དང༌། ལྷག་པར་དུ་ལས་ཀ་ག་འདྲ་ཡིན་རུང་ལས་ཀ་དེ་སྤོབས་པ་བྱེད་འོས་ཤིག་ཏུ་ངོས་འཛིན་བྱས་ཏེ། ངལ་རྩོལ་བྱེད་ཐུབ་མཁན་གྱི་མི་ཞིག་ཏུ་བསྐྲུན་ཐུབ་པའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་མེད་ན་མི་སྒེར་མ་ཟད་མི་རིགས་ཀྱི་སྟོབས་ཤུགས་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། མ་འོངས་པའི་བོད་ལ་ལས་དོན་ཚང་མ་བྱེད་མཁན་གྱི་མི་དགོས་པ་མ་གཏོགས། བོད་པ་ཡོངས་རྫོགས་ལ་སློབ་སྦྱོང་གི་གོ་སྐབས་ཡོད་པ་ཞིག་བྱུང་ཚེ། སློབ་སྦྱོང་ཐོན་སྐབས་ཚང་མ་གླེང་རྩེ་དཀར་པོའི་ལས་ཀ་བྱེད་མཁན་དང༌། ལས་ཀ་གཞན་དག་བྱེད་མཁན་རྒྱལ་ཁབ་གཞན་ནས་གཡར་དགོས་སོགས་མདོར་ན་མི་རིགས་རང་ཉིད་རང་གི་རྐང་པའི་ཐོག་ལངས་མ་ཐུབ་པ་ཆགས་སྲིད། དེ་ཤིན་ཏུ་ནས་ཚབས་ཆེན་པོ་ཡིན། དེར་བརྟེན་ང་ཚོའི་སློབ་སྦྱོང་གི་ལམ་སྲོལ་ལ་གཞི་རྩའི་འགྱུར་བ་ཞིག་བཏང་ནས་མི་རིགས་རང་ཁོངས་ནས་སློབ་སྦྱོང་ཐོན་པའི་མི་སུ་འདྲ་ཞིག་ཡིན་རུང་ཁྱེད་རང་གད་རྒྱག་མཁན་བྱོས་ཟེར་ན་གད་རྒྱག་ཐུབ་མཁན་དང༌། ཁྱེད་རང་བཀའ་བློན་ཁྲི་པ་བྱོས་ཟེར་ན་བཀའ་ཁྲིའི་ལས་འགན་འཁྱེར་ཐུབ་མཁན་གྱི་མི་རིགས་ཤིག་བསྐྲུན་ཐུབ་པ་བཟོ་དགོས། སྤྱིར་སྟངས་ང་རང་ཚོ་མི་འབོར་ཉུང་ཉུང་ཡིན་ལ། མི་འབོར་ཉུང་ཉུང་དེའི་ནང་གང་ཡོད་པ་དེས་ལས་ཀ་མང་པོ་ཞིག་བྱེད་མ་ཐུབ་པ་བཟོ་མཁན་གྱི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ཞིག་ང་ཚོས་ཉར་ཚགས་བྱས་ནས་བསྡད་ཚེ་ཧ་ཅང་གི་ཉེན་ཁ་ཆེན་པོ་འདུག ནམ་ཕུགས་སློབ་ཐོན་ལས་མེད་ལ་ལུས་པའི་ཐབས་ལམ་དེ་མ་གཏོགས་གཞན་མེད། བཙན་བྱོལ་བོད་གཞུང་གི་ལོ་ལྟར་གཞུང་ཞབས་གསར་པ་ཇི་ཙམ་དགོས་ཀྱི་ཡོད་པ་དེའི་ཁ་གྲངས་དང༌། ལོ་ལྟར་མཐོ་རིམ་སློབ་གཉེར་ཁང་ནས་ཇི་ཙམ་ཐོན་གྱི་ཡོད་པའི་གྲངས་གཉིས་བསྡུར་བ་ཡིན་ན། བློ་ཁ་ཁེངས་པ་ཞིག་ཡོང་རྒྱུ་མེད་པ་ཐག་ཆོད་པ་རེད། དེས་ན་དཔལ་ལྡན་ཚོགས་གཙོ་མཆོག་བརྒྱུད་དེ་སྤྱི་འཐུས་མི་རེ་ངོ་རེར་འབོད་བསྐུལ་ཞུ་རྒྱུར། ང་ཚོའི་སྤྱི་ཚོགས་ནང་ལས་ཀ་ཆེ་ཆུང་དང་བཟང་ངན་ག་འདྲ་ཞིག་ཡིན་རུང་སྤམ་མི་ཤོར་བ་དང་ངོ་མི་ཚ་བའི་ཐོག་ནས་བྱེད་ཐུབ་མཁན་གྱི་མི་རིགས་ཤིག་བསྐྲུན་རྒྱུར་འབད་བརྩོན་ཞུ་དགོས་ཀྱི་འདུག དེ་དོན་སྤྱི་ཚོགས་ནང་ཐུགས་སྣང་གཞེན་བསྐུལ་གནང་རྒྱུ་དེ་གལ་ཆེ་བ་ཞིག་ཆགས་ཀྱི་འདུག དེ་དོན་དགོངས་པ་བཞེས་རོགས་གནང༌།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨