ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་མེད་སྐོར།

ད་ལྟ་ཚོགས་གཙོས་མཚམས་སྦྱོར་གྱི་ནང་ལ་གསལ་བཤད་བྱེད་དགོས་རྒྱུ་ཞིག་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་སྒོ་ཕྱེ་ཡོད་མ་རེད་གསུངས་པ་དེ་བདེན་པ་མ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ནང་ལ་ཁྲིམས་ཞིབ་པ་ཆེ་བས་དམ་འབུལ་ཞུས་པ་ནས་བཟུང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོ་བོ་ལ་འགྱུར་ཟིན་པ་ཞིག་རེད། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་གིས་ཆེས་མཐོའི་ཁྲིམས་ཞིབ་པ་བསྐོ་གཞག་གནང་ནས་དམ་འབུལ་མཛད་པའི་ཉིན་མོ་དེ་ནས་བཅའ་ཁྲིམས་ཀྱི་ཡན་ལག་ཏུ་གྱུར་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྡེ་ཚན་ནམ་སྒྲིག་འཛུགས་དེ་ཡོད་པར་ངོས་ལེན་བྱེད་དགོས་པ་ཞིག་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩོད་གླེང་གསན་བཞེས་གནང་རྒྱུ་དང༌། ཁ་མཆུ་གསན་བཞེས་གནང་རྒྱུ་དེ་ད་བར་འགོ་འཛུགས་བྱུང་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཁྲིམས་ཡིག་ཟིན་བྲིས་གནང་དགོས་རྒྱུ་དེ་ལ་དུས་ཚོད་མང་པོ་ཞིག་འགོར་བ་རེད། དེའི་རིང་ལ་ཁ་མཆུ་གསན་བཞེས་ཀྱི་ཕྱག་ལས་དེ་དབུ་འཛུགས་གནང་ཡོད་མ་རེད། ང་ཚོས་འདི་དབྱེ་བ་ཞིག་མ་ཕྱེ་བ་ཡིན་ན། འདས་པའི་ལོ་ལྔའི་ནང་ལ་ཁྲིམས་ཞིབ་ཁང་གི་སྡེ་ཚན་དེ་མེད་པའི་བཟོ་འདྲ་ཞིག་ངོས་འཛིན་གནང་བ་ཡིན་ན། རྩ་བའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་སྒྲོམ་གཞིའི་ཆ་ནས་མ་འགྲིག་པ་བཟོ་འདྲ་ཞིག་མཐོང་བསྡད་ཀྱི་འདུག ཁྲིམས་ཀྱི་ལམ་སྲོལ་ཟིན་བྲིས་བསྐྱོན་རྒྱུར་དུས་ཚོད་ཧ་ཅང་འགྱངས་པ་དེ་ལ་གྲོས་ཚོགས་ཐུགས་འཚབ་བྱུང་ཡོད་པ་རེད། ཐུགས་འཚབ་བྱུང་བ་ནང་བཞིན་གྲོས་ཚོགས་ཀྱི་ཐུགས་འཚབ་ཀྱི་རྣམ་པ་དེ་ཡང་ཡང་གསལ་པོ་བཟོས་ཡོད་པ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ཞིག་ཡོད་པ་ཡིན་ཙང༌། དེ་ལ་ང་ཚོས་ཕར་ལབ་བསྡད་པ་རེད་མ་གཏོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་རྩ་བ་ནས་མེད་པ་ཡིན་ན་དོན་དག་གང་ཡང་མེད་པ་བཟོ་འདྲ་ཞིག་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་དང་པོ། ༡༩༩༦/༠༦/༠༢ ་་་ ༡༩༩༦/༠༦/༠༦