ཆེད་འཛུགས་ཚོགས་ཆུང་ཞིག་གི་ལས་དོན་བྱེད་ཕྱོགས་ལས་འཕྲོས་ཏེ་གསལ་བཤད་གནང་བ།

གྲོས་ཚོགས་ཀྱི་ནང་བཀུར་འོས་སྤྱི་འཐུས་རྣམ་པ་ཚོར་ཐུགས་སྣང་གང་དྲན་གསུང་ཆོག་པའི་སྐུ་དབང་ཡོད་ཙང་དེ་ལ་ང་ཚོས་ཞུ་རྒྱུ་གང་ཡང་མེད། ཡིན་ནའང་དག་མཆན་མ་འཁོད་པའི་རྩིས་འགོ་ཁག་གི་ཐོག་ཆེད་འཛུགས་ཚོགས་ཆུང་གིས་ཐོག་མ་གྲོས་ཚོགས་སུ་སྙན་གསན་ཞུ་དུས་ཁྲིམས་གཏུག་བྱ་རྒྱུ་ཡིན་ཞེས་ཞུས་པ་དེ་ཚོ་ང་ཚོས་ལག་པ་འཆང་མེད་ཅེས་ཧ་ཅང་གསལ་པོ་གསུངས་སོང༌།སྐབས་དེར་ཁ་མཆུ་འཛུགས་ཟིན་མེད་ཀྱང་འཛུགས་རྒྱུ་ཡིན་ཞེས་ཞུས་པ་ཙམ་གྱིས་ཟིལ་གྱིས་ནོན་ཏེ་ཕྱག་འཆང་ཡོད་མ་རེད། ཚོགས་ཆུང་གསུམ་དུ་ཆ་བགོས་གནང་ནས་བཀའ་བསྡུར་གནང་རྒྱུའི་དོན་ཚན་ཡོངས་སུ་རྫོགས་པ་རྩིས་ཞིབ་ཁང་གི་ཁ་མཆུའི་ནང་མེད་པའི་གྲས་དེ་ཚོ་རེད། ཆེད་འཛུགས་ཚོགས་ཆུང་གི་ངོས་ནས་ཀྱང་དེ་ཚོ་ཁ་མཆུའི་ནང་ཚུད་རྒྱུ་མིན་པ་ཡིན་ཙང་ཞིབ་འཇུག་གནང་བ་ཡིན་ཞེས་གྲོས་ཚོགས་སུ་གསལ་བཤད་གནང་སོང༌། དེ་ཞལ་རྫུན་གསུངས་པ་ཞིག་ཡིན་གྱི་མ་རེད་སྙམ་པའི་ཡིད་ཆེས་ཡོད། ང་ཚོར་ཁ་མཆུའི་ཡིག་ཆ་འབྱོར་ཟིན་པ་རེད། ད་ལྟ་བགྲོ་གླེང་གནང་བཞིན་པའི་དོན་ཚན་གཅིག་ཀྱང་ཁ་མཆུའི་ནང་མེད་ཅེས་ངས་ཐག་བཅད་ནས་ཞུ་རྒྱུ་ཡིན། གལ་སྲིད་དཔལ་ལྡན་ཚོགས་གཙོ་མཆོག་གི་བཀོད་མངགས་ཕེབས་པ་ཡིན་ན། ཁ་མཆུའི་ཡིག་ཆ་དང༌། བཀའ་ཤག་གི་ལན་འདེབས་བཅས་དཔལ་ལྡན་ཚོགས་གཙོ་མཆོག་ལ་སྤྱན་འབུལ་ཞུ་རྒྱུར་དཀའ་ངལ་གང་ཡང་མེད།
དོན་ཚན་གཉིས་པ་ཁ་མཆུའི་ནང་མ་ཚུད་པའི་རྩིས་ཀྱི་གནས་སྟངས་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོའི་ཐོག་བགྲོ་གླེང་གནང་ན་དེ་ཁྲིམས་ཞིབ་ཁང་གི་ལས་དོན་བྱེད་ཕྱོགས་ལ་བགྲོ་གླེང་གནང་བ་རེད་ཅེས་གསུངས་པ་ཡིན་ན། དེ་ནི་ཧ་ཅང་ཐལ་དྲགས་པ་དང༌། འབྲེལ་མེད་ཧམ་བཤད། རྒྱལ་བ་ལྔ་པ་དང་ཟླ་བ་ལྔ་པ་ལས་ཀྱང་ནོར་ཚབས་ཆེ་བ་ཞིག་གནང་གི་ཡོད་པ་རེད། བཅའ་ཁྲིམས་ནང་ཁྲིམས་ཞིབ་པ་གནས་དབྱུང་གཏང་རྒྱུའི་དོན་གནད་གཅིག་གྲོས་ཚོགས་སུ་ཚུད་པ་ཡིན་ན་མ་གཏོགས་དེ་ལས་གཞན་པའི་ཁྲིམས་ཞིབ་པ་རྣམས་ཀྱི་ཁྲིམས་ཞིབ་ལས་དོན་གྱི་ཕྱག་ལས་གནང་ཕྱོགས་ཐོག་བགྲོ་གླེང་གནང་མི་ཆོག་ཅེས་གསུངས་པ་དེ་ཁ་མཆུ་དང༌། ཡང་ན་ཁྲིམས་ཞིབ་པའི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་སྤུ་ཙམ་མེད་པའི་དོན་གནད་ཅིག་བགྲོ་གླེང་གནང་བའི་སྐབས་སུ་གོང་གསལ་བཅའ་ཁྲིམས་ཀྱི་ལུང་དྲངས་ནས་བགྲོ་གླེང་མི་ཆོག་ཅེས་གསུངས་པ་ཡིན་ན། དེ་འདྲའི་བཀའ་མོལ་དེ་ལ་ངས་ཁྱད་ཆོས་གང་སྦྱར་དགོས་ཀྱི་ཡོད་ཤེས་ཀྱི་མི་འདུག སྤྱིར་བཏང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ་ཚོ་དབུ་འཁྲུགས་པ་གནང་གི་མ་རེད་དེ། འོན་ཀྱང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ངས་གསལ་འདེབས་ཞུ་རྒྱུར། ད་ལྟ་གྲོས་ཚོགས་ཀྱིས་བགྲོ་གླེང་གནང་བཞིན་པ་དང༌། ཚོགས་ཆུང་ཁག་གིས་བགྲོ་གླེང་གནང་རྒྱུའི་དོན་ཚན་རྣམས་དང་བཀུར་འོས་སྤྱི་འཐུས་ཀྱིས་ལུང་དྲངས་པའི་བཅའ་ཁྲིམས་ཀྱི་དོན་ཚན་དེའི་བར་འབྲེལ་བ་ཕྲ་མོ་ཙམ་ཡང་ཡོད་མ་རེད་ཅེས་ངས་ཐག་བཅད་ནས་ཞུ་ཐུབ་ཀྱི་ཡོད།

གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣