ངས་ཟམ་གདོང་བླ་མ་མཐོང་སྟངས།

ཨ་རིག་དགེ་མཐོང་།
ཟམ་གདོང་བླ་མའི་རྣམ་ཐར་གླེང་ན་གླེགས་བམ་བྲག་ལ་རྩིག་རྒྱུ་མཆིས།།
དམ་པ་ཁོང་གིས་ད་ལྟའི་བར་དུ་གདོང་དམར་བོད་ཀྱི་ཆོས་སྲིད་ཟུང་།།
ཕྱག་གིས་བཟུང་སྟེ་ཐུགས་ལ་འཆང་བ་ཐམས་ཅད་སེམས་སུ་གསལ་མོད་ཀྱང།།
མཛད་འཕྲིན་མཐའ་ཡས་རྒྱ་མཚོའི་ཀློང་ནས་ཆུ་ཐིགས་ཙམ་ཞིག་སེམས་སུ་ལྷུང་།།

དེ་རིང་ཁོ་བོས་འུར་བསྟོད་མི་བྱེད་ཁོང་གི་མཁྱེན་ཡོན་ཐད་ཀར་འགྲེལ།།
ང་ཡིས་ཁོང་ལ་རྨོངས་དད་མི་དགོས་ཆོས་འབྲེལ་སྤུ་རྩེ་ཙམ་ཡང་མེད།།
བཀའ་ཤག་གྲོས་ཚོགས་སེམས་པ་གླན་ས་གངས་ཅན་སྐྱིད་གཤོངས་གཅིག་པོ་རུ།།
བཀའ་ཁྲི་ཚོཌ་གཙོའི་ཐུགས་འགན་བཞེས་ཏེ་སྐུ་ཤའི་མདངས་ཀྱང་རིམ་བཞིན་ཡལ།།

ཐོག་མར་གནའ་དེང་རིག་གནས་ཀུན་ལ་སྦྱངས་པས་ཕ་མཐར་ཕྱིན་པ་དང་།།
བར་དུ་བོད་ཁྱིམ་སློབ་གྲྭ་སོགས་ལ་ཤེས་བྱའི་བདུད་རྩི་རིན་མེད་སྦྱིན།།
མཐའ་མར་ཝཱར་ཎའི་སློབ་སྤྱིར་བཞུགས་ཏེ་སློབ་བུ་མང་བོ་བྱམས་བརྩེས་བསྐྱངས།།
ཐོག་མཐའ་བར་གསུམ་འདི་ཙམ་གྱིས་ཀྱང་ཁོང་གི་བཀའ་དྲིན་གཞལ་མི་ནུས།།

གྲོས་ཚོགས་ནང་གི་རྒོད་པོ་མཐུར་མེད་རྒད་པོ་ཚོ་ལ་གཉའ་སྒ་བསྟད།།
ནུབ་ཕྱོགས་མགོ་སེར་གཡོ་འཕྲུལ་ཅན་ཚོར་ཆབ་སྲིད་བསམ་བློས་བྱབས་ཁྲུས་མཛད།།
རྐུབ་སྟེགས་སྟེང་ནས་ལྐོག་བཟའ་བྱེད་མཁན་བོད་མི་འགའ་རེའི་སྐེ་འབུ་གཅུས།།
སྐབས་འཚོལ་ཅན་ཚོའི་ལྐོག་ལས་དག་ལ་དྲང་བདེན་གྲི་ཆུང་སྙིང་ཁར་བརྡབས།།

ཆོས་རྒྱུད་རྩོད་པའི་སྦྱོར་རྩུབ་དེ་ནི་རིས་མེད་ཐུགས་ཀྱིས་ཐད་ཀར་བཅོམ།།
༸རྒྱལ་བར་རྒྱབ་འགལ་བྱེད་པའི་རིགས་ཀྱང་གཏན་ཚིགས་ཚད་མས་ཚར་གཅོད་མཛད།།
ཚུར་ལ་བསམ་ངན་སྡང་ཚིག་སྨྲས་ན་ཕར་ལ་འཚེ་མེད་གསུང་གིས་གསོད།།
ཤར་ནུབ་གསར་འགོད་དྲི་བ་མང་ན་ཐུགས་ཀྱི་ཐབས་ལམ་དེ་བས་མྱུར།།

མཁས་པར་རློམ་པའི་བོད་རྒན་རེ་འགའ་ལེགས་སྦྱར་སྐད་ཀྱིས་རྒྱང་དུ་བསྐྱུགས།།
ཧོལ་རྒྱུག་ཆེ་བའི་ན་གཞོན་ཁག་ཅིག་ནང་བསྟན་རིག་པའི་སྟོབས་ཀྱིས་བཏུལ།།
མདོ་སྔགས་མཁྱེན་པའི་དགེ་བཤེས་རེ་ཟུང་དབྱིན་སྐད་གསུངས་པས་སྡུག་ལ་གཏད།།
མདོར་ན་མདོ་སྔགས་རིག་གནས་དང་བཅས་སྐད་བཞི་སྨྲ་བའི་དབང་པོ་མཆོག །

ཐུ་བྷོད་སྐད་ཡིག་འཕེལ་རིམ་ཉམས་རྒུད་སྔ་ཕྱི་གཉིས་ཀར་ཞིབ་གཟིགས་ཀྱིས།།
“བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ལ་གལ་གནད་ཆེ་བའི་སྐོར་”ཅིག་མཛད།།
དེ་ནི་གདོང་དམར་མཁས་དབང་དག་གི་ངག་ནས་མ་ཐོན་ཁོང་ལས་མཆེད།།
བདག་དང་བདག་འདྲའི་སྐྱེ་བོའི་ཚོགས་ཀྱིས་འདི་ལ་བལྟས་པས་བློ་སྒོ་ཕྱེས།།

“བོད་ཀྱི་སྐད་ཡིག་འགྱུར་འགྲོས་སྐོར”་ལ་རྒྱལ་ཁབ་གཞན་དང་བསྡུར་ནས་གཟིགས།།
ལེགས་ཉེས་ཟུང་ལ་ཐུགས་ཀྱིས་དཔྱད་དེ་མཐའ་དོན་གཏན་འབེབས་ལེགས་བཤད་བསྩལ།།
འདི་འདྲའི་རྣམ་དཔྱོད་ཤེས་རབ་རྣོ་པོ་ད་ལྟ་བོད་ལ་ཤིན་ཏུ་དཀོན།།
དེའི་ཕྱིར་གངས་ཅན་བོད་མི་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར་པས་སོ།།

རྩོམ་པོར་རློམ་ཞིང་རྨང་གཞི་ཞན་པའི་བོད་ཀྱི་སྨྱུག་ཐོགས་ཀུན་པོ་ལ།།
ལམ་སྟོན་སྒྲོན་མེ་“བོད་ཀྱི་རྩོམ་རིག་ལོ་རྒྱུས”ཟབ་མོ་ལྗགས་བརྩམས་ཀྱིས།།
འདས་མ་ད་གསུམ་ཐུ་བྷོད་རྩོམ་ལ་ཇི་ལྟར་འཇུག་པའི་ཐབས་ལམ་བསྟན།།
“རྩོམ་རིག་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་སྐོར”འདི་ཁྱབ་བརྡལ་བཏང་།།

ཆབ་སྲིད་ལམ་སྟོན་བཀའ་པོད་མང་པོ་མཇལ་བར་འདོད་ན་ངྷ་སར་ཕེབས།།
ཆོས་སྲིད་ཟུང་ལ་དོགས་པ་མཆིས་ཚེ་སྐུ་ཡི་མདུན་དུ་བཅར་ན་ལེགས།།
དད་སྟོབས་ཅན་ལ་བྱམས་བརྩེའི་ངང་ནས་ཡང་ཡང་གསལ་བར་འགྲེལ་ངེས་ཡིན།།
ཧམ་པ་ཅན་དང་ཧོལ་རྒྱུག་རིགས་སུ་ཏོག་ཙམ་ལྡོག་ཕྱོགས་ལམ་ནས་གསུངས།།

༢༠༡༤/༩/༢༥ ཉིན་བཞུགས་སྒར་ངྷ་ས་ནས།

གསལ་བཤད། གཤམ་གྱི་དེ་ཚོ་ཁོང་གིས་མཛད་པའི་ལྗགས་རྩོམ་ཁག་ཅིག་གི་མཚན་ཡིན།
“བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ལ་གལ་གནད་ཆེ་བའི་སྐོར”
“བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར”
“བོད་ཀྱི་རྩོམ་རིག་གི་ལོ་རྒྱུས”
“རྩོམ་རིག་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་གི་སྐོར”