གྲོས་ཚོགས་སུ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་གཏམ་བཤད་མི་བྱེད་པ།

ཚོགས་གཙོ་སྦྲེལ་པོས་གྲོས་ཚོགས་སུ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་གཏམ་བཤད་མི་བྱེད་པ་དང་འོས་བསྡུའི་སྐབས་སུ་ཆ་ཤས་མི་ལེན་ཚུལ། གྲོས་ཚོགས་ལམ་ལུགས་ནང་དུས་གཅིག་ཏུ་གང་ཟག་མང་པོའི་ཚོགས་པ་ཞིག་གིས་ཚོགས་གཙོའི་ལས་དོན་བྱེད་པ་དང༌། གང་ཟག་གཅིག་གིས་ཚོགས་གཙོའི་ལས་དོན་བྱེད་པ་སོགས་མི་འདྲ་བ་མང་པོ་ཡོད་རེད། གྲོས་ཚོགས་ཕལ་ཆེར་གྱི་ནང་དུ་གཏན་འཇགས་འོས་འདེམས་བྱས་པའི་ཚོགས་གཙོ་གཅིག་དང་ཚོགས་གཞོན་གཅིག་གམ་གཉིས་གང་རུང་དུས་ཡུན་ངེས་ཅན་གྱི་བར་དུ་ས་མིག་གི་ཐོག་ལ་སྡོད་མཁན་འཐུས་མི་གཞན་ལས་ཐོབ་ཐང་ཆེ་བ་ཡོད་མཁན་དང༌། ས་མིག་གི་ཐོག་འོས་འདེམས་མ་བྱས་ཀྱང་ཚོགས་གཙོའི་ལས་ཚབ་ཆེད་འཐུས་མི་གང་འཚམས་ཤིག་སྐབས་སྦྱར་དུས་ཚོད་ངེས་ཅན་ནམ་ངེས་མེད་དུ་དམིགས་འཛུགས་བྱ་རྒྱུའི་རིགས་གཅིག་ཡོད་རེད། དེ་ཚོ་ཚོགས་གཙོ་དང་ཚོགས་གཞོན་སུའང་མེད་པའི་སྐབས་སུ་རེས་མོས་ཀྱིས་ཚོགས་གཙོ་བྱེད་ཀྱི་ཡོད་རེད། དེ་རིགས་ཚོགས་གཙོ་བྱེད་སྐབས་དེར་ཚོགས་གཙོའི་ཐོབ་ཐང་ཡོད་པ་ལས་རྐུབ་སྟེགས་ནས་མར་བབས་ཟིན་རྗེས་སུ་འཐུས་མི་གཞན་དང་སྤྱི་མཚུངས་རེད།
སྐབས་བཅུ་པ་ཕན་ཆད་ཀྱི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཚོགས་གཙོ་གཅིག་དང་ཚོགས་གཞོན་གཅིག་ས་མིག་ཐོག་འོས་འདེམས་བྱས་སྲོལ་འདུག་ཅིང༌། ཚོགས་གཙོའི་ལས་དོན་སྒྲུབ་པའི་སྐབས་སུ། གཉིས་ཀ་འདྲ་མཉམ་གྱིས་ལས་དོན་བསྒྲུབས་སྲོལ་འདུག དེའི་ཕྱིར་ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ལ་གྲོས་ཚོགས་སུ་གྲོས་གཞིའི་ཐོག་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་སྐད་ཆ་ཤོད་རྒྱུ་དང་འོས་བསྡུའི་ཐོབ་ཐང་མེད་པ་སྲོལ་རྒྱུན་ལས་བྱུང་འདུག གྲོས་ཚོགས་ཁ་ཤས་ལ་ཚོགས་གཙོ་ཡོད་སྐབས་སུ་ཚོགས་གཞོན་གྱིས་གྲོས་ཚོགས་སུ་སྨྲ་བརྗོད་དང་འོས་བསྡུ་སོགས་ཀྱི་ཆ་ཤས་ལེན་སྲོལ་ཡོད་པ་དེ་འདྲའང་རེ་ཟུང་ཡོད་ཚོད་འདུག་ཅིང༌། དེ་འདྲའི་ཐོབ་ཐང་མེད་པའང་གང་འཚམས་འདུག དེ་འདྲ་ཡིན་ཙང་ང་ཚོ་སྐབས་བཅིུག་པའི་གྲོས་ཚོགས་སུ་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་ལ་འདེམས་ཐོན་བྱུང་བའི་ཚོགས་གཙོ་གཉིས་ཀྱིས་གྲོས་བྱས་ཏེ་དུས་གཅིག་ལ་ཚོགས་གཙོ་གཅིག་གིས་ལས་ཀ་བྱེད་རྒྱུ་དེ་ལ་གྲོས་འཆམས་བྱུང་བ་རེད། འོན་ཀྱང་ཚོགས་གཙོ་གཞོན་པ་གྲོས་ཚོགས་སུ་བཞུགས་ཀྱང་གྲོས་གཞིའི་ཐོག་ཕྱོགས་འཛིན་གྱི་གསུང་བཤད་དང་འོས་བསྡུའི་ནང་ཆ་ཤས་མི་ལེན་པའི་སྲོལ་རྒྱུན་ཞིག་བཙུགས་པ་རེད། སྲོལ་རྒྱུན་དེ་ད་ལྟ་ཕན་ཆད་ལ་ལག་ལེན་བསྟར་བ་ལས་སྒྲིག་གཞི་གང་གི་ནང་ལའང་ཚོགས་གཙོ་བཞུགས་སྐབས་སུ་ཚོགས་གཞོན་གྱིས་སྨྲ་བརྗོད་དང་འོས་བསྡུའི་ནང་ལ་ཆ་ཤས་ལེན་མི་ཆོག་ཅེས་གསལ་མེད། ཚོགས་གཙོ་གཞོན་པའི་གོ་གནས་སུ་འདེམས་ཐོན་བྱུང་བའི་ཆ་ནས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་གཏམ་བཤད་མི་བྱེད་པ་དང༌། འོས་བསྡུའི་ནང་ཆ་ཤས་མི་ལེན་པའི་ལུགས་སྲོལ་ཞིག་བཙུགས་པ་རེད། སྲོལ་རྒྱུན་དེ་ལག་ལེན་བྱེད་ཀྱི་ཡོད་ཙང༌། ཚོགས་གཙོ་གཉིས་ཕུད་པའི་མི་འབོར་དེ་ཕན་གནོད་འདྲེས་པའི་གྲངས་ཀའི་ནང་ལ་བརྩི་གི་ཡོད་ཅེས་ཞུས་པའི་རྒྱུ་མཚན་དེ་ལྟར་རེད། ད་རེས་སྲོལ་རྒྱུན་དེ་གཞི་བཞག་ནས་འགྲོ་དགོས་པ་ལས་ད་ལྟ་འོས་བསྡུ་བྱེད་ཁར་སྲོལ་རྒྱུན་དེ་འགྱུར་བ་གཏོང་དགོས་གསུངས་ན་འགྲིག་གི་མ་རེད། སྲོལ་རྒྱུན་དེ་ལ་འགྱུར་བ་གཏང་དགོས་པ་ཞིག་ཆགས་པ་ཡིན་ན། གྲོས་ཚོགས་ཀྱི་ལམ་སྟོན་གྲོས་ཆོད་བྱུང་བའམ། ཚོགས་གཙོ་གཉིས་རང་མོས་ཀྱིས་སྲོལ་རྒྱུན་དེ་དུས་ཚོད་འདི་ནས་འགྱུར་བ་བཏང་བ་ཡིན་ཞེས་གསལ་བསྒྲགས་ཤིག་གྲོས་ཚོགས་ནང་ཞུས་ཏེ། དེ་ལ་གྲོས་ཚོགས་ནང་དགག་པ་མ་བྱུང་བ་ཡིན་ན་དེ་ནས་སྲོལ་རྒྱུན་གསར་པ་ལག་ལེན་བསྟར་ཆོག་པ་ཆགས་ཀྱི་རེད། བྱས་ཙང་ད་ལྟའི་གནས་སྐབས་འདི་ལ་ངས་ཕན་གནོད་འདྲེས་པའི་སྤྱི་འཐུས་ཀྱི་གྲངས་ཀ་དེ་དེ་རིང་གི་གནས་སྐབས་ལ་ ༣༧ ལ་བརྩི་གི་ཡིན། འོན་ཀྱང་སྤྱི་འཐུས་རྣམ་པ་ཚོས་མ་འོངས་པའི་ཆེད་དུ་དེའི་སྲོལ་རྒྱུན་དེ་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། དེའི་ཆེད་གྲོས་འཆར་བསྣམས་ཕེབས་པར་དགག་བྱ་ཡོད་མ་རེད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཚོགས་དུས་དགུ་པ། ༡༩༩༥/༠༨/༡༢ ་་་ ༡༩༩༥/༠༨/༢༥