གྲོས་ཚོགས་སུ་བགྲོ་གླེང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལས་མི་བརྒལ་བ་གནང་དགོས་གལ།

ང་ཚོ་ཚོགས་ཁང་འདིའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ངོ་བོར་ཆགས་ནས་ཕྱག་ལས་གནང་རྒྱུའི་འགན་དང་དབང་ཆ་གང་ནས་ཐོབ་ཀྱི་ཡོད་ཞུ་ན། ང་ཚོའི་འགན་དབང་ཡོངས་རྫོགས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་ཐོབ་པ་ཞིག་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དེ་མེད་པ་ཡིན་ན་ཚོགས་འདུ་འདི་དང༌། ཚོགས་འདུ་འདིའི་ནང་ཡོད་པའི་ཚོགས་མི་བྱེ་བྲག་སུ་ལའང་ཁྲིམས་མཐུན་གྱི་ལས་དོན་བྱ་རྒྱུའི་དབང་ཚད་གང་ཡང་མེད་པ་ཞིག་རེད། བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཅིག་པ་དེ་བཅའ་ཁྲིམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་ངོས་ལེན་བྱས་ནས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བསྩལ་རྗེས་ང་ཚོའི་གཞི་རིམ་གྱི་ཁྲིམས་གཞིའི་ངོ་བོར་གནས་པ་འདིའི་ལེའུ་ལྔ་པའི་དོན་ཚན་ ༣༦ ནས་དོན་ཚན་ ༦༡ བར་དུ་སྤྱི་འཐུས་ལྷན་ཚོགས་འདིའི་ལས་དོན་བྱེད་ཕྱོགས་སྐོར་གསལ་ཡོད་ཅིང༌། དེའི་འོག་ནས་སླར་ཡང་ བྱབྱབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བྱབྱ ལེའུ་ ༢༡ དོན་ཚན་ ༨༦ ཡོད་པ་དེ་སྤྱི་འཐུས་ལྷན་ཚོགས་རང་གིས་གཏན་ལ་ཕབ་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཆོག་མཆན་ཞུས་བཞག་པ་འདིའི་སྒྲོམ་གཞིའི་ནང་ང་ཚོས་ཕྱག་ལས་གནང་གི་ཡོད། དེ་འདྲ་སོང་ཙང་སྤྱི་འཐུས་རྣམ་པ་ཚོས་གནད་དོན་འདི་ནམ་ཡང་ཐུགས་མ་བསྙེལ་བ་གནང་རོགས་ཞུ་རྒྱུ་ཡིན། གང་ཡིན་ཞུས་ན། ང་ཚོས་བགྲོ་གླེང་གནང་ཕྱོགས་དེ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལས་བརྒལ་ནས་ཕྱི་ལ་ཕེབས་པ་ཡིན་ན་ཞལ་ནས་གསུངས་པ་ཙམ་ལས། གསུངས་པ་དེ་ལ་ཁྲིམས་མཐུན་གྱི་ནུས་པ་དང་གྲུབ་འབྲས་འཐོན་རྒྱུ་མེད།
བཅའ་ཁྲིམས་ཟེར་བ་དེ་ནམ་ཡང་འགྱུར་བ་གཏོང་རྒྱུ་མེད་པའི་མཐའ་མའི་ཐག་གཅོད་ཅིག་མིན་པ་ཚང་མས་མཁྱེན་གྱི་ཡོད། འོན་ཀྱང་འགྱུར་བ་ཞིག་མ་ཕྱིན་བར་ང་ཚོས་ཕྱག་ལས་དེ་སྒྲོམ་གཞི་དེའི་ནང་གནང་དགོས་ཀྱི་ཡོད། བཅའ་ཁྲིམས་ནང་གི་ཆ་རྐྱེན་འགའ་ཤས་སམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡོངས་རྫོགས་བོད་མིའི་དགོས་མཁོ་དང་མི་འཚམས་པ་ཞིག་དང༌། བོད་མིའི་ཕན་བདེ་བསྒྲུབ་མི་ཐུབ་པར་གྱུར་པའི་གནས་ཚུལ་ཞིག་གཟིགས་ཚེ། བཅའ་ཁྲིམས་ཡོངས་རྫོགས་ཕྱིར་བསྡུ་གནང་ཡང་འགྲིག ལེ་ཚན་མང་ཆེ་བ་བསྒྱུར་བཅོས་གནང་ཡང་འགྲིག བཅའ་ཁྲིམས་གསར་པ་ཞིག་བཟོས་ཀྱང་འགྲིག དེ་ཚོ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་ཏུ་ཡོད་པ་ཞིག་རེད། འགྱུར་བ་རྩ་བ་ནས་གཏོང་རྒྱུ་མེད་པ་ཞིག་མིན། བཅའ་ཁྲིམས་ཀྱི་སྒྲོམ་གཞི་འདིའི་ཐོག་བསྐྱར་བཅོས་གནང་གི་ཡིན་ན་བསྐྱར་བཅོས་གནང་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་འདིའི་ནང་སྤྲད་ཡོད་པ་ཞིག་རེད། འོན་ཀྱང་ང་ཚོ་ཐུགས་དྲན་གསོས་དགོས་པ་ཞིག་ལ། ཇི་སྲིད་བཅའ་ཁྲིམས་འདི་གནས་པ་དེ་སྲིད་ཀྱི་རིང་ལ་གྲོས་ཚོགས་འདིའི་ལས་དོན་རྣམས་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནང་དགོས་པ་ཞིག་ལས་སྒྲོམ་གཞི་ལས་བརྒལ་ནས་གནང་བ་ཞིག་ཡིན་ན། ཚོགས་གཙོས་མ་བཀག་ཙམ་བྱུང་བའམ། གྲོས་ཚོགས་ཀྱི་གསར་ཤོག་ཏུ་ཐོན་ཙམ་དང་གྲོས་ཚོགས་ཀྱི་ལས་དོན་གྱི་དེབ་ཐེར་ཐོག་བསྡད་ཙམ་བྱུང་ཡང༌། དེར་ཁྲིམས་ཀྱི་ནུས་པ་དང་མཐའ་མ་ལག་ལེན་བསྟར་རྒྱུ་ཡོང་གི་མེད་པ་དེ་ཚང་མས་མཁྱེན་དགོས་པ་ཞིག་ཡིན། དེ་འདྲ་སོང་ཙང་ང་ཚོས་ཁྲིམས་ཀྱི་ཆ་རྐྱེན་ག་འདྲ་ཞིག་གི་ཐོག་བཀའ་བསྡུར་གནང་གི་ཡོད་པ་དེ་ཚོའི་ས་མཚམས་ཀྱི་རྭ་བ་དེ་མ་བརྗེད་པ་གནང་སྟེ་བགྲོ་གླེང་གནང་དགོས་པ་ཐུགས་གལ་ཆེན་པོ་འདུག་ཅེས་ཞུ་རྒྱུ་ཡིན། དེ་རིང་གི་ལས་རིམ་བཞི་པ་ཉེ་དུས་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དྲུག་པའི་ཐོག་བཞག་པའི་སྤྱི་མོས་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་ཚོགས་གཙོ་སྦྲེལ་པོས་བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་འབུལ་ཕྱོགས་སྤྱི་དང༌། ལྷག་པར་དམིགས་བཀར་གྱི་དགོས་དངུལ་ཞུ་ཕྱོགས་དེ་ཚོ་འདས་པའི་ལོ་བདུན་བརྒྱད་ཅིག་རིང་ཁྲིམས་དང་སྒྲིག་གཞི་དང་མཐུན་པའི་སྟངས་འཛིན་ཚད་ལྡན་ཞིག་མ་བྱུང་བ་དངོས་སུ་ཉམས་མྱོང་བྱུང་བ་ལ་བརྟེན་ནས་ཚོགས་ཆུང་འདི་འཛུགས་དགོས་པའི་རྒྱུ་མཚན་དེ་བྱུང་བ་རེད། ཚོགས་ཆུང་ཟུར་འཛུགས་བྱས་ནས་དུས་ཡུན་གང་འཚམས་སོང་སྟེ་ད་ཆ་ཚོགས་ཆུང་ལ་བསྐུར་བའི་ལས་འགན་ཆ་ཚང་གྲུབ་རྗེས་ཚོགས་ཆུང་དེའི་སྙན་ཐོ་དེ་ད་རིང་གྲོས་ཚོགས་ནང་སྙན་སྒྲོན་ཞུ་རྒྱུ་ཡིན། དེ་ཐོག་བགྲོ་གླེང་གནང་ནས་མཐའ་མའི་ཐག་གཅོད་ད་རིང་ཚོགས་དུས་འདིའི་ཐོག་ནས་གནང་དགོས། དེའི་རྒྱུ་མཚན་ནི་ཚོགས་དུས་རྗེས་མའི་ཐོག་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༠༠་་༢༠༠༡ གི་ལོ་འཁོར་སྔོན་རྩིས་ད་རིང་ཚོགས་ཆུང་འདིའི་རྒྱབ་གཉེར་ཐོག་གྲོས་ཚོགས་ནས་གང་ཐུགས་ཐག་བཅད་པའི་ལམ་སྲོལ་ལྟར་བཟོས་ཏེ་འབུལ་དགོས་པ་ཞིག་ཡིན་ཙང༌། ངས་རེ་འདུན་ཞུ་རྒྱུ་ལ། སྙན་ཐོ་དེའི་ཐོག་བགྲོ་གླེང་གསལ་པོ་ཞིག་གནང་ནས་ཐག་གཅོད་གནང་ཐུབ་པ་ཞིག་བྱུང་ན། མ་འོངས་པར་བཙན་བྱོལ་གཞུང་གི་འཛིན་སྐྱོང་ངོས་ནས་སྔོན་རྩིས་ཡིག་ཆ་འབུལ་བདེ་བ་ཞིག་དང༌། ཚོད་དཔག་འཆར་རྩིས་ཚོགས་ཆུང་དང་གྲོས་ཚོགས་ཀྱིས་ཞིབ་འཇུག་གནང་བདེ་བ་ཞིག དངོས་ཡོད་ཀྱི་གནས་ཚུལ་ཡོངས་རྫོགས་ཤོག་ལྷེ་གཅིག་ཐོག་གཟིགས་བདེ་བ་ཞིག་ཡོང་རྒྱུ། ལྷག་པར་དུ་དམིགས་བསལ་གྱི་དངུལ་འབོར་ཕོན་ཆེ་དེ་ཚོ་དེ་སྔོན་བཞིན་ཞིབ་འཇུག་ཆ་ཚང་མེད་པར་སྤྱི་མ་སྤུང་ཞིག་ཐོག་ལ་འགྲོ་མི་དགོས་པར་གྲོས་ཚོགས་ཀྱིས་གསལ་པོ་མཁྱེན་ཐུབ་པ་དང་མཁྱེན་པ་གཞིར་བཟུང་གིས་ཐག་གཅོད་གསལ་པོ་ཞིག་གནང་ཐུབ་པ་ཞིག་ཡོང་བའི་ཆ་རྐྱེན་བཟང་པོ་ཞིག་ཡོང་རྒྱུའི་རེ་བ་བྱས་པ་རེད། ད་རིང་ཡིག་ཆ་ཆ་ཚང་སྤྱི་འཐུས་རྣམ་པ་ཚོར་འགྲེམས་སྤེལ་ཞུས་ཡོད་པ་རེད། དེའི་ཐོག་དུས་ཚོད་ལྡེང་ངེས་ཤིག་ཕུལ་ནས་མཐའ་བསྡོམས་གནང་རྒྱུ་ཡིན་པས་སྤྱི་འཐུས་ཚང་མས་ཐུགས་སྣང་ཆེན་པོས་ཡིག་ཆ་དེར་ཞིབ་འཇུག་གནང་ནས་དེ་ཐོག་ཁ་ཡོད་ལག་ཡོད་དོན་ཕན་སོན་པའི་དགོངས་འཆར་གནང་ཐུབ་པ་ཞིག་ཡོང་རྒྱུའི་ངས་རེ་བ་བརྒྱབ་ཀྱི་ཡོད། དེ་ནས་དམིགས་བསལ་ཆེད་འཛུགས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་རྒྱུ་ཡོད། ཅེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ། ༡༩༩༩/༠༩/༢༡ ་་་ ༡༩༩༩/༠༩/༣༠