གྲོས་ཚོགས་སུ་གནང་སྟངས་ཁག་ཅིག་སྐོར་འབོད་སྐུལ་གནང་བ།

སྟོང་པའི་དུས་ཚོད་གསོལ་རས་གནང་བ་ཐུགས་རྗེ་ཆེ། གྲོས་ཚོགས་ཀྱི་ཡིག་ཆ་དང་ལས་རིམ་ནང་བེད་སྤྱོད་གཏོང་རྒྱུའི་སྐད་དང༌། དེ་བཞིན་ཚོགས་འདུའི་འགྲོ་ལུགས་དང་འབྲེལ་བ་ཡོད་པའི་དོན་གནད་གཅིག་གཉིས་སྟོང་པའི་དུས་ཚོད་ལེན་ནས་ཞུས་ན་བསམ་པ་བྱུང༌། ང་ཚོ་མང་གཙོའི་རིང་ལུགས་ཀྱི་ནང་བློ་ཐག་བཅད་ནས་འགྲོ་བའི་སྐབས། ཡི་གེའི་བརྗོད་བྱ་རྒྱག་ཕྱོགས་དང་ཚིག་བེད་སྤྱོད་གཏོང་ཕྱོགས་ཀྱང་མང་གཙོའི་ལམ་དང་མཐུན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་འདུག དེར་བརྟེན་གཞུང་འབྲེལ་ཡིག་ཆ་མང་པོའི་ནང་བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམ་པ། དེ་ཙམ་དུ་མ་ཟད་དྲུང་ཆེ་དང་བཅས་པ་ལ་འབོད་སྒྲ་སྦྱར་བའི་སྐབས་༧མི་རྗེ་དང༌། ྋམི་དབང་དང༌། ས་དབང་སོགས་ཀྱི་ཚིག་བརྗོད་བེད་སྤྱོད་བྱེད་བཞིན་པ་རེད། འཛིན་སྐྱོང་ནས་མ་འོངས་པར་བཀའ་བློན་དང༌། དྲུང་ཆེ་དང༌། ལས་བྱེད་སུ་འདྲ་ཡིན་རུང་མཚན་བརྗོད་བྱེད་པའི་སྐབས་མི་རྗེ་དང་མི་དབང་ས་དབང་སོགས་ཀྱི་ཚིག་བརྗོད་སྦྱར་ན་མི་འགྲིགས་པའི་བཀོད་ཁྱབ་གཏོང་རྒྱུའི་སྐོར་བསམ་ཞིབ་བྱེད་བཞིན་པ་ཡིན། ད་ལྟ་ཚིག་བརྗོད་དེ་རིགས་གྲོས་ཚོགས་ནང་དུའང་སྐབས་རེ་བེད་སྤྱོད་གནང་གི་ཡོད་པར་བརྟེན། གལ་ཏེ་གྲོས་ཚོགས་ཀྱི་དགོངས་ཚུལ་དང་མ་མཐུན་པ་མེད་ན་མ་འོངས་པར་བཀའ་བློན་གྱི་མཚན་བརྗོད་སྔོན་དུ་མི་རྗེ་དང་མི་དབང་སོགས་ཀྱི་ཐ་སྙད་སྦྱར་མ་གནང་ན་སྙམ་པའི་ཚོར་སྣང་བྱུང༌། དཔལ་ལྡན་དང༌། བཀུར་འོས་སོགས་སྦྱར་ན་སྐྱོན་མི་འདུག དཔལ་ལྡན་ཚོགས་གཙོ་མཆོག་གིས་དགོངས་བཞེས་གནང་རྒྱུའི་ཆེད་དུ་ཞུས་པ་ཡིན། ང་ཚོས་བེད་སྤྱོད་གཏོང་བཞིན་པའི་མིང་ཚིག་མང་པོ་སྲིད་གཞུང་རྙིང་པའི་སྐབས་ཀྱི་སྐད་ཡིག་ད་ལྟའང་བག་ཆགས་མ་སངས་པ་བསྡད་འདུག
དོན་ཚན་གཉིས་པ། འདས་པའི་ཉིན་ཤས་རིང་ཉམས་མྱོང་བྱུང་བ་ལ་སྤྱི་འཐུས་ཚོགས་ཁང་ནང་དུ་བཀའ་བློན་རྣམས་ཕེབས་པའི་སྐབས་སྤྱི་འཐུས་འགའ་རེས་ཐུགས་སྣང་མེད་པར་སྐུ་བཞེངས་གནང་གི་འདུག ཚོགས་ཁང་འདིའི་ནང་ནམ་རྒྱུན་སྐུ་བཞེངས་གནང་དགོས་པ་སྤྱི་འཐུས་ཚོགས་གཙོ་མ་གཏོགས་ཡོད་མ་རེད། བཀའ་བློན་རྣམས་ཕེབས་དུས་ཐུགས་གཡེངས་ནས་སྐུ་བཞེངས་མ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་དང༌། དེ་ཐོག་དགོས་གལ་ཡོད་ན། ཚོགས་གཙོས་ལམ་སྟོན་གནང་རོགས་གནང༌།
དོན་ཚན་གསུམ་པ། བགྲོ་གླེང་གནང་བའི་སྐབས་བཀའ་ཤག་གི་ལས་འཆར་དོན་ཚན་འགྲིགས་པ་ལ་འགྲིགས་འདུག་ཅེས་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ། ཡིན་ནའང་འགའ་ཞིག་གིས་བསྟོད་ར་དང་ཆེ་བརྗོད་མང་པོ་གནང་གི་འདུག འགྲིགས་པ་ལ་འགྲིགས་འདུག་གསུངས་པ་མ་གཏོགས་བསྔགས་བརྗོད་དང་སྦྱར་ནས་འགྲེལ་བརྗོད་མང་པོ་མ་གནང་རོགས། མ་འོངས་པར་སྐྱོན་བརྗོད་གནང་དགོས་བྱུང་སྐབས་སྔོན་མ་བསྔགས་བརྗོད་མང་པོ་གནང་བ་དང་ནང་འགལ་ཆགས་ཀྱི་རེད། རྒྱབ་སྐྱོར་གནང་བ་ནི་བཀྲིན་ཆེན་པོ་རེད། གྲོས་ཚོགས་ཀྱི་དུས་ཚོད་ཆུད་ཟོས་མི་འགྲོ་བའི་ཆེད་དུ་བསྔགས་བརྗོད་ཀྱི་གསུང་བཤད་རིང་པོ་མ་གནང་ན་ཡག་པོ་འདུག་ཅེས་ཞུ་རྒྱུ་ཡིན།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཚོགས་དུས་གཉིས་པ། ༢༠༠༡།༩།༡༩ ནས་ ༢༠༠༡།༩།༢༨