གྲོས་ཚོགས་ཀྱི་གསར་ཤོག་ཡར་རྒྱས་གཏོང་ཐབས་སུ་མཐུན་འགྱུར་དགོས་གལ་སྐོར།

གྲོས་ཚོགས་ཀྱི་ལམ་ལུགས་ལ་གྲོས་ཚོགས་ཀྱི་ལས་རིམ་རྣམས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། དེའི་ཡན་ལག་ལ་ང་ཚོའི་བཀའ་མོལ་གང་གནང་བ་རྣམས་སྒྲ་འཛིན་འཁོར་ཐག་ནང་བཅུག་གི་ཡོད་རེད། སྤྱི་ཚོགས་ཀྱི་ནང་ཚང་མས་གནས་ཚུལ་ཤེས་རྒྱུའི་ཆེད་དུ་གྲོས་ཚོགས་ཀྱི་གསར་ཤོག་ནང་བཏོན་གྱི་ཡོད་རེད། སྒྲ་འཛིན་འཁོར་ཐག་ནང་ཡོད་པ་རྣམས་རྗེས་མ་ཡིག་ཐོག་ལ་ཕབ་ནས་གྲོས་ཚོགས་རེ་རེ་བཞིན་དེབ་གཟུགས་སུ་བཏོན་རྒྱུའི་ལས་རིམ་གནང་བཞིན་པ་རེད། འདས་པའི་ལོ་ལྔ་དྲུག་གི་ཉམས་མྱོང་ནང་གྲོས་ཚོགས་ཀྱི་གསར་ཤོག་དེ་འབད་བརྩོན་ཆེན་པོ་བྱས་ནས་བཏོན་གྱི་ཡོད་རེད་དེ། བློ་ཁ་ཁེངས་པ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་ཁག་པོ་ཆགས་བསྡད་ཀྱིན་ཡོད་རེད། དེ་འདྲ་ཡིན་ཙང་ད་རིང་སྐབས་བཅིུས་པའི་གྲོས་ཚོགས་ཀྱི་ཚོགས་དུས་བཞི་པ་འདི་ནས་ང་ཚོའི་གྲོས་ཚོགས་ཀྱི་གསར་ཤོག་དེ་ཕྲན་བུ་ཡར་རྒྱས་གཏང་རྒྱུའི་རེ་བ་བྱས་ནས་གསར་ཤོག་བྲིས་འགོད་དང་རྩོམ་སྒྲིག་བྱེད་མཁན་གྱི་མི་མང་དུ་བཏང་བ་ཡིན། འདིའི་ཐོག་ལ་འགྲོ་གྲོན་སྣོན་པ་རྩིས་འགོ་གཞན་ནས་ག་བསྒྱུར་གྱིས་གཏོང་གི་ཡོད། གྲོས་ཚོགས་ཀྱི་ཚོགས་ཐེངས་འདི་ནས་ཚོུད་རེ་རེའི་རྗེས་ལ་གྲོས་ཚོགས་གསར་འགོད་པ་ཚོས་སྤྱི་འཐུས་རྣམ་པའི་གསུང་བཤད་ཟིན་བྲིས་བརྒྱབས་ནས་སྤྱི་འཐུས་སོ་སོར་ཕར་འབུལ་རྒྱུའི་ལམ་སྲོལ་གསར་པ་ཞིག་འགོ་འཛུགས་བྱེད་ཀྱི་ཡོད། རྒྱལ་ཁབ་གཞན་པ་ཕལ་ཆེ་བའི་འགྲོ་སྟངས་ལ་གྲོས་ཚོགས་སུ་གསུང་བཤད་ཚང་མ་སྔོན་ནས་ཡིག་ཐོག་ལ་བཀོད་དེ་ཕུལ་མེད་ན་ངག་ཐོག་ནས་གང་གསུངས་པ་ཟིན་བྲིས་བརྒྱབས་ནས་གསུང་མཁན་ཚོར་འབུལ་གྱི་ཡོད་རེད། ཟིན་བྲིས་རྒྱག་སྟངས་མ་འགྲིགས་པ་དང་ཆད་པ་འདྲ་བྱུང་ཡོད་ན་སྤྱི་འཐུས་སོ་སོས་བཟོ་བཅོས་གནང་ནས་མཐའ་མ་ཡིག་ཐོག་ཏུ་ཐོན་པ་དེ་སྤྱི་འཐུས་སོ་སོས་གང་བཀའ་གནང་བ་ཆད་ལྷག་མེད་པ་དང༌། མ་ནོར་བ་ཐོན་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་བརྩི་གི་རེད། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གང་གསུངས་པ་དེ་བོད་རྒྱ་ཆེ་མི་མང་ཡོངས་རྫོགས་ལ་ཤེས་རྒྱུའི་ཐོབ་ཐང་ཡོད་པ་རེད། ཐོབ་ཐང་དེའི་ཆ་ཤས་ཙམ་བསྐང་རྒྱུའི་ཆེད་དུ་ང་རང་ཚོ་ལ་རླུང་འཕྲིན་དང་གཟུགས་མཐོང་གློག་འཕྲིན་སོགས་མེད་པ་ཡིན་ཙང༌། གསར་ཤོག་གི་བརྒྱུད་ལམ་གཅིག་རང་ཡོད་པ་དེ་གང་ཐུབ་ཀྱིས་ཡར་རྒྱས་གཏོང་དགོས། ད་རིང་ལམ་སྲོལ་གསར་གཏོད་འདི་ལ་སྤྱི་འཐུས་ཚང་མས་མཐུན་འགྱུར་རོགས་རམ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཟིན་བྲིས་སྤྱན་འབུལ་ཞུ་སྐབས་གཟིགས་འདོད་མེད་ན་མ་གཟིགས་ནའང་འགྲིག་གི་རེད་དེ། རྗེས་སུ་འགྲིགས་མི་འདུག་གསུང་ས་མེད་པ་ཆགས་རེད། གཟིགས་འདོད་ཡོད་ན་ལམ་སེང་གཟིགས་ནས་ཚོུུད་ ༡༢ ནང་ཚུན་ཚུར་གནང་རོགས་གནང༌། དགོང་མོར་ཕུལ་ན་སང་ཞོགས་སྔ་དྲོ་དང༌། སྔ་དྲོ་ཕུལ་ན་དེ་ཉིན་དགོང་མོ་གནང་ཐུབ་པ་གནང་རོགས་ཞུ་རྒྱུ་ཡིན། དེ་མ་བྱུང་ན་ལས་ཀ་འགག་འགྲོ་གི་རེད། དེ་དང་ཆབས་ཅིག་འབོད་སྐུལ་ཞུ་རྒྱུ་གཞན་ཞིག་ནི་གྲོས་ཚོགས་ནང་གང་གསུངས་པ་དེ་ཡི་གེ་བྲིས་མཁན་གྱིས་འགྲིགས་མེད་ན་བཟོ་བཅོས་སྐྱོན་ཆོག་རྒྱུ་ཅིག་རེད་མ་གཏོགས། མ་གསུངས་པ་ཞིག་རྗེས་སུ་དགོངས་པར་འཁོར་ནས་སྣོན་པ་བཅུག་ན་འགྲིགས་ཀྱི་མ་རེད། གང་གསུངས་པ་ཞིག་འདི་བྲིས་ན་ཡག་པོ་མི་འདུག་དགོངས་ནས་བསུབ་ན་འགྲིགས་ཀྱི་མ་རེད། གཙོ་བོ་ག་རེ་གཟིགས་དགོས་རེད་ཞུ་ན། ཡི་གེ་བྲིས་མཁན་གྱིས་གོ་བ་ལོག་ནས་སྤྱི་འཐུས་ཚོས་མ་གསུངས་པ་ཞིག་གསུངས་སོང་ཟེར་བ་དང༌། གསུངས་པ་ཞིག་ཆད་བསྡད་པ་བྱུང་མི་འདུག་གམ་གཟིགས་དགོས། བྱས་ཙང་དེ་ཚོ་ཐུགས་ལ་བཞག་ནས་གྲོས་ཚོགས་ཀྱི་གསར་ཤོག་དེ་ད་རིང་ཚོགས་དུས་འདི་ནས་ཕྲན་བུ་ཡར་རྒྱས་འགྲོ་ཐུབ་པ་དང༌། དེ་ནས་གོམས་གཤིས་ཆགས་ཏེ་ཚོགས་དུས་རྗེས་མ་ཚོར་གསར་ཤོག་འདི་གཟིགས་པ་ཡིན་ན་ཚོགས་འདུའི་ནང་ལ་ཕེབས་པ་དང་ཁྱད་མེད་པའི་དོན་དག་ཆ་ཚང་གཟིགས་ཐུབ་པའི་ཐབས་ལམ་གཅིག་བཟོ་ཐུབ་རྒྱུར་ང་ཚོས་འབད་བརྩོན་གནང་དགོས་ཀྱི་འདུག དེ་ལ་སྤྱི་འཐུས་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་ན་མ་གཏོགས་གསར་ཤོག་འགོད་མཁན་རྐྱང་རྐྱང་གིས་བྱེད་ཐུབ་རྒྱུ་ཞིག་མ་རེད། དེ་བཞིན་སྤྱི་འཐུས་ཙམ་མ་ཡིན་པར། གྲོས་ཚོགས་ནང་བཀའ་མོལ་གནང་རྒྱུའི་ཐོབ་ཐང་ཡོད་མཁན་བཀའ་བློན་རྣམ་པ་ཚོ་ཡོད་རེད། བཀའ་བློན་རྣམ་པ་ཚོར་ཡང་སྤྱི་མཚུངས་བྱས་ནས་ཟིན་བྲིས་ཕུལ་གྱི་རེད། དེ་དུས་བཀའ་བློན་རྣམ་པ་སོ་སོས་གཟིགས་ན་མ་གཏོགས་འདི་བཀའ་དྲུང་སོགས་ལས་བྱེད་ལ་གཟིགས་རྒྱུར་མངགས་ན་འགྲིགས་ཀྱི་མ་རེད། ད་ལྟ་ང་ཚོ་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་རྒྱུ་ཡིན། ཁྲིམས་བཟོའི་ལས་དོན་མང་ཆེ་བ་འདི་ཁྲིམས་བཟོ་ཚར་བའི་རྗེས་ལ་ལག་ལེན་འཛིན་སྐྱོང་བཀའ་བློན་རྣམ་པ་ཚོས་བསྟར་གནང་དགོས་ཀྱི་ཡོད་རེད། སྒྲིག་གཞི་དང་གྲོས་ཆོད་ག་རེ་ཡིན་ནའང་རྗེས་མ་འཛིན་སྐྱོང་གིས་ལག་ལེན་བསྟར་སྐབས་སྐུ་ངལ་ཡོང་གཞི་ཡོད་པ་ཞིག་ཡིན་ན་བཟོ་བཅོས་གྲོས་འཆར་བཏོན་རྒྱུ་དང༌། གསལ་བཤད་བགྲོ་གླེང་གནང་རྒྱུའི་གོ་སྐབས་ནི་ཁྲིམས་བཟོའི་ལས་དོན་གྱི་སྐབས་འདི་རེད། བཀའ་བློན་རྣམ་པར་མཐའ་མའི་མོས་ཤོག་བསྡུ་རྒྱུ་མེད་པ་ཙམ་མ་གཏོགས། བགྲོ་གླེང་ནང་ཆ་ཤས་བླང་རྒྱུའི་ཐོབ་ཐང་ཆ་ཚང་འབུལ་དགོས་པའི་དམིགས་ཡུལ་རྒྱུ་མཚན་དེ་ག་རང་རེད། ཁྲིམས་བཟོའི་སྐབས་འཛིན་སྐྱོང་གི་དགོངས་ཚུལ་གང་ཡོད་པ་དེ་སླེབས་ཐུབ་པ་དགོས་རྒྱུ་ཐུགས་གལ་ཆེན་པོ་རེད། དེ་འདྲ་ཞིག་མ་བྱུང་ན་ཁྲིམས་དང་སྒྲིག་གཞི་རྣམས་དང༌། འཛིན་སྐྱོང་ལ་ཁྱབ་དགོས་པའི་གྲོས་ཆོད་རྣམས་གཏན་འབེབས་ཟིན་རྗེས་རྒྱན་དུ་མ་སོང་བར་ཁུར་དུ་སོང་སྲིད་པ་རེད། དེ་ལུགས་ཚང་མས་དགོངས་པ་བཞེས་ན་བསམ་བྱུང༌། ཞེས་གསུངས།

བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཞི་པ། ༡༩༩༧/༠༩/༡༥ ་་་ ༡༩༩༧/༠༩/༢༦