གཟིགས་གཟོས་ལ་གཟིགས་གསོལ་ཞེས་བཟོ་དགོས་ཚུལ།
ཡི་གེ་དག་ཆའི་ཐོག་ལ་ལག་པ་བརྐྱངས་ནས་མང་མོས་བསྡུས་པའི་ལུགས་སྲོལ་ཡོད་མ་རེད། དེ་ནི་བརྡ་སྤྲོད་ཀྱི་གཞུང་ལ་གཏུགས་ནས་འགྲོ་རྒྱུ་ཞིག་རེད། ད་ལྟ་བཅའ་ཁྲིམས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་གྲོས་འཆར་ཟིན་བྲིས་སླེབས་པའི་སྐབས་ལ་ཚོགས་གཙོའི་ངོས་ནས་ཞིབ་འཇུག་གནང་སྟེ་གཟིགས་གཟོས་དང་གཟིགས་གསོལ་གཉིས་ཀྱི་ནང་ནས་གཟིགས་གསོལ་འདི་སྟབས་བདེ་བའི་དབང་གིས་གསོལ་ཞེས་བཞག་ཡོད་རེད། འོན་ཀྱང་སྤྱི་འཐུས་མང་ཆེ་བས་ཡག་པོ་མི་འདུག་དགོངས་པ་ཡིན་ན་དེ་ལ་གཟིགས་གཟོས་ཞེས་བཟོས་པ་ཡིན་ནའང་ཐུགས་འགལ་གང་ཡང་ཡོད་མ་རེད་བསམ་གྱི་འདུག ཁྲིམས་ཡིག་གི་ནང་ལ་དག་ཆ་ཐམས་ཅད་གཅིག་གྱུར་དགོས་རེད་གསུང་རྒྱུ་འདི་དངོས་ཡོད་ཀྱི་གནས་ཚུལ་རེད། ཁྲིམས་ཀྱི་ལམ་སྲོལ་ཡོད་པའི་རྒྱལ་ཁབ་ཚང་མས་ཁྲིམས་ཀྱི་ནང་ལ་འགོད་རྒྱུའི་ཚིག་དང་དག་ཆ་ལ་ཞེ་དྲགས་གལ་ཆེན་པོར་བརྩིས་ནས་ཕྲན་བུ་ནོར་བ་ཡིན་ནའང་ཁྲིམས་ནས་ནོར་འཁྲུལ་ཆེན་པོ་འགྲོ་རྒྱུ་ཡོད་པ་ལ་བརྩིས་ནས་གལ་ཆེན་པོ་རྩིས་ཀྱི་ཡོད་རེད། ཡིན་ནའང་ང་རང་ཚོར་ད་ཕན་ལ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིག་གཞིའི་ནང་ལ་ཡི་གེ་དག་པོ་ཡོད་པའི་ཁྱབ་པ་གང་ཡང་ཡོད་མ་རེད། ཡི་གེ་མ་དག་པ་འབྲི་རྒྱུ་འདི་དེང་སང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཞིག་ལ་རྩིས་ཀྱི་ཡོད་པས་དེ་ལ་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་ལ་རང་འདོད་གང་ཡོད་བྱས་ནས་འབྲི་མཁན་གྱིས་བྲིས་རྐྱང་དང་ཀློག་མཁན་གྱིས་ཀྱང་དེ་གར་ཀློག་རྐྱང་བྱས་ནས་འགྲོ་བསྡད་ཀྱི་རེད། དེ་ལ་ངས་ཞེ་དྲགས་ཞུ་ཐུབ་ཀྱི་མི་འདུག གཟིགས་གཟོས་ཆེན་པོ་ཡོད་རེད་ཅེས་སྔ་མའི་རྣམ་ཐར་དང༌། ལྷག་པར་དུའང་སྡེ་སྲིད་ཀྱི་གསུང་དང༌། ྋརྒྱལ་བ་ལྔ་པའི་མཛད་རྣམ་དུ་གུ་ལའི་གོས་བཟང་ལ་སོགས་པའི་ནང་གཟིགས་གཟོས་ཞེས་པའི་ཚིག་ཚར་མང་པོ་བེད་སྤྱོད་བཏང་ཡོད་ཀྱང༌། འདི་ནི་མར་གནང་རྒྱུ་ཞིག་མིན་པར་མི་གཅིག་ལ་གུས་ཞབས་ཞུ་རྒྱུ་དང༌། གཟིགས་པ་ཆེན་པོ་གནང་རྒྱུའི་ཆེད་དུ་རེད། དེའང་ཁོས་གཟིགས་གཟོས་ཆེན་པོ་གནང་རེད་ཟེར་དུས་ཐུགས་ཉེ་པོ་གནང་རྒྱུ་དང༌། གཟིགས་པ་ཆེན་པོ་གནང་རྒྱུ་ཞིག་ལ་གོ་བསྡད་ཡོད་རེད། འོན་ཀྱང་ད་ལྟ་འདིར་དངུལ་འབབ་སྤྲད་རྒྱུ་ཞིག་ཡིན་ཙང༌། གསོལ་ཞེས་པ་གསོལ་མཆོད་ཀྱི་གསོལ་དང༌། གསོལ་རས་ཀྱིས་གསོལ་དང་ཐག་ཉེ་བ་ཞིག་ཆགས་པ་ལ་བརྩིས་པ་རེད། དེ་ཡང་མར་སྤྲད་རྒྱུ་ཞིག་ཡིན་པས་གསོལ་ཞེས་པ་སྤྲད་པའི་ཞེ་ས་ལ་གོ་རྒྱུའི་ལམ་ཞིག་བོད་ཀྱི་བརྡ་རྙིང་ནས་ད་བར་ཆགས་བསྡད་པ་ཞིག་རེད་འདུག སོང་ཙང་གསོལ་རས་ལ་གཟོས་རས་ཞེས་ནམ་ཡང་ལབ་ཀྱི་མ་རེད། ད་ལྟ་འདིར་སྤྱིར་བཏང་ནས་གཟིགས་གསོལ་ཟེར་རྒྱུ་འདི་ང་ཚོས་འཁྱེར་ཡོང་རྒྱུ་ནི་རྒྱལ་ཁབ་གཞན་གྱི་ནང་ལས་ཀ་ཐོན་འགྲོ་དུས་སྤྲད་རྒྱུ་ཚིག་ལ་བཏོན་ནས་འཁྱེར་ཡོང་དུས་འདིའི་གོ་རྒྱུ་གཙོ་བོ་གང་ཡོད་ཅེ་ན། གཟིགས་པ་བྱས་ནས་མར་གསོལ་རས་གནང་བ་ཞིག་མ་གཏོགས་གང་ཟག་དེའི་ཐོབ་ཐང་བྱས་ནས་ཡར་རྩོད་ལེན་རྒྱག་རྒྱུ་མེད་པ་ཞིག་ལ་གོ་དགོས་ཀྱི་ཡོད་རེད། དབྱིན་ཇིའི་སྐད་ལ་ Privilege ཟེར་རྒྱུ་དེ་རེད་མ་གཏོགས། Right ཟེར་རྒྱུ་དེ་ཆགས་ཀྱི་ཡོད་མ་རེད། འོན་ཀྱང་བོད་སྐད་ཀྱི་ནང་ལ་ Privilege དང་ Right གཉིས་ཀ་གཅིག་མཚུངས་ལྟ་བུའི་བེད་སྤྱོད་གཏོང་བསྡད་ཀྱི་ཡོད་རེད། བྱས་ཙང་གཟིགས་གཟོས་དང་གཟིགས་གསོལ་གཉིས་ཀྱི་ནང་ནས་ད་ལྟའི་གནས་སྐབས་འདིར་མར་སྤྲད་རྒྱུའི་དོན་དག་ལ་གོ་རྒྱུ་ཡིན་ཙང་གཟིགས་གསོལ་འདི་སྟབས་བདེ་བར་མཐོང་ནས་ཚོགས་གཙོའི་ལས་ཁུངས་ནས་བཟོ་བཅོས་བཏང་བ་ཞིག་རེད། དངུལ་འབབ་སྤྲད་རྒྱུའི་དོན་དག་ལ་གོ་རྒྱུའི་ཆེད་དུ་དབྱིན་ཇིའི་སྐད་ལ་ gratitute ལས་བཟོས་པའི་ gratuity ཀྱི་ཚིག་འདི་བོད་སྐད་དུ་ཐོག་མར་སུས་བསྒྱུར་མིན་ལ་མ་ལྟོས་པར་གཟིགས་གཟོས་སམ་གཟིགས་གསོལ་ཞེས་པའི་ཚིག་འདི་བཞག་ཡོད་རེད། བྱས་ཙང་འདིར་གཟིགས་གསོལ་ཞེས་བྲིས་དགོས་པའི་རྒྱུ་མཚན་འདི་ལྟར་རེད། ཅེས་གསུངས།
བོད་མི་མང་སྤྱི་འཐུས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ། ༢༠༠༡/༠༣/༡༥ ་་་ ༢༠༠༡/༠༣/༢༦