གཞོན་སྐྱེས་ཚོར་སློབ་སྟོན་ལས་འཕྲོས་པའི་དྲི་བ་དྲིས་ལན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། ༄༅། །བཀའ་ཤག་གི་གྲོས་ཚོགས་ཐེངས་ ༥ ལས་བསྡོམས་གསལ་བཤད་ ཀ ནང་གསེས་ ༣ པའི་ནང་སྐྱབས་བཅོལ་བའི་དམིགས་བསལ་ཕྱག་འགན་ཞུ་སྒོ་གང་ཡིན་ངོ་སྤྲོད་གསལ་བཤད་གནད་སྨིན་གྱིས་གཞོན་སྐྱེས་ཚོའི་བསམ་བློར་བསྒྱུར་བཅོས་ཐེབས་ཐབས་གནང་གལ་ཆེ་བ་ཞེས་སྐོར། འདིའི་ཐོག་བཀའ་བློན་ཚོ་དང༌། སྲི་ཞུ་བ་བགྲེས་གྲས་རྣམས་རིམ་བཞིན་གཞིས་སྒར་ཁག་ཏུ་བསྐྱོད་དེ་སློབ་སྟོན་བྱས་དང་བྱེད་འཆར་ཡིན་ཞེས་འཁོད་འདུག བཀའ་འདྲི་ཞུ་རྒྱུར།
༡ ལོ་འཁོར་ ༢ ལྷག་ཙམ་ནང་བཀའ་བློན་རྣམས་ནས་ས་གནས་གང་དང་གང་དུ་སློབ་སྟོན་གནང་ཡོད།
༢ དེ་བཞིན་སྲི་ཞུ་བ་བགྲེས་གྲས་སུ་དང་སུ་ས་གནས་གང་དང་གང་དུ་སློབ་སྟོན་གནང་གར་ཕེབས་ཡོད།
༣ གྲུབ་འབྲས་གནས་བབས་གང་ཆགས་གསལ་བཤད་གནང་སྐྱོང་ཡོང་བ་ཞུ།

བཀའ་ལན།
༡ རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ནང་ཡོད་པའི་བོད་མིའི་འདུས་སྡོད་ས་གནས་ཕལ་ཆེ་བར་ལྟ་སྐོར་དང་ཆབས་ཅིག་མང་ཚོགས་ལ་དུས་བསྟུན་སློབ་གསོ་ལམ་སྟོན་གང་ཡོང་ཞུས་ཡོད།
༢ བཀའ་བློན་དང་དྲུང་ཆེས་གཙོས་འབྲེལ་ཡོད་ལས་བྱེད་མི་ཉུང་བ་ཞིག་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་བོད་མིའི་འདུས་སྡོད་ས་གནས་ཁག་དང་གཏན་ཉིན་སློབ་གྲྭ་ཁག་ཕལ་ཆེ་བར་འགྲོ་ཐུབ་ཡོད་གཤིས། ཚང་མའི་ཐོ་གཞུང་འབུལ་རྒྱུར་ཡིག་ཚོགས་ཆེ་ཞིང་དྲི་བ་དྲིས་ལན་གྱི་དུས་ཚོད་ནང་མ་འཚམས་པ་མཐོང་སྟེ་ཕུལ་མེད། དགོས་གལ་གཟིགས་ན་ཟུར་དུ་དྲི་བ་གནང་མཁན་ལ་ཕུལ་ཆོག་པ་ཞུ།
༣ གྲུབ་འབྲས་འདི་ཡིན་ཞེས་རྡོག་རྡོག་བཏོན་རྒྱུ་མེད་རུང༌། གཞོན་སྐྱེས་མང་པོ་ཞིག་གི་སྒོ་གསུམ་གྱི་སྤྱོད་པ་བཟང་ཕྱོགས་སུ་ཕྱིན་ཡོད་པའི་རེ་བ་བྱེད་ཀྱི་ཡོད། ཞེས་འདོན་གནང་བ་དང་ཆབས་ཅིག ངག་ཐོག་ནས་གསུང་དོན་དུ། དྲི་བའི་ནང་དུ་སྲི་ཞུ་བ་སུ་དང་སུ། ས་གནས་གང་དང་གང་དུ། ལས་དོན་གང་དང་གང་གི་ཐོག་ལ་ཕེབས་པ་རེད་དམ་ཞེས་གསུངས་ཐད། ཞིབ་ཚགས་པོའི་གནས་ཚུལ་དགོས་ཚུལ་གསལ་གྱི་འདུག་ཀྱང་ཡིག་ཆ་མང་བས་དྲིས་ལན་གྱི་ནང་དུ་འབུལ་བདེ་པོ་མཐོང་མ་སོང༌། ཐོ་གཞུང་དེ་མཉམ་དུ་འཁྱེར་ཡོད་པས་དྲི་བ་གནང་མཁན་ལ་ཕུལ་ཆོག་པ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འཕྲོས་དོན་དྲི་བར།
དྲི་བ་གསུམ་པའི་བཀའ་ལན་གྱི་ནང་དུ་གྲུབ་འབྲས་འདི་ཡིན་ཞེས་རྡོག་རྡོག་བཏོན་རྒྱུ་མེད་རུང༌། གཞོན་སྐྱེས་མང་པོ་ཞིག་གི་སྒོ་གསུམ་གྱི་སྤྱོད་པ་བཟང་ཕྱོགས་སུ་ཕྱིན་ཡོད་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག སྒོ་གསུམ་གྱི་སྤྱོད་པ་བཟང་པོ་དགོས་པ་དེ་མི་རིགས་སྤྱི་དང༌། ལྷག་པར་དུ་བོད་མི་རིགས་ཡོངས་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་པས་ངས་འདི་འབྲེལ་བ་མི་འདུག་ཅེས་ཐག་བཅད་ནས་ཞུ་ཐུབ་ཀྱི་མི་འདུག ཡིན་ནའང་ངས་ཞུ་རྒྱུ་དེ་ཁ་སྔོན་གྲོས་ཚོགས་ཚོགས་དུས་ལྔ་པའི་བཀའ་ཤག་གི་ལས་བསྡོམས་གསུང་བཤད་ཀྱི་ནང་ལ་སྐྱབས་བཅོལ་བོད་པའི་དམིགས་བསལ་ཕྱག་འགན་ཞུ་སྒོ་གང་ཡིན་ངོ་སྤྲོད་གསལ་བཤད་གནད་སྨིན་གྱིས་གཞོན་སྐྱེས་ཚོའི་བསམ་བློར་བསྒྱུར་བཅོས་ཐེབས་ཐབས་གནང་གལ་ཆེ་བ་ཞེས་པ་ལས་འཕྲོས་ནས་ང་ཚོའི་གཞོན་སྐྱེས་ཚོར་སྐྱབས་བཅོལ་བའི་དམིགས་བསལ་ལས་འགན་དེ་སྒོ་གསུམ་གྱི་སྤྱོད་པ་ཡར་རྒྱས་གཏོང་རྒྱུ་གཅིག་པུ་ཡིན་ནམ། ཡང་གཞན་ཞིག་ཡོད་པ་རེད་དམ། སྐྱབས་བཅོལ་བའི་ལས་འགན་གཞན་ཞིག་ཡོད་པ་ཡིན་ན་དེའི་ཐོག་ལ་གཞོན་སྐྱེས་བསམ་བློ་བསྒྱུར་བཅོས་ཐེབས་པའི་སློབ་གསོ་དང་ཕྱག་ལས་གང་གནང་ཡོད་དམ། ད་ལྟའི་སློབ་གསོ་གནང་བཞིན་པའི་ལམ་ལུགས་དེ་ཏག་ཏག་ཅིག་ཡིན་ནམ། ལམ་ལུགས་དེ་ཆ་ཚང་ཏག་ཏག་ཅིག་མེད་ན་འགྱུར་བ་གཏང་རྒྱུའི་དགོངས་གཞི་ཡོད་དམ།
བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བའི་ནང་དུ་འཁོད་པའི་དགོངས་དོན་དང༌། ང་ཚོས་ལན་ཕུལ་བ་གཉིས་པོ་ཏག་ཏག་བསྡད་མེད་པ་ཡིན་ན་དགོངས་དག་ཞུ་རྒྱུ་ཡིན། ང་ཚོས་དེ་སྔོན་ཚོགས་དུས་ལྔ་པའི་སྐབས་ལ་ཞུས་པ་དང༌། ད་ལྟ་ཞུས་པ་གཉིས་ཀ་བོད་མི་སྐྱབས་བཅོལ་བའི་དམིགས་བསལ་གྱི་ལས་འགན་གང་ཡིན་ངོ་སྤྲོད་བྱ་རྒྱུ་དེ་ཡིན། དེ་ཡང་མདོར་བསྡུས་ནས་ཞུས་ན་བོད་མི་སྐྱབས་བཅོལ་བའི་ལས་འགན་གཙོ་བོ་གཉིས་ལ་ངོས་འཛིན་བྱས་ཏེ་མང་ཚོགས་ལ་གསལ་བཤད་བྱེད་ཀྱི་ཡོད། དང་པོ་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་རྒྱུ་དང༌། གཉིས་པ་བོད་དོན་བདེན་མཐའ་གསལ་ཐབས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་ཡོད་པའི་ལས་དོན་ཐོག་འབད་བརྩོན་བྱ་རྒྱུ་དེ་རེད། དེ་ཡང་ཆོས་དང་རིག་གཞུང་གཅེས་སྐྱོང་གི་ལས་ཀ་ཡིན་ནའང་འདྲ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་ཀ་ཡིན་ནའང་འདྲ། གང་ཡིན་རུང་ཡུལ་ལུང་སོ་སོའི་ཁྲིམས་དང་མཐུན་པ་དང༌། ཡུལ་མིའི་བསམ་ཚུལ་ལ་མི་གནོད་པ་ཞིག་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་རེད། དེ་ཚོའི་སྐོར་སློབ་སྟོན་བྱེད་ཀྱི་ཡོད། སློབ་སྟོན་བྱས་ནས་གྲུབ་འབྲས་ག་རེ་བྱུང་སོང་ཞེས་བཀའ་འདྲི་གནང་དུས། གྲུབ་འབྲས་འདི་ཐོན་སོང་ཞེས་སློབ་ཕྲུག་ཚོ་ཡིག་ཚད་གཏོང་བའི་སྐབས་བརྒྱ་ཆ་འདི་ཙམ་ཐོབ་སོང་ཟེར་བ་ལྟ་བུའི་རྡོག་རྡོག་ཅིག་སྟོན་རྒྱུ་མི་འདུག སྤྱིར་བཏང་སྐྱབས་བཅོལ་བའི་ལས་འགན་དེ་དག་ངོ་སྤྲོད་བྱས་པ་ལ་བརྟེན་ནས་གཞོན་སྐྱེས་ཚོའི་སྒོ་གསུམ་གྱི་སྤྱོད་ལམ་ཡར་རྒྱས་འགྲོ་ཡོད་པའི་རེ་བ་བྱེད་ཀྱི་ཡོད། ད་དུང་གསལ་པོ་ཆགས་མེད་པ་ཡིན་ན་དེ་ལ་ཡང་བསྐྱར་གསལ་པོ་བཟོ་རྒྱུའི་ནུས་པ་མི་འདུག

སྤྱི་འཐུས་རྣམ་རྒྱལ་དབང་འདུས་ལགས་ནས།
ངའི་འཕྲོས་དོན་དྲི་བ་དེ་དོན་ཚན་གཉིས་པ་དེ་དང་འབྲེལ་བ་ཆགས་ཀྱི་འདུག བཀའ་བློན་རྣམ་པ་ཕྱོགས་བསྐྱོད་གནང་བའི་སྐབས་ས་ཁུལ་སོ་སོར་ཕྱོགས་བཞུགས་སྤྱི་འཐུས་མེད་ན་གནས་ཚུལ་ཁག་ཁག་རེད། ཡོད་པ་ཡིན་ན་སྤྱི་འཐུས་དེར་ངེས་པར་དུ་བརྡ་ལན་གནང་དགོས་ཀྱི་འདུག གང་ཡིན་ཟེར་ན་ས་གནས་སོ་སོའི་ནང་ཡོད་པའི་ས་གནས་འགོ་འཛིན་དང་ལས་བྱེད་པས་ས་གནས་སོ་སོའི་གནས་ཚུལ་ཞུ་གི་ཡོད་རེད་ཀྱང༌། ཞུ་ཉན་པ་དེ་ཞུས་པ་དང༌། ཞུ་མི་ཉན་པ་དེ་མ་ཞུས་པའི་གནས་ཚུལ་ཡོང་གི་མེད་དམ་བསམ་པའི་དྭོགས་པ་ཤར་གྱི་འདུག ཕྱོགས་བཞུགས་སྤྱི་འཐུས་ཚོ་ས་ཁུལ་དེ་ལ་ཡོད་པ་ཡིན་ན་དེ་ལ་བརྡ་ལན་གནང་ནས་བཀའ་བློན་རྣམ་པས་ལམ་སྟོན་གནང་བའི་སྐབས་ལ་ཡིན་ནའང་མི་མང་ཚོར་བཀའ་སློབ་ག་རེ་གནང་དགོས་ཀྱི་འདུག དེ་ཚོའི་སྐོར་བཀའ་བསྡུར་གནང་བ་ཡིན་ན་ཁུལ་དེའི་གནས་སྟངས་དགེ་སྐྱོན་ཇི་ཡོད་མཁྱེན་རྟོགས་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་རེད། རྩ་བའི་འཛིན་སྐྱོང་དང་ཁྲིམས་བཟོ་ཞེས་ལོགས་ཀར་ཡོད་རེད་ཀྱང་ར་རི་ལ་བཏང་ནས་དོན་ལྷས་རར་བབ་དགོས་པ་རེད། དེ་ལྟར་མཛད་སྟངས་དོན་འཁྱོལ་ཐུབ་ན་ཐུགས་ཕན་གསོས་པ་བྱུང་གི་རེད་བསམ་གྱི་འདུག བྱས་ཙང་སྔོན་མ་དེ་འདྲ་བྱུང་ཡོད་དམ་མེད། ད་ཕྱིན་ཆད་ནས་ཡོང་གི་རེད་དམ་མ་རེད།

བཀའ་ལན།
དྲི་བ་དེ་རྩ་བའི་དྲི་བ་དང་འབྲེལ་བའི་ཡོད་མེད་ཤེས་མ་སོང༌། ཡིན་ནའང་དྲིས་ལན་ཞུ་རྒྱུ་ལ། དེ་སྔ་བཀའ་བློན་ཚོ་ཕྱོགས་བསྐྱོད་བྱས་སྐབས་ཕྱོགས་བཞུགས་སྤྱི་འཐུས་ལ་ལྗགས་ལན་ཕུལ་བ་དང་མ་ཕུལ་བ་ཅི་རིགས་བྱུང་འདུག ང་ཚོའི་སྐབས་ལ་ས་གནས་འགོ་འཛིན་ལ་ལྗགས་ལན་ཕུལ་བ་མ་གཏོགས་བཀའ་བློན་ལས་ཁུངས་སོ་སོས་བཀའ་བློན་ཚོའི་ཕྱོགས་བསྡོམས་མཛད་འཆར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པར་ཕུལ་གྱི་མེད། གང་ཡིན་ཞེ་ན། སྒྲིག་འཛུགས་ཀྱི་གནས་རིམ་གྱི་ཆ་ནས་བཀའ་བློན་ཕྱོགས་བསྐྱོད་ཕེབས་ཀྱི་ཡོད་ཅེས་བརྡ་ཁྱབ་སྤྱི་འཐུས་རྣམ་པར་བཏང་བ་ཡིན་ན། སྤྱི་འཐུས་རྣམ་པར་བཀའ་བློན་གྱི་མཛད་རིམ་དུ་ཕེབས་དགོས་པའི་བརྡ་ཐོ་ལྟ་བུར་མཐོང་སྲིད་པས་མ་ཕུལ་བ་ཡིན། ང་རང་གི་ཉམས་མྱོང་ལ་བརྡ་ཐོ་མ་ཕུལ་ཡང་ཕྱོགས་བཞུགས་སྤྱི་འཐུས་ཡོད་སའི་གཞིས་སྒར་རྣམས་སུ་ཐོག་མར་བཀའ་བློན་འབྱོར་བའི་སྐབས་དང་མི་མང་ཚོགས་འདུའི་སྐབས་ཚང་མར་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཕེབས་ཀྱི་འདུག མི་མང་ཚོགས་འདུ་མ་ཚོགས་པའི་སྔོན་ནམ་ཚོགས་ཟིན་པའི་རྗེས་སུ་ཕྱོགས་བཞུགས་སྤྱི་འཐུས་རྣམ་པར་བཀའ་བསྡུར་ཞུ་རྒྱུའི་གོ་སྐབས་ཀྱང་ཡོང་གི་འདུག་པས་ཕན་ཐོགས་ཧ་ཅང་ཆེན་པོ་འདུག མ་འོངས་པར་སྤྱི་འཐུས་རྒྱུན་ལས་སམ་ཚོགས་གཙོ་རྣམ་གཉིས་ཀྱི་ལམ་སྟོན་བྱུང་བ་ཡིན་ན་བཀའ་བློན་ཚོ་ཕྱོགས་བསྐྱོད་མཛད་འཆར་ཕྱོགས་བཞུགས་སྤྱི་འཐུས་ཚང་མར་ངེས་པར་དུ་འབུལ་ཆོག་པ་ཞུ་རྒྱུ་ཡིན།

སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་ནས།
ངའི་དྲི་བ་འདི་བཀའ་ལན་གྱི་དོན་ཚན་དང་པོ་དང་འབྲེལ་བ་ཆགས་ཀྱི་འདུག དེའི་ནང་ བྱབྱརྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ནང་ཡོད་པའི་བོད་མི་འདུ་སྡོད་ས་གནས་ཕལ་ཆེ་བར་ལྟ་སྐོར་དང་ཆབས་ཅིག་མང་ཚོགས་ལ་དུས་བསྟུན་སློབ་གསོ་ལམ་སྟོན་གང་ཡོང་ཞུས་ཡོད་བྱབྱ ཅེས་གསལ་འདུག་པར། བཀའ་བློན་མཆོག་བོད་མིའི་གནས་ཡུལ་ཁག་ལ་གཟིགས་སྐོར་ཕེབས་པའི་སྐབས་བཙན་བྱོལ་བོད་མི་མང་ཆེ་བར་འཕྲད་པའི་སྤྱི་མཚུངས་ཀྱི་དཀའ་ངལ་དེ་གང་འཕྲད་འདུག་གམ།

བཀའ་ལན།
སྤྱི་མཚུངས་ཀྱི་དཀའ་ངལ་འདི་འདུག་ཅེས་ཞུ་རྒྱུ་ཁག་པོ་འདུག ས་གནས་སོ་སོར་དམིགས་བསལ་གྱི་དཀའ་ངལ་རེ་ཡོད་པ་རེད། ཡིན་ནའང་ང་ཚོས་རྒྱུན་དུ་བོད་མིར་ཡོད་པའི་གཅིག་གྱུར་གྱི་དཀའ་ངལ་གསུམ་ལ་ངོས་འཛིན་བྱེད་ཀྱི་ཡོད། དང་པོ་ཤེས་ཡོན་གྱི་གནས་ཚད་ཡག་པོ་མེད་པ་དེ་རེད། དེ་ནི་བོད་ཕྱི་ནང་གཉིས་ལ་ཁྱབ་པའི་གཅིག་གྱུར་གྱི་དཀའ་ངལ་ཞིག་རེད། བོད་ནང་དུ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་ཀྱི་མེད་པ་དང༌། རྒྱ་གར་དང་ཕྱི་རྒྱལ་ཁག་ལ་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཡོད་ཀྱང་འདོད་བློ་ཚིམས་པའི་ཤེས་ཡོན་གྱི་གནས་ཚད་ཅིག་ཡོང་གི་མེད་པ་རེད།
གཉིས་པ་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཆབ་སྲིད་ཀྱི་བསམ་བློའི་གནས་ཚད་ཇི་ཙམ་ཞིག་དགོས་ཀྱི་ཡོད་པ་དེ་ཙམ་མེད་པ་དེ་རེད། གཞན་པ་ཕར་བཞག་ནས་འདས་པའི་ལོ་ཉི་ཤུ་རྩ་དྲུག་རིང་མུ་མཐུད་ནས་འཛིན་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་མཐའ་མའི་འབབ་ས་གང་ཡིན་པ་དང༌། དེའི་ཐབས་ལམ་གང་ཡིན་པ་བཅས་ཆ་ཚང་བ་མཁྱེན་མཁན་ཧ་ཅང་དཀོན་པོ་འདུག དེ་འདྲ་སོང་ཙང་ག་དུས་ཡིན་ནའང་མགོ་འཐོམས་པའི་བཟོ་འདྲ་ཞིག་དང༌། ཕྱི་རྒྱལ་བ་དེ་ཚོས་བོད་པའི་མི་ལ་ལྟ་སྐབས་ཆབ་སྲིད་ཀྱི་ཐོག་བོད་མི་རྣམས་མགོ་སྦོས་བསྡད་པ་ཞིག་མ་གཏོགས་གསལ་པོ་མེད་པ་ཞིག་ཏུ་མཐོང་གི་ཡོད་ཚོད་འདུག རྒྱབ་སྐྱོར་བྱེད་མཁན་ལ་མཚོན་ནའང་སྲིད་བྱུས་ག་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང༌། རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་འདི་ཡིན་ཞེས་གསལ་པོ་མེད་པ། དགག་བྱ་བྱེད་མཁན་ཞིག་ཡིན་ནའང་སོ་སོའི་དགའ་མིན་དགའ་མདོག་གིས་དགག་བྱ་བྱས་པ་ཙམ་མ་གཏོགས། སྲིད་བྱུས་དེ་ལ་དགག་བྱ་བྱེད་དགོས་པའི་རྒྱུ་མཚན་འདི་ཡིན་གསུང་རྒྱུ་མེད་པ་དེ་ཆབ་སྲིད་བསམ་བློའི་གནས་ཚད་དམའ་པོ་ཡིན་པའི་རྟགས་མཚན་རེད། དེ་ནི་སྤྱི་ལ་ཁྱབ་པའི་དཀའ་ངལ་ཞིག་རེད། རང་ལ་ཆབ་སྲིད་ཀྱི་ལྟ་གྲུབ་དང་གོ་རྟོགས་མེད་པའི་དབང་གིས་མིས་གང་བཤད་ལ་དེ་ཡང་མིན་འགྲོ། དེ་ཡང་མིན་འགྲོ་བསམ་པའི་བླུན་པོ་ཆུ་སྣ་གར་འཁྲིད་མང་བ་དེ་དཀའ་ངལ་རེད།
གསུམ་པ་གཞན་བརྟེན་གྱི་བསམ་བློ་མ་དོར་བ་དེ་རེད། འདས་པའི་ལོ་བཞི་བཅུ་ཞེ་དྲུག་གི་རིང་ལ་ྋསྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་འོག་མི་གཞན་གྱི་རོགས་སྐྱོར་ལ་བརྟེན་པ་ཡིན་ཙང་ད་ཆ་རོགས་སྐྱོར་མི་དགོས་པའི་གནས་བབས་ཤིག་ཆགས་ནའང་ད་དུང་རོགས་སྐྱོར་ཐོབ་ན་དེ་གཟི་བརྗིད་དུ་བརྩི་བ་དང༌། ཁོ་ལ་སྦྱིན་བདག་བཞི་ཡོད་རེད། ང་ལ་སྦྱིན་བདག་ལྔ་ཡོད་ཅེས་ངོམ་རྒྱུ་ལ་མི་འཚེར་བ་ཞིག་ཆགས་འདུག དེ་ནི་བོད་པའི་སྤྱི་ཚོགས་དེ་བརྟན་པོ་མེད་པ་དང་ནུས་ཤུགས་མེད་པ་ཞིག་ཏུ་བསྒྱུར་རྒྱུའི་ཉེན་ཁ་ཆེན་པོ་རེད། ད་ལྟ་ནས་དཀའ་ངལ་ལ་གདོང་ལེན་མི་བྱེད་པར་ལས་སླ་པོའི་ངང་སེལ་ཐབས་བྱེད་རྒྱུའི་གོམས་གཤིས་འཇགས་ཏེ་ལྐོག་རྔན་སྤྲོད་རྒྱུ་སོགས་ལ་ཧ་ཅང་མཁས་པོ་ཡོད་པ་དང༌། ལས་རྒྱུ་འབྲས་དང་བཟང་སྤྱོད་སོགས་ལ་བསམ་བློ་མི་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དཔེར་ན་ད་གིན་འཕྲོས་དོན་དྲི་བའི་ནང་དུ་གསུངས་པ་ལྟར། ཐོངས་མཆན་ཞུ་སར་གྲྭ་ཆས་གྱོན་ནས་ཕྱིན་པ་དང༌། གྲྭ་ཆས་གྱོན་མ་མྱོང་བའི་དབང་གིས་གཞུང་ཚབ་སྒོ་འགྲམ་དུ་གྲྭ་ཆས་བུད་པའི་གནས་སྟངས་ཡོངས་གྲགས་རེད། དེ་ང་ཚོའི་སྤྱི་ཡོངས་ལ་ཁྱབ་པའི་དཀའ་ངལ་ཞིག་རེད། དེ་མིན་འཐུང་ཆུ་མེད་པ་དང་འགྲོ་ལམ་མེད་པ་དེ་ཚོ་གནས་སྐབས་ཀྱི་དཀའ་ངལ་རེད། དེ་ཚོ་བོད་མི་སྤྱི་ལ་ཁྱབ་པའི་དཀའ་ངལ་ཞིག་ལ་ངོས་འཛིན་གྱི་མེད།
སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ལགས་ནས།
དྲི་བའི་ནང་དུ་ བྱབྱབཀའ་ཤག་གི་གྲོས་ཚོགས་ཚོགས་དུས་ ༥ པའི་ལས་བསྡོམས་གསལ་བཤད་ ཀ ནང་གསེས་ ༣ པའི་ནང་སྐྱབས་བཅོལ་བའི་དམིགས་བསལ་ཕྱག་འགན་ཞུ་སྒོ་གང་ཡིན་ངོ་སྤྲོད་གསལ་བཤད་གནད་སྨིན་གྱིས་གཞོན་སྐྱེས་ཚོའི་བསམ་བློར་བསྒྱུར་བཅོས་ཐེབས་ཐབས་གནང་གལ་ཆེ་བ་བྱབྱ ཞེས་སྐོར་ལ་ཞུ་ན། མི་མང་གི་བསམ་བློ་བསྒྱུར་བཅོས་ཐེབས་ཐབས་འདི་ཤིན་ཏུ་གནད་འགག་ཆེན་པོ་དང་འགན་ཆེན་པོ་ཡོད་རེད། ང་ཚོ་བཙན་བྱོལ་ནང་སླེབས་ནས་སྤོབས་པ་སྐྱེ་འོས་པ་དང་སོ་སོའི་རྒྱལ་ཁབ་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད་བསམ་པ་ཞིག་དང༌། རང་ལ་དངོས་སུ་མཐོང་རྒྱུ་ཡོད་པ་དེ་རང་དབང་ལག་དེབ་ཅིག་རེད། རང་དབང་ལག་དེབ་དེ་བོད་གཞུང་དཔལ་འབྱོར་འདུ་འགོད་ཐད་ལའང་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་རེད། དེ་ཙམ་མ་ཟད་བསམ་བློ་གཏོང་སྟངས་དེ་རང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་མི་གནས་སྡོད་ཁག་ནས་དཔྱ་དངུལ་བསྡུ་འབབ་གང་ལ་གང་འཚམས་ཕུལ་གྱི་ཡོད་རེད། བར་ལམ་ལག་དེབ་གསར་པའི་གནད་དོན་རྗེས་རང་དབང་ལག་དེབ་ཀྱི་དཔྱ་དངུལ་བསྡུ་འབབ་དེ་མར་ཆག་ཡོད་རེད་དམ། ཆག་ཡོད་ཚེ་སླར་གསོའི་ཐབས་ལམ་གང་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་མཆོག་གིས་ཀ་རྡོར་སྒང་གསུམ་ཁུལ་གྱི་བོད་མི་སྔོན་འབྱོར་རྒྱ་གར་ཡུལ་མིའི་གནས་བབ་ཡོད་པ་དེ་ཚོའི་ནང་ནས་དཔྱ་ཁྲལ་འབུལ་མཁན་ཉུང་དུ་ཕྱིན་ཡོད་དམ་ཞེས་གསུངས་པ་ཡིན་ནམ། ཡང་ན་སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་དཔྱ་ཁྲལ་འབུལ་མཁན་ཉུང་དུ་ཕྱིན་ཡོད་དམ་ཞེས་དེ་གཉིས་གང་བཀའ་འདྲི་གནང་བ་ཡིན་གསལ་པོ་བྱུང་མ་སོང་ཡང༌། དྲི་བའི་འགྲོས་ལ་བལྟས་ན་ཡུལ་མིའི་གནས་བབ་ཡོད་པ་དེ་ཚོའི་ནང་ནས་དཔྱ་ཁྲལ་འབུལ་མཁན་ཉུང་དུ་འགྲོ་ཡོད་དམ་ཞེས་གསུང་གི་ཡོད་པའི་བཟོ་འདུག དེ་ཡིན་ན་ད་བར་དུ་བཙན་བྱོལ་བོད་གཞུང་གིས་དེ་འདྲ་ཉུང་དུ་ཕྱིན་ཡོད་པའི་དོ་སྣང་མ་བྱུང༌། ཀ་རྡོར་སྒང་གསུམ་ཁུལ་དུ་ཐོག་མར་དཔྱ་ཁྲལ་ལག་དེབ་དང་བོད་མིའི་ངོས་འཛིན་ཡིག་ཆ་གཉིས་གཅིག་གྱུར་བཟོ་རྒྱུའི་འཆར་གཞི་སྒྲིག་སྐབས་ཁོང་ཚོས་དོགས་གཅོད་གནང་སོང༌། དེའི་སྐབས་ཁོང་ཚོར་བོད་མིའི་ངོས་འཛིན་ལག་འཁྱེར་མ་ལེན་ན་འགྲིག་གི་རེད་ཅེས་ས་གནས་འགོ་འཛིན་བརྒྱུད་ནས་གསལ་བཤད་བྱས་ཡོད། དེ་ལ་བརྟེན་ནས་དཔྱ་ཁྲལ་འབུལ་འབབ་ཉུང་དུ་ཕྱིན་པ་ཞིག་ད་ཕན་ཚོར་སྣང་མ་བྱུང༌། དེ་ཙམ་དུ་མ་ཟད་དཔྱ་ཁྲལ་ལག་དེབ་ཀྱིས་ཡུལ་མིའི་རང་བཞིན་ལ་གནོད་པ་ཞིག་ད་ཕན་གང་དུའང་བྱུང་ཡོད་པ་མ་རེད། རྒྱ་གར་ལྟ་བུར་མི་གཅིག་གིས་རྒྱལ་ཁབ་གཉིས་ཀྱི་ཡུལ་མིའི་གནས་བབ་ཉར་མི་ཆོག་པའི་ཁྲིམས་ཡོད་ཀྱང་འདས་པའི་ལོ་བཞི་བཅུ་ལྷག་ཙམ་རིང་བོད་མིའི་དཔྱ་ཁྲལ་ལག་དེབ་དང་རྒྱ་གར་སོགས་རྒྱལ་ཁབ་གཞན་གྱི་ཡུལ་མིའི་གནས་བབ་གཉིས་ཀ་ཡོད་པ་མང་པོ་ཡོད་པ་རྣམས་དཔྱ་ཁྲལ་ལག་དེབ་ཡོད་པའི་རྐྱེན་གྱིས་ཡུལ་མིའི་གནས་བབ་ལ་གནོད་པ་གཅིག་ཀྱང་བྱུང་མེད་ལ། མ་འོངས་པར་ཡང་དེས་གནོད་སྟངས་ཤིག་རྩ་བ་ནས་མེད་པ་དེ་ཚང་མས་མཁྱེན་གྱི་རེད།

སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ནས།
བཙན་བྱོལ་བོད་མི་རྣམས་ཀྱི་དམིགས་བསལ་ལས་འགན་གཙོ་བོ་དེ་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན་པ་ལྟར་དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་ནས་ཀྱང་དེ་གལ་ཆེན་པོ་ཡིན་པའི་སྐོར་ལ་བཀའ་ལན་ནང་ཕེབས་པ་དང་སྦྲགས་མི་མང་ཚོའི་ནང་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མགོ་ཚོས་པ་དང་མ་ཚོས་སྣ་ཚོགས་ཤིག་ཡོང་གི་འདུག་ཅེས་གསུངས་པའི་ཐད། རང་ཉིད་ལའང་དེའི་ཐད་སེམས་འཚབ་ཞེ་དྲགས་ཡོད། བར་ལམ་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་ཀྱི་འདུག་ཅེས་གསུངས་པའི་སྐབས་མང་ཚོགས་ཀྱི་ནང་དུ་ཧ་ཅང་ཐུགས་འཚབ་ཆེན་པོས་རྒྱུན་ལས་ལ་དེ་མི་འགྲིག་པའི་སྐོར་ལ་བཀའ་ཧ་ཅང་གི་གསལ་པོ་དང་ནན་པོ་ཕེབས་སོང༌། དེ་བཞིན་ཕྱོགས་བསྐྱོད་འཚམས་གཟིགས་ལ་འགྲོ་བའི་སྐབས་ལའང་ྋརྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་དོ་ཕོག་གཏོང་གི་འདུག་ཅེས་སྤྱི་ཚོགས་ཀྱི་ནང་དུ་སེམས་འཚབ་ཡོང་གི་ཡོད་རེད། ཡིན་ནའང་དེའི་སྐབས་ཀྱི་སེམས་འཚབ་གནང་བ་དེ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་ལྟ་གྲུབ་དང་འགལ་བའི་ཐོག་ལ་འགྲོ་བ་ལྟ་བུ་མཐོང༌། སྤྱིར་བཅའ་ཁྲིམས་ནང་ལྟ་བ་དང་ལངས་ཕྱོགས་མི་གཅིག་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཡོད་ཆོག་པ་རེད། འོན་ཀྱང་མང་ཚོགས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་ཐོག་ལ་སེམས་འཚབ་ཡོད་བཞིན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་འགུལ་ནང་དུའང་ངམ་ངམ་ཤུགས་ཤུགས་ཀྱིས་ཞུགས་གནང་གི་འདུག་པའི་ཚོར་སྣང་དེས་ང་དང་ང་འདྲ་བ་ཁ་ཤས་ཤིག་ལ་བློ་གཡེང་ཞིག་ཡོང་བསྡད་ཀྱི་འདུག གཅིག་སྡུད་ཡར་རྒྱས་འཆར་གཞི་གསུམ་པའི་ནང་མང་ཚོགས་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ཆེད་ལས་རིམ་ཞིག་ཡོད་པ་སོང༌། ལས་འཆར་གང་དང་གང་གནང་འཆར་ཡོད་དམ་ཞེས་བཀའ་འདྲི་ཞུ་རྒྱུ་ཡིན།

བཀའ་ལན།
དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བའི་ཆེད་དུ་བརྙན་འཕྲིན་འཁོར་ཐག་བསྡུས་བསྡུས་ཤིག་བཟོས་ཡོད། བོད་རིགས་གནས་སྡོད་ས་གནས་ཡོངས་རྫོགས་ལ་ཕྱི་ལོ་ ༢༠༠༥་་༠༦ གི་རྩིས་ལོ་འདིའི་ནང་དམིགས་བསལ་དྲིལ་བསྒྲགས་སྤེལ་རྒྱུའི་ལས་འཆར་སྔོན་རྩིས་ནང་གསལ་ཡོད། དེ་དང་ཆབས་ཅིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་དུ་སོ་སོའི་ལངས་ཕྱོགས་དང་ལྟ་གྲུབ་གསལ་པོ་དགོས་པ་དང༌། ཕན་ཚུན་མ་བསྲེས་ན་ཡག་པོ་ཡོད་པའི་སྐོར་ཡིག་ངག་གཉིས་ཀྱི་ཐོག་ནས་བསྐྱར་དུ་འབོད་བསྐུལ་ཞུ་རྒྱུའི་ལས་གཞི་བསྒྲིགས་ཟིན་པ་ཡིན་ལ། དེའི་སྐོར་གསུམ་དུས་ཀྱི་གཏམ་བཤད་ནང་དུའང་བཀོད་ཡོད། འདི་ལོའི་ཕྱི་ཟླ་བཞི་པ་ལྔ་པའི་ནང་དུ་ལས་གཞི་དེ་ལག་ལེན་ལ་བསྟར་རྒྱུའི་འཆར་གཞི་ཡོད། དེ་བཞིན་རང་སྐྱོང་དང་དབུ་མའི་ལམ་གྱི་ཟབ་སྦྱོང་ལ་སོགས་པ་མང་པོ་ཞིག་ལོ་སྔོན་མའི་ལས་གཞིའི་ནང་དུ་ཡོད་པ། འདི་ལོ་ཡང་མུ་མཐུད་ནས་འགྲོ་རྒྱུ་ཡིན།

གྲོས་ཚོགས་ཚོགས་དུས་དགུ་པ། ༢༠༠༥།༣།༡༥ ནས་ ༢༠༠༥།༣།༢༨