གཞུང་གྲོན་བསྲི་ཚགས་དང་ནོར་སྲིད་གཏོང་ཡོང་གི་སྟངས་འཛིན་དམ་ནན་དུ་བཏང་བའི་བཀོད་ཁྱབ་ཁག་གཉིས།
༄༅། ། ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་རྩིས་ཁྲའི་ནང་ཡོང་བསྡད་རྙིང་པ་ཁག་གཙང་བཟོ་དགོས་པའི་སྐོར་སྔོན་དུ་དྲུང་ཆེ་འགན་འཛིན་ལྷན་འཛོམས་དང༌། དེ་རྗེས་དྲུང་ཆེ་འགན་འཛིན་དང་རྩིས་པ་བཅས་ཀྱི་ཐོག་བཀའ་ཤག་ནས་སྔ་རྗེས་སུ་བཀོད་ཁྱབ་ནན་པོ་ཞུས་ཡོད་ཀྱང་ལས་ཁུངས་ཁག་དང་ཁྱབ་ཁོངས་ཁག་གི་ནང་ད་དུང་ཡོང་བསྡད་རྙིང་པ་རྩིས་གཙང་བཟོ་མ་ཐུབ་པ་གང་ཙམ་ཡོད་འདུག་པ་དེ་དག་ཐོག་མ་ནས་སྔ་འདོན་དང༌། དེ་འབྲེལ་ཡོང་བསྡད་བསྡུ་དེད་བྱ་སྒོའི་ཐོག་སྟངས་འཛིན་ཞན་སྐྱོན་དབང་གིས་བྱུང་འདུག ཡོང་བསྡད་རྙིང་པ་ཡོང་རེ་བྲལ་བ་ཁག་འདི་མུར་བཞག་ན་འགྲིག་མིན་ལ་རྩིས་སེལ་བྱ་རྒྱུའི་ལས་རིམ་འགོ་འཛུགས་བྱེད་དགོས་ཤིང༌། ཕྱི་ལོ་ ༢༠༠༢ ཟླ་ ༨ ཚེས་ ༡༢ ཉིན་ནས་བཟུང་སྐྱོན་གནད་དེ་རིགས་མི་འབྱུང་བའི་སྟངས་འཛིན་དམ་པོ་གནང་དགོས་ཀྱི་དོན་ཚན་ཁག་གཤམ་གསལ།
༡ སྡེ་ཚན་གང་ཞིག་ནས་གཞུང་འབྲེལ་ལས་དོན་མ་ཡིན་པའི་རིགས་ལ་དངུལ་འབབ་སྔ་འདོན་དང་བུ་ལོན་སུ་ལའང་སྤྲོད་མི་ཆོག
༢ གཞུང་འབྲེལ་གྱི་སྔ་འདོན་དགོས་རིགས་དབང་ལྡན་འགན་འཛིན་གྱི་བཀའ་འཁྲོལ་ཞུ་དགོས་པ་དང༌། དབང་ལྡན་འགན་འཛིན་གྱིས་ཡིག་ཐོག་གཏོང་ལེན་དབང་ཚད་ཁྱབ་བསྒྱུར་མེད་པར་རྩིས་པ་དང༌། དངུལ་གཉེར། གཞན་ལས་བྱེད་པ་སུས་ཀྱང་སྔ་འདོན་ཐད་སྤྲོད་མི་ཆོག
༣ གཞུང་འབྲེལ་སྔ་འདོན་དགོས་རིགས་རང་འཚམས་སྤོམ་ཚོད་མ་ཡིན་པར་ཚད་ལྡན་སྔོན་རྩིས་ཚོད་དཔག་འཆར་བསྐོར་གྱིས་བཀའ་འཁྲོལ་ཞུ་སྤྲོད་དགོས་རྒྱུ།
༤ གཞུང་འབྲེལ་ལས་དོན་ཆེད་སྔ་འདོན་སྤྲད་པ་རྣམས་ལས་མཇུག་ཟིན་པའི་བདུན་ཕྲག་གཉིས་ནང་ཚུན་རྩིས་གཙང་བཟོ་དགོས་ཤིང༌། ཁྱད་པར་ཕྱོགས་བསྐྱོད་ཁ་ལོ་པར་སྣུམ་རིན་དང་བཟོ་བཅོས་སྔ་འདོན་རིགས་ཕྱོགས་བསྐྱོད་ནས་འཁོར་འཕྲལ་རྩིས་གཙང་བཟོ་དགོས།
༥ སྲི་ཞུ་བ་གཅིག་ལ་སྔ་འདོན་རྩིས་གཙང་མ་ཟིན་པ་ཡིན་ན་རྩིས་གཙང་མ་བྱུང་བར་བསྐྱར་དུ་སྔ་འདོན་སྤྲད་མི་ཆོག
༦ ལས་འཆར་རྒྱུན་རིང་གི་འགྲོ་སོང་སྔ་འདོན་དགོས་ཁག་ཟླ་བ་གསུམ་རེའི་མཚམས་སུ་སྔ་འདོན་དང་འགྲོ་སོང་གཉིས་རྩིས་རྒྱག་གིས་ཟ་བཅག་བྱེད་དགོས།
༧ ཚོང་འབྲེལ་ཁག་གི་ཡོང་བསྡད་རྣམས་ཟླ་དྲུག་ནང་རྩིས་གཙང་རེ་བཟོ་དགོས་རྒྱུ།
༨ གཞུང་གི་ཅ་དངོས་ཚོང་བཅོལ་བྱས་རིགས་ཟླ་ ༦ ནང་ངེས་པར་རྩིས་གཙང་བཟོ་དགོས་ཤིང༌། ཚོང་ལྷག་ཅ་དངོས་ཕྱིར་ལེན་ངེས་པར་དུ་བྱ་དགོས།
༩ དབང་ལྡན་འགན་འཛིན་གང་ཞིག་གནས་སྤོས་བྱུང་སྐབས་རང་གི་ལས་རྒྱུན་སྐབས་ཀྱི་སྔ་འདོན་དང་ཡོང་བསྡད་བཅས་ཐོ་གཞུང་དང་ཡིག་ཆ་དབང་ལྡན་འགན་འཛིན་གསར་པར་རྩིས་སྤྲོད་བྱ་དགོས་པ་དང༌། དེ་ནས་དུས་ཚོད་ནང་བདའ་འདེད་མ་བྱས་པའི་ལྷོད་ཡངས་གྱུར་ཚེ་ལེ་འཁྲི་ཆ་ཚང་དབང་ལྡན་འགན་འཛིན་གསར་པ་དེར་ཡོད། དབང་ལྡན་འགན་འཛིན་གསར་པས་བདའ་འདེད་ཚ་ནན་བྱས་ཀྱང་མ་རག་པའི་དན་རྟགས་ཁུངས་འཕེར་ཡོད་ན། དབང་ལྡན་འགན་འཛིན་རྙིང་པར་ལེ་འཁྲི་ཆགས་རྒྱུ། རྩིས་པ་དང་འབྲེལ་ཆགས་ལས་བྱེད་ཚོར་ཡང་གོང་མཚུངས་ཁྱབ་རྒྱུ།
༡༠ སྔ་འདོན་དང༌། ཡོང་བསྡད་བཅས་པར་སྟངས་འཛིན་འཐུས་ཤོར་གྱིས་དུས་ཡུན་གཏན་འབེབས་ནང་ཚུན་བསྡུ་ལེན་མ་ཐུབ་པར་བུན་ནག་ཏུ་གྱུར་རིགས་དོན་ཚན་
༩ ནང་གསལ་ལྟར་སྐབས་དེའི་དབང་ལྡན་འགན་འཛིན་སུ་ཡིན་ནས་བརྒྱ་ཆ་ ༢༥ དང༌། རྩིས་པའམ་འབྲེལ་ཆགས་ལས་བྱེད་ནས་བརྒྱ་ཆ་ ༢༥ བཅས་ཉེས་ཆད་སྒྲུབ་འཇལ་གྱི་ཐོག་འཕྲོས་རྩིས་སེལ་གྱིས་རྩིས་གཙང་བཟོ་དགོས།
༡༡ ལས་བྱེད་ནས་གཞུང་འབྲེལ་ལས་དོན་ཆེད་སྔ་འདོན་ཞུས་འབབ་དོ་བརྟན་བདག་ཉར་མ་ཐུབ་པས་བོར་བརླགས་བྱུང་རིགས་དོ་བདག་སོ་སོ་ནས་ཆ་ཚང་སྒྲུབ་འཇལ་དགོས་རྒྱུ།
༡༢ དོན་ཚན་ ༡༠ པའི་ནང་གསལ་ཉེས་ཆད་བསྡུ་ལེན་དགོས་པ་ས་གནས་སྡེ་ཁག་སོ་སོ་ནས་ཐག་གཅོད་བགྱིས་ཏེ་བསྡུ་ལེན་དགོས་རྒྱུ་དང༌། ཉེས་ཆད་བསྡུ་ལེན་ཐོག་རྩོད་རྙོག་བྱུང་རིགས་སྡེ་ཁག་དེའི་དབུས་ལས་ཁུངས་ནས་ཐག་གཅོད་དགོས་རྒྱུ། དབུས་ལས་ཁུངས་ཀྱི་ཐག་གཅོད་མ་ཐུབ་པའི་རིགས་བཀའ་ཤག་ལ་སྙན་གསན་དགོས་རྒྱུ།
༡༣ ད་ལྟའི་ཆར་ལས་བྱེད་ནང་ལྷག་བསམ་མ་དྲང་པས་གཞུང་དངུལ་སྒེར་ཐིམ་བྱས་པ་ར་སྤྲོད་བྱུང་བ་མེད་ཀྱང་མ་འོངས་པར་ལས་བྱེད་གང་ཞིག་ནས་ལྷག་བསམ་མ་དྲང་བའི་གཞུང་དངུལ་སྒེར་ཐིམ་བྱས་པའི་སྐྱོན་གནད་བྱུང་ན། རྒྱུ་མ་ཕུ་དེད་ཀྱིས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་བཀའ་ཤག་ནས་ཟོམ་འཇོག་མེད་པའི་ཐེར་འདོན་གྱིས་ཉེས་ཆད་ཡན་པོར་མ་སོང་བ་གཏོང་རྒྱུ།
༡༤ སྤྲོད་བསྡད་ཁག་གཅིག་ལོ་མང་རྩིས་འཁྱེར་གྱིས་རྗེས་སུ་སྤྲོད་དགོས་ཡོད་མེད་ཀྱང་མ་ཤེས་པའི་གནས་སྟངས་ཆགས་འདུག་སྟབས་མ་འོངས་པར་ཟླ་གསུམ་ནང་ཚུན་རྩིས་གཙང་རེ་བཟོ་དགོས།
༡༥ དངུལ་གཉེར་ནས་ཉུང་མཐར་ཟླ་རེའི་མཚམས་དངུལ་རྐྱང་ལག་ཡོད་བསྐྱར་ཞིབ་ཀྱིས་རྩིས་ཁྲ་དང་མཚུངས་བསྡུར་རེ་བྱེད་དགོས།
༡༦ ལས་བྱེད་སྒེར་ནས་ལས་ཁུངས་ཀྱི་མཐུན་རྐྱེན་ཁ་པར་སོགས་ངེས་མེད་བེད་སྤྱོད་གཏོང་དགོས་བྱུང་ཚེ་དྲུང་ཆེ་ནས་བཀའ་འཁྲོལ་གྱིས་བཏང་འཐུས་ཀྱང་ཁ་པར་ཐོབ་ཁྲ་འབྱོར་ཉིན་དེར་གསལ་དངུལ་འབབ་རྩིས་འབུལ་ཞུ་དགོས་པ་ལས་ཡོང་བསྡད་ནང་རྩ་བ་ནས་བཞག་མི་ཆོག
༡༧ རྩིས་ལོ་སོ་སོར་རྩིས་ལོ་མ་རྫོགས་གོང་ཡོང་བསྡད་དང་སྤྲོད་བསྡད་གཉིས་ཀ་རྩིས་གཙང་ངེས་པར་ཟིན་པ་དགོས་ཤིང༌། ཅི་སྟེ་ཡོང་བསྡད་དང༌། སྤྲོད་བསྡད་རྩིས་ལོ་རྗེས་མར་མ་འཁྱེར་ཐབས་མེད་རིགས་བྱུང་ཚེ་རྒྱུ་མཚན་དང་བཅས་ལོ་རེའི་རྩིས་སྒོ་མ་བརྒྱབ་གོང་ཕྱི་ཟླ་ ༣ ཚེས་ ༣༠ ནང་འགྱངས་མེད་བཀའ་ཤག་གི་བཀའ་འཁྲོལ་ཞུ་དགོས་པ་བཅས་ཀྱི་སྟངས་འཛིན་ལག་བསྟར་དམ་པོ་གནང་དགོས་ཀྱི་གཏན་འབེབས་བཀོད་ཁྱབ་རྩ་འཛིན་དུ་ཞེས་དང༌།
ཡང་ ༢༠༠༢ ཕྱི་ཟླ་ ༨ ཚེས་ ༡༩ ཉིན་གྱི་བཀོད་ཁྱབ་ནང༌།
བཙན་བྱོལ་བོད་གཞུང་གི་དགོས་དངུལ་དོན་མེད་ཆུད་ཟོས་དང༌། བག་མེད་ལོངས་སྤྱོད་མི་འབྱུང་ཆེད་བསྲི་ཚགས་ཚོགས་ཆུང་ཟུར་འཛུགས་བྱས་པའི་ཚོགས་ཆུང་གི་སྙན་ཐོ་དང་རྒྱབ་གཉེར་བཀའ་ཤག་ཏུ་འབྱོར་བ་ཞིབ་འཇུག་གིས་ལས་འཆར་གསར་བསྒྲིག་དགོས་རིགས་ཕུད། ད་ལྟ་སྐབས་འཕྲལ་ལག་ལེན་བསྟར་ཐུབ་པའི་དོན་ཚན་ཁག་གི་བཀོད་ཁྱབ་གསལ་བསྒྲགས་གནང་བ་གཤམ་གསལ།
༡ སྣེ་ལེན་དང་ཕྱག་རྟགས། གཞུང་འབྲེལ་སྐུ་མགྲོན་ཁག་ལ་འབྲེལ་ཡོད་ལས་ཁུངས་ཚང་མས་ཟུར་དུ་གསོལ་སྟོན་དང༌། ཕྱག་རྟགས་བཅས་འབུལ་མ་དགོས་པར་འབྲེལ་ཆགས་ལས་ཁུངས་ཇི་ཡོད་མཉམ་འདུས་ཀྱི་གསོལ་སྟོན་དང༌། ཕྱག་རྟགས་ཐེངས་གཅིག་གིས་འཐུས་པའམ། མང་མཐར་བཀའ་ཤག་དང་འབྲེལ་ཡོད་ལས་ཁུངས་ཐུན་མོང་བཅས་ཐེངས་གཉིས་ལས་མི་མང་བ་དགོས་རྒྱུ།
༢ ཀམ་པོ་ཊར་དང་དེ་འབྲེལ་གྱི་ཡོ་བྱད། ལས་ཁུངས་ཁག་ཏུ་ཀམ་པོ་ཊར་དང་དེ་འབྲེལ་གྱི་ཡོ་བྱད་དགོས་མཁོ་ཇི་ཡོད་ལས་ཁུངས་སོ་སོའི་འབྲེལ་ཡོད་དབང་ལྡན་འགན་འཛིན་ནས་ཞིབ་ཆའི་ཐོ་གཞུང་འཁོད་པའི་བཀའ་འཁྲོལ་གྱི་ཡིག་ཆ་དང་བསྟུན་ཀམ་པོ་ཊར་སྡེ་ཚན་བརྒྱུད་མངགས་ཉོ་བྱ་དགོས་དང༌། ཡིག་ཆ་གཞིར་བཟུང་མ་གཏོགས་འཕར་ཉཱུ་མི་ཆོག་ཅིང༌། ལས་ཁུངས་སོ་སོའི་དངོས་ཡོད་ཀྱི་དགོས་མཁོ་ལྟར་ལས་དོན་མེད་རྒྱས་སྤྲོས་ཅན་ཉཱུ་མི་ཆོག
༣ ཁ་པར་ཏར་འཕྲིན། ལས་ཁུངས་སོ་སོ་དང་མཛད་གཙོ་རྣམ་པར་ཁ་པར་དང་སྤོ་འཁྱེར་ཁ་པར་དེ་དག་གི་གླ་འབབ་སྤྲོད་ཕྱོགས་བཅས་ཀྱི་གཏན་འབེབས་སྒྲིག་གཞི་ཟུར་དུ་ཡོད་པ་ལྟར་ལས་མང་བ་བེད་སྤྱོད་མི་ཆོག
༤ ཉེན་སྲུང་དང་གཏའ་འཇོག
ཀ ལས་ཁུངས་ཁག་གི་ཁ་པར་དང༌། ནང་ཁུལ་ཁ་པར། མྱུར་འཕྲིན། དེ་བཞིན་པར་གློག་འཕྲུལ་འཁོར་བཅས་ཀྱི་བཟོ་བཅོས་ཉེན་སྲུང་གི་གོང་ཚད་འདྲ་མིན་སྣ་ཚོགས་མ་ཡིན་པར་ཚང་མས་ཕྱོགས་གཅིག་ཏུ་ཉེན་སྲུང་རིན་གོང་ཆུང་ཤོས་དང་ལས་ཀ་བཟང་ཤོས་ཤིག་ལ་སྤྲོད་དགོས་པ་དང༌། དེའི་སླད་དཔལ་འབྱོར་ལས་ཁུངས་ནས་གོང་ཚད་འགྲན་བསྡུར་དང་ལས་དོན་ཞིབ་འཇུག་གིས་གཏན་འཁེལ་བྱུང་བའི་ཚོང་ལས་པ་དེར་སྤྲོད་དགོས་པ་དང༌། ལས་ཁུངས་སོ་སོའི་ཉེན་སྲུང་དུས་ཚོད་རྫོགས་རྒྱུའི་ཟླ་གཅིག་ཙམ་གྱི་གོང་ནས་དཔལ་འབྱོར་ལས་ཁུངས་ལ་སྔོན་བརྡ་སྤྲད་དེ་ཉེན་སྲུང་འཇོག་ཡུལ་གསར་པའི་ཁ་བྱང་དང་གོང་ཚད་བཅས་ལེན་དགོས།
ཁ སྣུམ་འཁོར། ལས་ཁུངས་སོ་སོའི་སྣུམ་འཁོར་ཉེན་སྲུང་བྱེད་ཕྱོགས་སྣུམ་འཁོར་དོ་དམ་པའི་བརྒྱུད་གཅིག་གྱུར་ཡོང་ཐབས་སུ་བཀའ་དྲུང་ཡིག་ཚང་གི་སྣུམ་འཁོར་དོ་དམ་པས་ཉེན་སྲུང་ཚོང་ལས་པ་བཟང་བ་ཞིག་འཐབ་འཚོལ་གྱིས་ལས་ཁུངས་སོ་སོའི་ཉེན་སྲུང་དུས་ཚོད་རྫོགས་མཚམས་སྔོན་ཚུད་ནས་སྣུམ་འཁོར་དོ་དམ་པར་འབྲེལ་བ་བྱེད་དགོས།
༥ ཡིག་འགྲུལ། དེང་སྐབས་གློག་འཕྲིན་ཨི་མེལ་བེད་སྤྱོད་བྱེད་པའི་དུས་རབས་ཡིན་སྟབས་ཡིག་ཟམ་བརྒྱུད་མ་བཏང་ཐབས་མེད་རིགས་ཕུད། དེ་མིན་ཕན་ཚུན་གློག་འཕྲིན་གང་མང་བེད་སྤྱོད་གཏོང་རྒྱུའི་འབད་བརྩོན་བྱེད་དགོས།
༦ གློག་གྲོན་བསྲི་ཚགས། ལས་ཁུངས་སོ་སོའི་ནང་རྒྱུན་ལྡན་གློག་གི་ཤེལ་ཏོག་བེད་སྤྱོད་བྱེད་ཕྱོགས་ཀྱི་ཐོག་ནས་གློག་གྲོན་ཆུང་བ་ཡོང་ཐབས་དང༌། དགོས་མེད་གློག་བཞུ་སྤར་མི་དགོས་པ་གཙོ་འདོན་ཐོག་གུང་ཚིགས་བར་གསེང་དང༌། ལྷག་པར་ལས་ཁུངས་གུང་གསེང་སོགས་ཀྱི་སྐབས་བཞུ་མར་དང་ཀམ་པོ་ཊར་གྱི་གློག་གསོད་རྒྱུ་ལུས་པའི་རིགས་གཏན་ནས་མི་ཡོང་བ་བྱ་དགོས་མ་ཟད། སྲང་ལམ་གྱི་གློག་སྤར་གསོད་ཀྱི་དུས་ཚོད་དབྱར་དགུན་དང་བསྟུན་ཏེ་བཟོ་དགོས་ཤིང༌། དུས་ཐོག་ཏུ་སྤར་གསོད་ཡོང་བའི་དོ་དམ་ནན་པོ་བྱ་དགོས།
༧ རྒྱུན་མཁཱུའི་འཛིན་ཆས་དང་ཡིག་ཆ། ལས་ཁུངས་སོ་སོའི་འཛིན་ཆས་དང་ཡིག་ཆས་ཉོ་མངགས་བྱ་དགོས་སྐབས་ཁུངས་སོ་སོའི་དབང་ལྡན་འགན་འཛིན་གྱི་མདུན་ནས་འཆར་རྩིས་བཀའ་འཁྲོལ་ཞུ་རྒྱུ་དང༌། གོང་ཚད་འགྲན་བསྡུར་སོགས་ཚད་ལྡན་དགོས་པ་མ་ཟད། དབང་ལྡན་འགན་འཛིན་སོ་སོས་དགོས་མཁོ་ཡོད་མིན་ཞིབ་འཇུག་དང་དེ་སྔོན་ཚེས་གྲངས་གང་ལ་དངོས་ཆས་གྲངས་འབོར་ཇི་ཙམ་ཉོས་པ་དང༌། དེ་དག་བེད་སྤྱོད་ཀྱིས་རྫོགས་ལ་ཉེ་བ་ཡིན་མིན། གྲངས་འབོར་དང་དུས་ཡུན་ལ་གཞིགས་པའི་བེད་སྤྱོད་ཚད་ལྡན་བྱུང་མིན་བཅས་ལ་ཞིབ་འཇུག་ནན་ཏན་གནང་དགོས།
༨ ཤོག་བུ་བསྲི་ཚགས།
ཀ དམིགས་བསལ་དགོས་གལ་ཡོད་ན་ལས་ཤོག་བུ་རྒྱབ་མདུན་གཉིས་ཀ་བེད་སྤྱོད་གཏོང་དགོས།
ཁ གཞུང་འབྲེལ་གསལ་བསྒྲགས་དང་ལས་ཁུངས་ནང་ཁུལ་གྱི་བརྡ་ལན་སོགས་ལས་བྱེད་པ་མི་རེ་ངོ་རེར་པར་བཤུས་མི་དགོས་པར་གསལ་བསྒྲགས་གཅིག་གི་ཐོག་མིང་རྟགས་བླངས་ཏེ་འཐུས་ཐབས་བྱ་དགོས།
ག པར་བཤུས་འཕར་མ་དགོས་རིགས་ལ་འབྲེལ་ཡོད་ལས་བྱེད་ཀྱིས་རྩིས་བསྐོར་ཟབ་ནན་གྱིས་དོན་མེད་པར་ཐོལ་མི་ཡོང་བ་བྱེད་དགོས།
ང བརྗེད་ཐོ་དང་ཟིན་བྲིས། ལས་ཁུངས་ནང་ཁུལ་ཆེད་ངོ་བཤུས་སོགས་ཤོག་ངོས་གཅིག་བེད་སྤྱོད་ཟིན་པའི་རྒྱབ་ཤོག་སྟོང་པ་ཡང་བསྐྱར་བེད་སྤྱོད་བྱེད་དགོས་པ་བཅས་ལམ་འཕྲལ་ལག་ལེན་དུ་བསྟར་དགོས་ཞེས་འཁོད་འདུག