གཞིས་ཆགས་འཚོ་གནས་ཐུབ་ཐབས་ལས་འཕྲོས་པའི་དྲི་བ་དྲིས་ལན།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།༄༅། །ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་གྱི་བཙན་བྱོལ་བོད་མིའི་གཅིག་བསྡུས་ཡར་རྒྱས་འཆར་གཞི་ལག་བསྟར་ལམ་སྟོན་གནང་བ་ལས་རིམ་ཁག་གསུམ་ལས།ཀ གཞིས་ཆགས་ཁག་འཚོ་གནས་ཐུབ་ཐབས་བཟོ་རྒྱུ་ཞིག་གསལ་འདུག་པར་བཀའ་འདྲི་ཞུ་རྒྱུར།གཞིས་ཆགས་འཚོ་གནས་ཐུབ་ཐབས་སུ་ད་བར་གང་དང་ཇི་གནང༌། དེར་གྲུབ་འབྲས་ཇི་ཐོན། གྲུབ་འབྲས་ཐུགས་བློ་ཁེངས་པ་བྱུང་ཡོད་མེད། མེད་ཚེ་དེར་འགོག་རྐྱེན་ཇི་འཕྲད་བཅས་ལ་གསལ་བཤད་ཡོང་བ་ཞུ།
བཀའ་ལན།
༡ གཞིས་ཆགས་འཚོ་གནས་ཐུབ་ཐབས་སུ།
ཀ འཚོ་ཐབས་ཡར་རྒྱས།
ཁ སྒྲིག་འཛུགས་སྲ་བརྟན།
ག འཚོ་རྟེན་ལས་རིགས་གོང་འཕེལ།
ང ཉམ་ཐག་ལྟ་སྐྱོང༌།
ཅ འཕྲོད་བསྟེན་དང་ཤེས་ཡོན་གོང་འཕེལ།
ཆ གཞིས་སྒར་སོ་སོའི་མ་མཐའི་དགོས་མཁོའི་ལས་གཞི་རྣམས་སྒྲོམ་གཞི་འཛུགས་སྐྲུན་བཅས་ཀྱི་སྒོ་ནས་བྱེད་ཀྱི་ཡོད།
༢ ལས་གཞི་རྣམས་ད་ལྟ་འགོ་འཛུགས་ཀྱིས་དུས་ཡུན་རིང་པོ་མ་སོང་བས་གྲུབ་འབྲས་ཐོན་འགོ་ཚུགས་ཙམ་ལས་གནས་སྟངས་གསལ་པོ་ཞུ་ཐབས་དཀའ།
༣ ད་བར་འདོད་བློ་ཁེངས་པ་མ་བྱུང་ཡང་རེ་བ་ཆེན་པོ་ཡོད། འགོག་རྐྱེན་ནི་མིའི་མཐུན་རྐྱེན་དང༌། འཕྲུལ་རིག་ལག་རྩལ། མང་ཚོགས་ཀྱི་བསམ་བློ་འཁྱེར་ཕྱོགས། སྤྱི་ཚོགས་ཀྱི་མཐུན་འགྱུར་བཅས་ཚད་ལོངས་མ་བྱུང་བས་ཡིན་ལགས།

སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ལགས་ནས་འཕྲོས་དོན་དྲི་བར།
ད་ལྟ་བཀའ་ལན་ནང་ནས་ཀ་ནས་ཆ་བར་མདོར་བསྡུས་གསུངས་པ་དེར་རྒྱས་བཤད་ཀྱི་ཚུལ་དུ་རེ་རེ་བཞིན་གསལ་བཤད་གནང་རོགས་ཞུ་རྒྱུ་ཡིན། དེ་ནས་ད་བར་ཕྱག་ལས་དབུ་ཚུགས་ཟིན་པའི་ནང་ནས་སྲོལ་རྒྱུན་ཞིང་ལས་ཚོད་བལྟའི་ཆེད་དུ་འབུ་ལུད་བཟོ་རྒྱུ་སོགས་ཀྱི་ཐོག་ནས་ལོ་གང་ཙམ་ཕྱིན་པ་རེད། དེ་ཚོའི་ཐོག་གྲུབ་འབྲས་དང་ཉམས་མྱོང་གང་ཙམ་བྱུང་ཡོད་དམ།
བཀའ་ལན།
དྲིས་ལན་ནང་གི་ཀ་ནས་ཆ་བར་གྱི་དོན་དག་དེ་ཚོ་མདོར་བསྡུས་རེད་འདུག དེ་ལ་རྒྱས་བཤད་བྱེད་དགོས་རེད་ཅེས་བཀའ་གནང་སོང༌། མདོར་བསྟན་ལ་རྒྱས་བཤད་དགོས་གསུངས་པ་དེ་དྲི་བ་ཆགས་ཀྱི་ཨེ་ཡོད། དེ་དྲི་བ་ཡིན་ན་དྲི་བ་དང་དྲི་བ་མ་ཡིན་པའི་མཚམས་དབྱེ་རྒྱུ་ཁག་པོ་ཆགས་ས་རེད། དཔལ་ལྡན་ཚོགས་གཙོ་མཆོག དགོངས་འགལ་མེད་པ་ཞུ། ངས་གོ་སྐབས་འདི་བཟུང་ནས་སྙན་སྒྲོན་ཞུ་རྒྱུ་ལ། སྤྱིར་བཏང་གྲོས་ཚོགས་ཀྱི་དྲི་བ་མང་ཆེ་བ་ཞིག་དང༌། ལྷག་པར་དུ་ཚོགས་དུས་ ༡༠ པའི་དྲི་བ་མང་ཆེ་བ་ཞིག་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་དུ་སྤྱིར་བཏང་དང༌། གླེང་སློང་བྱེད་རྒྱུའི་རང་བཞིན། བསམ་ཚུལ་ཙམ་དྲི་བ་སོགས་མི་ཆོག་གསུངས་ཡོད་ཀྱང༌། དེ་རིགས་མང་པོ་ཡོང་གི་འདུག དཔེར་ན་ད་ལྟའི་རྒྱས་བཤད་བྱེད་ཤོག་གསུངས་པ་ལྟ་བུ་སྒྲིག་མཐུན་ཡིན་པར་མཐོང་གི་མི་འདུག ཁ་སང་ལན་འདེབས་ཞུས་ཟིན་པ་ཡང་མང་པོ་འདུག ཡིན་ནའང་ང་ཚོའི་སར་དཔལ་ལྡན་ཚོགས་གཙོ་ལྷན་རྒྱས་ཀྱི་བཀའ་འཁྲོལ་ཐོབ་པའི་དྲི་བ་སླེབས་ཡོང་དུས་སྒྲིག་གཞི་དང་མཐུན་མིན་དང༌། ལན་ཕུལ་གྱི་ཡིན་མིན་སོགས་ཞུ་རྒྱུ་ཧ་ཅང་འཚེར་པོ་འདུག་པས་ཅི་གསུང་བཀའ་སྒྲུབ་ཀྱིས་ལན་འདེབས་ཞུ་བསྡད་ཀྱི་ཡོད། ད་ལམ་ཉེ་བའི་ཆར་དཔལ་ལྡན་ཚོགས་གཙོ་མཆོག་གིས་འཕྲོས་དོན་དྲི་བའི་ཐོག་བཏང་འཛིན་ཡག་པོ་གནང་གི་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འཚོ་ཐབས་ཡར་རྒྱས་ཞེས་པ་དེ་ལ་ཁག་གཉིས་ཡོད་རེད། མང་ཆེ་བ་དེ་སོ་ནམ་ཞིང་ལས་དང༌། དེ་ལས་གཞན་པ་བཟོ་ལས་ཁག་རེད། འཚོ་ཐབས་སོ་ནམ་ཞིང་ལས་ལ་བརྟེན་མཁན་ཚོར་སོ་ནམ་ཞིང་ལས་ཡར་རྒྱས་གཏོང་རྒྱུ་དང༌། བཟོ་ལས་ལ་བརྟེན་མཁན་ཚོར་བཟོ་ལས་ཡར་རྒྱས་གཏང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། ད་མདོར་བསྡུས་བྱས་ཏེ་ཞུས་ན་མ་གཏོགས་དེ་རིང་སྔ་དྲོའི་ཚོགས་དུས་ཆ་ཚང་ངས་འགན་བླངས་དགོས་པ་རེད་འདུག སྔོན་མ་ལོ་ཆུང་དུས་ཚོུད་བཞི་ལྔ་ཙམ་བཤད་རྒྱུར་དཀའ་ངལ་ཡོང་གི་མེད་ཀྱང༌། ད་ལྟ་ན་རྒས་རྫི་རྡིབ་ཀྱིས་རྐྱེན་པས་དུས་ཚོད་རིང་པོ་བཤད་རྒྱུ་མཚམས་རེ་མ་ལྕོགས་པ་ཡོང་གི་འདུག་པས་མདོར་བསྡུས་བྱས་ནས་ཞུས་ཆོག་པ་ཞུ་རྒྱུ་ཡིན། སྒྲིག་འཛུགས་སྲ་བརྟན་ཞེས་པ་ཁ་སང་ཞུས་ཟིན་པ་ཡིན། དེའི་ནང་གཙོ་ཆེ་བ་མཉམ་འབྲེལ་གྱི་སྒྲིག་འཛུགས་ཁག་རེད། འཚོ་རྟེན་ལས་རིགས་གོང་འཕེལ་ཞེས་པ་དེ་འཚོ་རྟེན་གང་ཡིན་པ་དེས་མ་འདེང་བའི་ཁ་བསབ་འཚོ་རྟེན་གཞན་འཚོལ་རྒྱུ་དེ་རེད། ཞིང་ལས་ཐོག་ལ་སུད་ཚོང་གོང་འཕེལ་གཏོང་རྒྱུ་ལྟ་བུ་རེད། ཉམ་ཐག་ལྟ་སྐྱོང་ཞེས་པ་དེ་ཕྱོགས་གཅིག་ནས་ཉམ་ཐག་ལ་ཐད་ཀར་ལྟ་སྐྱོང་བྱེད་ཀྱི་ཡོད་རེད། ཕྱོགས་གཞན་ཞིག་ནས་ཉམ་ཐག་དེའི་ནང་མི་ལའང་ཕྲན་བུའི་ཕན་ཐོགས་ཡོང་གི་ཡོད་པ་རེད། འཕྲོད་བསྟེན་དང་ཤེས་ཡོན་གོང་འཕེལ་ཞེས་པ་དེ་སྨན་རིན་དང་ཤེས་ཡོན་གྱི་མཐུན་རྐྱེན་སྤྲད་རྒྱུ་དེ་རེད། གཞིས་སྒར་སོ་སོའི་མ་མཐའི་དགོས་མཁོའི་འཛུགས་སྐྲུན་སྒྲོམ་གཞི་ཞེས་པ་དེ་ཡོངས་གྲགས་དབྱིན་ཇིའི་སྐད་དུ་ Infrastructure ཞེས་པ་དེ་རེད། དེ་ཡང་གཞིས་ཆགས་གང་ཡིན་དེའི་ངོ་བོ་དང་མཐུན་པའི་གཞི་རིམ་གྱི་སྒྲོམ་གཞི་ཆ་ཚང་ཞིག་འཛུགས་སྐྲུན་ཐུབ་རྒྱུའི་ཆེད་གཅིག་བསྡུས་འཆར་གཞི་གསུམ་པའི་ནང་དུ་བང་བསྒྲིགས་ཡོད།
གཉིས་པ་སྲོལ་རྒྱུན་ཞིང་ལས་ཐོག་ལ་ག་རེ་བྱུང་སོང་ཞེས་བཀའ་འདྲི་གནང་གི་འདུག་པར། ཡག་པོ་ཡོང་གི་འདུག་ཅེས་ཞུ་རྒྱུ་ཡིན། སྲོལ་རྒྱུན་ཞིང་ལས་ཚོད་བལྟ་བྱས་ནས་ག་འདྲ་བྱུང་སོང་ཞེས་བཀའ་འདྲི་གནང་སོང་བར་སྲོལ་རྒྱུན་ཞིང་ལས་ཞེས་པ་དེ་ཚོད་བལྟ་བྱེད་དགོས་པ་ཞིག་མ་རེད། འཛམ་བུ་གླིང་གི་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་མང་པོས་ལོ་མང་པོའི་རིང་ཚོད་བལྟ་བྱས་ནས་གྲུབ་དོན་རྙེད་ཟིན་པ་ཞིག་རེད། ད་ལྟ་ང་ཚོས་དཔེ་མཚོན་གྱི་གཞིས་སྒར་བཟོས་ནས་དེའི་ནང་དུ་ས་ཞིང་ཡོངས་རྫོགས་སྲོལ་རྒྱུན་གྱི་ཞིང་ལས་ལ་བེད་སྤྱོད་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། དེ་ནས་དམིགས་སུ་བཀར་ནས་འབུ་ལུད་ཐོག་ག་འདྲ་བྱུང་སོང་ཞེས་བཀའ་གནང་གི་འདུག་པར་ད་ལྟའི་ཆར་སོ་ནམ་གཞིས་ཆགས་བཅུ་གཉིས་ཀྱི་ནང་འབུ་ལུད་གསོག་འཇོག་མཐུན་རྐྱེན་གཞུང་གི་ངོས་ནས་སྦྱར་བ་ལུད་སྒྲོམ་ ༩༦ བཟོས་འདུག གཞུང་གི་མཐུན་འགྱུར་མེད་པར་ཞིང་པ་སོ་སོས་དྭང་བླང་གི་ཐོག་ནས་བཟོས་པ་རྣམས་གྲངས་ཀ་དེའི་ནང་དུ་ཚུད་ཡོད་མ་རེད། དེ་ཚོ་ད་ལྟའི་ཆར་ཧ་ལས་པའི་ཡག་པོ་ཡོང་གི་འདུག ན་དེབ་ལུད་སྒྲོམ་ ༢༨༣ ས་སྟེང་ལུད་སྦྱོར་བྱེད་ས་ ༡༠༦༢ བཅད་གསུམ་ལྡན་པའི་ལུད་སྒྲོམ་ ༤༢ གོང་དུ་ཞུས་པའི་འབུ་ལུད་ ༩༦ བཅས་ཁྱོན་བསྡོམས་སྲོལ་རྒྱུན་གྱི་ལུད་ཀྲོན་ ༢༥༠༧ ཙམ་བཟོ་ཐུབ་པའི་མཐུན་རྐྱེན་འཛོམས་ཡོད། ལུད་ལ་ཕན་པའི་སྒོ་ཕྱུགས་སེམས་ཅན་ ༦༣༥༧༨ ཡོད་པ་ཡིན། སྲོལ་རྒྱུན་གྱི་སོ་ནམ་ཐད་མ་འོངས་པ་ལོ་གཉིས་གསུམ་གྱི་ནང་ཡག་ཐག་ཆོད་ཡོང་བ་འདུག་ཅེས་ཞུ་རྒྱུ་ཡིན།

སྤྱི་འཐུས་ཨོ་རྒྱན་བསྟན་འཛིན་ལགས་ནས།
བཀའ་ལན་གྱི་ནང་ལ་གཞིས་ཆགས་སྲ་བརྟན་ཡོང་བའི་ཕྱིར་ཕྱག་ལས་དེ་དག་གནང་ཡོད་ཅེས་དང༌། ཡིན་ན་ཡང་ད་བར་འདོད་བློ་ཁེངས་པ་བྱུང་མ་སོང༌། དེའི་འགོག་རྐྱེན་གྱི་མིའི་མཐུན་རྐྱེན་དང༌། འཕྲུལ་རིགས་ལག་རྩལ། མང་ཚོགས་ཀྱི་བསམ་བློའི་འཁྱཻར་ཕྱོགས་ཚད་ལོངས་མ་བྱུང་བའི་རྐྱེན་གྱིས་ཐུགས་བློ་ཁེངས་པ་བྱུང་མ་སོང་ཞེས་གསལ་འདུག འགོག་རྐྱེན་དེ་དག་མེད་པ་བཟོ་རྒྱུའི་ཆེད་དུ་ད་བར་ནང་སྲིད་ལས་ཁུངས་ནས་ལས་འགུལ་སྤེལ་བ་དེ་འདྲ་བྱུང་ཡོད་དམ། གཞིས་ཆགས་སྲ་བརྟན་ཡོང་བའི་ཕྱིར་འགོག་རྐྱེན་དེ་དག་མེད་པ་བཟོ་བའི་ལས་འཆར་དེ་འདྲ་ཕེབས་རྒྱུའི་དགོངས་བཞེས་ཡོད་དམ།

བཀའ་ལན།
འགོག་རྐྱེན་དེ་དག་མེད་པ་བཟོ་བའི་ཐབས་ལམ་གལ་ཆེ་ཤོས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་སྦྱོང་བརྡར་སྤྲོད་རྒྱུ་དེ་གཉིས་ལ་རྩིས་ཀྱི་ཡོད། སྦྱོང་བརྡར་སྤྲོད་རྒྱུའི་ཐད་འདས་པའི་ལོ་གཉིས་གསུམ་ཙམ་རིང་ཤུགས་ཆེན་པོའི་ཐོག་ནས་སོ་ནམ་དང་མཉམ་འབྲེལ་གྱི་སྦྱོང་བརྡར་སྤྲད་པ་རེད། ས་གནས་འགོ་འཛིན་དང༌། མཉམ་དྲུང༌། སོ་ནམ་སློབ་སྟོན་པ་བཅས་ལ་ལོ་གཉིས་རིང་སྦྱོང་བརྡར་རིང་ཐུང་བསྡོམས་པའི་ཐེངས་ ༡༠ སྤྲད་ཐུབ་པ་བྱུང་འདུག གཞིས་མི་དོ་སྣང་ཡོད་མཁན་བྱིངས་ལ་སྦྱོང་བརྡར་དང་སྐོར་བསྐྱོད་ཐེངས་ ༨ ཙམ་བྱས་འདུག ད་ལྟ་མིག་དཔེར་འོས་པའི་སོ་ནམ་གཞིས་ཆགས་ཆེད་འདེམས་ཐོན་བྱུང་བ་ཀོ་ལི་གལ་དོན་ལྡན་གླིང་གི་མི་མང་ཡོངས་རྫོགས་ལ་སོ་ནམ་གྱི་སྦྱོང་བརྡར་ཐེངས་ ༤ གྲོང་སྡེ་ སྐྲ མི་མང་ལ་སོ་ནམ་གྱི་སྦྱོང་བརྡར་ཆེ་ཆུང་ཁྱོན་བསྡོམས་པའི་ཐེངས་ ༢༦ སྤྲད་འདུག དེ་འདྲ་སོང་ཙང་མིའི་ནུས་པས་མ་འདེང་བ་དང༌། བསམ་བློའི་འཁྱེར་ཕྱོགས་ཀྱི་ནུས་པས་མ་འདེང་བ་གཉིས་ཀ་དེ་སྔ་སྤྲད་ཟིན་པའི་སྦྱོང་བརྡར་ཁག་དང༌། ད་ལྟ་སྤྲད་རྒྱུ་ཡིན་པའི་སྦྱོང་བརྡར་ཁག་གིས་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། དེ་རེ་བ་ཙམ་མ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད།
འཕྲུལ་རིག་ལག་རྩལ་གྱི་སྐོར་དེ་སྲོལ་རྒྱུན་གྱི་སོ་ནམ་ལྟ་བུ་ཞིག་ལ་ཆ་མཚོན་ན་ལས་སླ་པོ་རེད། འཕྲུལ་རིག་ཆེན་པོ་གང་ཡང་དགོས་པ་མ་རེད། ཡིན་ན་ཡང་འཚོ་རྟེན་བཟོ་ལས་ལ་བརྟེན་པ་དེ་དག་ལ་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་དགོས་ཀྱི་རེད། དེ་ཚོར་དམིགས་སུ་བཀར་ནས་ཟབ་སྦྱོང་རྒྱ་ཆེན་པོ་གང་ཡང་ད་ཕན་བྱེད་རྒྱུ་རག་མ་སོང༌། འབྱུང་འགྱུར་ལོའི་ནང་བཟོ་ལས་གཞིས་ཆགས་ཁག་ལ་སྦྱོང་བརྡར་སྤྲད་རྒྱུའི་ལས་གཞི་ཞིག་བང་སྒྲིག་བཞིན་པ་ཡིན། འགོག་རྐྱེན་སེལ་བའི་ཐབས་ལམ་དེ་འདྲ་ཞིག་ཡིན། སྤྱི་ཚོགས་ཀྱི་མཐུན་འགྱུར་ནི་ལས་གཞི་དེ་ཚོའི་གྲུབ་འབྲས་དངོས་སུ་མཐོང་སྐབས་རང་བཞིན་གྱིས་ཡོང་གི་རེད། ད་ལྟའི་ཆར་མི་མང་པོ་ཞིག་དྭོགས་པའི་ནང་གནས་ཡོད་པའི་རྐྱེན་གྱིས་རེད།

སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནས།
དེ་རིང་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ལ་དོ་སྣང་ཆུང་བའི་རྐྱེན་གྱིས་ང་རང་ལག་པ་ཏོག་ཙམ་བརྐྱང་རྒྱུ་ཕྱིས་དྲགས་འདུག འཕྲོས་དོན་དྲི་བ་དང་པོ་ཞུ་མཁན་ཐོབ་ཐང་གོང་མ་དེ་ང་རང་ལ་རག་རྒྱུ་ཡིན་ཤག་བྱེད་བསྡད་ཡིན་པས། ཐུགས་སྣང་ཡག་པོ་ཡོད་མཁན་འགའ་ཞིག་སྔོན་དུ་གཅིག་གཉིས་ཙམ་ཤོར་ཟིན་འདུག་པས་དེའི་ཐོག་དགོངས་དག་ཞུ་རྒྱུ་ཡིན། ངའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ཁག་བཞི་ཙམ་ཞིག་ཆགས་ཀྱི་འདུག དེ་ཡང་བསྡུས་པའི་ཐོག་ནས་ཞུ་རྒྱུ་ཡིན། དཔེ་མཚོན་ཙམ་ཞུ་ན། ད་ལྟ་གཞིས་ཆགས་ཁག་འཚོ་གནས་རྩ་ནས་མེད་པ་ཀུམ་རའོ་གཞིས་ཆགས་དང༌། ས་ཊོན་གཞིས་ཆགས་དེ་དག་ཧ་ལས་པའི་སྐྱོ་པོ་རེད། ང་ཚོ་འགོ་མང་ཡོངས་ནས་ལོ་གྲངས་སུམ་ཅུ་སོ་གྲངས་རིང་རེ་བ་ཆེན་པོའི་ཐོག་ནས་དཀའ་ལས་བརྒྱབས་ཀྱང་མཐར་ཁུངས་མ་ཁྱོལ་ནས་མི་མང་འཚོ་ཐབས་རྩ་བ་ནས་མེད་པ་ཞིག་ཆགས་བསྡད་ཡོད་རེད། དེར་བརྟེན་གཅིག་བསྡུས་འཆར་གཞིའི་ནང་དེ་ཚོའི་ཐད་ལ་འཆར་གཞི་གསར་པ་འདྲ་གང་བཟོས་གནང་ཡོད་དམ། འཚོ་ཐབས་ལས་གལ་ཆེ་བ་ཞིག་སྡོད་ཁང་དེ་ཆགས་བསྡད་ཀྱི་འདུག སྡོད་ཁང་དེ་ཡང་ང་ཚོ་ཀུམ་རའོ། ས་ཊོན། སྤོན་ཊ། སྦིར་གཞིས་ཆགས་ཁག་མང་པོའི་ནང་ང་རང་སྤྱི་འཐུས་འཚམས་གཟིགས་འགྲོ་སྐབས་དཀའ་ངལ་ཡོད་པ་ཞུ་མཁན་དང་རང་གིས་མཐོང་བྱུང༌། སྡོད་ཁང་དེ་དག་ཀྱང་ལོ་མང་པོ་ཕྱིན་པ་དང༌། རྙིང་པ་ཆགས་པ་དང་ནང་དུ་ཆུ་འཛག་པ་ལ་སོགས་པའི་དཀའ་ངལ་མང་པོ་ཞིག་ཡོད་པའི་ཐོག་ལ་ནང་སྲིད་ལས་ཁུངས་བརྒྱུད་ནས་ཉམས་གསོ་བྱ་ཐབས་སྐོར་རབས་དང་རིམ་པ་ཞུས་ཟིན་པ་རེད། དེ་ཕལ་ཆེར་ང་རང་གི་རེ་བ་ལ་བྱས་ན་གཅིག་བསྡུས་ཡར་རྒྱས་འཆར་གཞིའི་ནང་ཚུད་ཡོད་ས་རེད་བསམ་པ་ཞིག་འདུག དེ་ཚུད་ཡོད་པ་ཡིན་ན་དེ་དག་ཉམས་གསོ་གནང་རྒྱུ་འགོ་ཚུགས་ཐུབ་ཡོད་དམ་མེད།
གཞིས་ཆགས་ཁག་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་འཐུང་ཆུ་འཁྲིད་རྒྱུ་ལ་སོགས་པ་དང༌། ཉམས་གསོ་བྱ་དགོས་པ་སོགས་འབྲེལ་ཡོད་བཀའ་བློན་ལྷན་ཁང་སོ་སོ་ནས་དེ་དག་ལ་གཟིགས་ཀྱིན་གཟིགས་ཀྱིན་གནང་ཐུབ་བམ། གཞིས་ཆགས་ཁག་སོ་སོའི་དགོས་མཁོ་ལ་གཞིགས་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་གཞི་ཁག་རོགས་རམ་ཐབས་འཚོལ་གནང་ན་ཕན་ཐོགས་ཆེ་བ་ཡོང་རྒྱུ་ལགས་པས། ཡིན་གཅིག་མིན་གཅིག་གཅིག་བསྡུས་འཆར་གཞིའི་ནང་དུ་བཅུག་དགོས་དོན་གང་ཡིན་ནམ། བཞི་པ་དེ་ལ་གནད་འགག་ཆུང་ཆུང་ཞིག་མ་གཏོགས་ཞུ་རྒྱུ་མེད། གཅིག་སྡུད་འཆར་གཞིའམ་གཅིག་བསྡུས་འཆར་གཞི་ཞེས་པར་སྡུད་དང་བསྡུས་ཞེས་དག་ཆ་འབྲི་སྲོལ་མི་འདྲ་བ་གཉིས་ཡོང་གི་འདུག་པས་དོན་དག་གོ་དོན་གཅིག་པ་འདྲ་པོ་ཞིག་རེད་དེ་སྒྲ་གདངས་དང་རྗེས་འཇུག་མི་འདྲ་བ་གཅིག་ས་དང་ད་རེད། ཁག་ཁག་རེད། ཕྲན་བུ་འཇུག་ཚུལ་ཁྱད་པར་ཡོད་རེད་བསམ་གྱི་འདུག དེ་ལ་དྭོགས་འདྲི་ཞིག་ཞུས་པ་དེ་ཡིན། དེ་དང་ཕྱོགས་མཚུངས་གཅིག་སྡུད་ཅེས་པའི་ཚབ་ལ་སྤྱི་བསྡུས་ཞེས་འཇོག་གནང་བ་ཡིན་ན་མིང་གི་ཆ་ནས་གཟི་བརྗིད་ཆེ་བ་དང་དོན་གྱི་ཆ་ནས་སྤྱི་ཞེས་འབོད་དུས་ཁྱབ་ཆེ་བ་ཡོང་གི་མེད་དམ་ཞེས་སོ་སོའི་རྨོངས་འཆར་དེ་ཞུས་པ་ཡིན་པས་ག་འདྲ་ཞིག་ཆགས་ཀྱི་ཡོད་དམ། ངས་ཞུ་རྒྱུ་དེ་རང་ཡིན།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་འཕྲོས་དོན་དྲི་བ་དང་པོ་ཀུམ་རའོ་ལ་སོགས་པའི་གཞིས་ཆགས་སྲ་བརྟན་ཡོང་གི་མེད་པའི་གནས་སྟངས་དེའི་ཐོག་བཙན་བྱོལ་བོད་གཞུང་གིས་ག་རེ་གནང་གི་རེད་དམ་ཞེས་བཀའ་འདྲི་གནང་སོང༌། ད་ལྟའི་ཆར་གཞིས་ཆགས་ཀྱི་འཚོ་རྟེན་སྲ་བརྟན་མེད་པའི་གཞིས་ཆགས་ཁག་བཅིུག་ཙམ་ཡོད་པ་དེ་དག་ལ་དམིགས་སུ་བཀར་ནས་ལག་བསྟར་ཐུབ་པའི་གནས་ཚུལ་གང་ཡང་བྱུང་མ་སོང༌། དེའི་ཐོག་ལ་ཞིབ་འཇུག་དང་བསམ་བློ་གཏོང་བཞིན་པ་ཡིན། ཧི་མཱ་ཅལ་དང་ཨུཏ་རན་ཅལ་གཉིས་ཀྱི་ནང་གཞིས་ཆགས་ཁག་གང་ཙམ་ཞིག་ཐོག་མར་འགོ་འཛུགས་བྱེད་པའི་སྐབས་སམ་བར་ལམ་གྱི་གནས་སྟངས་ཐོག་ནས་གཞིས་ཆགས་གཞན་རྣམས་དང་མི་འདྲ་བའི་དམིགས་བསལ་གྱི་གནས་བབ་ཡོད་པ་དེ་འདྲ་རེད། དེ་ཚོའི་གྲས་སུ་རང་སྐྱོང་དེབ་སྐྱེལ་བྱས་པའི་ཚོགས་པའི་འཛིན་སྐྱོང་བྱེད་ཕྱོགས་དང༌། བཙན་བྱོལ་བོད་གཞུང་གི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་འཛིན་སྐྱོང་བྱེད་ཕྱོགས་སོགས་ཀྱི་སྐོར་གསལ་པོ་མེད་པས་དཀའ་ངལ་འཕྲད་པ་དང༌། ས་གནས་འགོ་འཛིན་ཚད་ལྡན་མེད་པས་དཀའ་ངལ། ས་གནས་འགོ་འཛིན་ས་གནས་ནས་འོས་བསྡུ་བྱས་པ་ཡིན་ནའང་བསྐྱར་དུ་འོས་བསྡུ་མ་ཐུབ་པ་སོགས་ཀྱི་དཀའ་ངལ་ཇི་སྙེད་ཅིག་བྱུང་ཡོད། དེ་དག་གི་འཚོ་རྟེན་དང་སྒྲིག་འཛུགས་གཉིས་ཀ་ཡག་པོ་ཞིག་ཡོང་བའི་ཆེད་དུ་ཐོག་མ་ནང་སྲིད་ཀྱི་ལས་བྱེད་ས་གནས་སུ་བསྐྱོད་དེ་གནས་ཚུལ་རྣམས་ལ་ཞིབ་འཇུག་བྱ་རྒྱུ་དང༌། དེ་ནས་ཕྱི་ཟླ་ ༡༠།༡༡ གང་རུང་ནང་དྷརྨ་ཤཱ་ལར་ཚོགས་འདུ་ཞིག་སྐོང་ཚོགས་ཞུས་ནས་ཁོང་ཚོའི་འཚོ་ཐབས་སྲ་བརྟན་དུ་གཏོང་ཕྱོགས་དང་འཛིན་སྐྱོང་བྱེད་ཕྱོགས་ཀྱི་འཆར་གཞི་གསར་པ་ཞིག་བྱེད་ཐུབ་པའི་རེ་བ་ཡིན། འཆར་གཞི་དེ་ཚོ་བཀའ་ཤག་ལ་སྙན་གསན་ཞུ་རྒྱུ་ཡིན། དེ་འདྲ་བྱུང་བ་ཡིན་ན་སྲ་བརྟན་མེད་པའི་གཞིས་ཆགས་ཆུང་ཁག་དེ་ཚོའི་ཆེད་དུ་བྱེད་ཕྱོགས་གསལ་པོ་ཆགས་ཀྱི་རེད།
འཕྲོས་དོན་དྲི་བ་གཉིས་པ་སྡོད་ཁང་ཉམས་གསོའི་སྐོར་ལ་བཀའ་འདྲི་གནང་བའི་ཐད། སྤྱིར་བཏང་རྒྱ་གར་དང་འཛམ་གླིང་སྤྱི་སྲོལ་ག་འདྲ་ཞིག་ཡིན་ནའང་སྐྱབས་བཅོལ་བ་གཞིས་ཆགས་པའི་སྐབས་ཁང་པའི་མཐུན་རྐྱེན་ཐེངས་གཅིག་མ་གཏོགས་ཡང་ནས་ཡང་དུ་སྤྲད་རྒྱུའི་ལམ་སྲོལ་མི་འདུག ཁང་པ་ཐེངས་གཅིག་བརྒྱབས་ཚར་བའི་རྗེས་ལོ་བཅུ་བཅོ་ལྔ་འདེང་བ་ཞིག་དང༌། དེ་རྗེས་ཁང་བདག་མི་ཚང་སོ་སོ་རང་རང་གི་རྐང་པའི་ཐོག་ལངས་ཐུབ་པ་ཞིག་ཡོང་དགོས་པ་དང༌། ཁང་པ་རྒྱ་བསྐྱེད་དང་ཉམས་གསོ་གཞིས་མི་སོ་སོས་གནང་ཐུབ་པ་ཡོང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་ཙང་ཁང་པ་ཉམས་གསོའི་རོགས་དངུལ་ཧ་ཅང་ཐོབ་དཀའ་པོ་རེད། ཡིན་ནའང་གཞིས་ཆགས་ཕལ་ཆེ་བའི་སྡོད་ཁང་ཉམས་གསོའི་ཆེད་དུ་འགྲོ་གྲོན་ཆ་ཚང་གཞུང་གིས་བཏང་བ་དང་གཞུང་གིས་བསྡུ་ཆ་ཆེན་པོ་སྤྲད་པ་མ་གཏོགས་ཁང་པ་ཉམས་གསོ་རང་ངོས་ནས་བྱེད་ཐུབ་མཁན་ཧ་ཅང་ཉུང་ཉུང་རེད་འདུག གཞིས་ཆགས་ཁ་ཤས་ལ་ཐེངས་གཅིག་ཉམས་གསོ་བྱས་པ་དང༌། ཁ་ཤས་ལ་ཐེངས་གཉིས་ཉམས་གསོ་བྱས་པ་དེ་འདྲ་བྱུང་འདུག གཅིག་བསྡུས་ཡར་རྒྱས་འཆར་གཞིའི་ནང་དུ་ས་གནས་ཁག་ནས་ཁང་པ་ཉམས་གསོའི་འཆར་གཞི་ཕུལ་བ་དང་མ་ཕུལ་བ་ཕྱོགས་གཅིག་ཏུ་བསྡོམས་ནས་དབུས་ཀྱི་ལས་གཞིའི་ Central Planning ནང་བཞག་སྟེ་ས་གནས་སོ་སོའི་དགོས་མཁོ་ལ་གཞིགས་ཏེ་ལག་བསྟར་བྱེད་ཀྱི་ཡོད། གཞིས་ཆགས་ཁ་ཤས་ནང་ཁང་པ་ཉམས་གསོའི་ལས་འགོ་བཙུགས་ཟིན་པ་དང༌། ཁ་ཤས་ནང་ད་ལྟ་ལས་འགོ་འཛུགས་ལ་ཉེ་བ་ཡིན། ལན་གཅིག་རིང་སྡོད་ཁང་ཉམས་གསོའི་རོགས་སྐྱོར་བཙན་བྱོལ་གཞུང་ནས་ཐབས་འཚོལ་ཞུ་རྒྱུ་དང༌། མ་འོངས་པར་སྡོད་ཁང་ཉམས་གསོ་དེ་རིགས་རོགས་སྐྱོར་ལ་བརྟེན་མི་དགོས་པ་བྱེད་དགོས་པའི་གོ་བསྐོན་བྱ་རྒྱུའི་འཆར་གཞི་ཡོད།
དགོས་མཁོ་ཆུང་ཙག་གི་རིགས་འཆར་གཞིའི་ནང་བཅུག་མ་དགོས་པར་སྐབས་མཚམས་སོ་སོར་ཐད་ཀར་གནང་ཐུབ་ན་ཡག་པོ་འདུག་གསུངས་པ་དེ་ད་ལྟ་དེ་འདྲ་རང་འགྲོ་བཞིན་པ་རེད། དཔེར་ན་ཆུ་དང་གསང་སྤྱོད་ཀྱི་མཐུན་རྐྱེན་དེ་ཚོ་གཅིག་བསྡུས་འཆར་གཞིའི་ནང་འགྲོ་མ་དགོས་པར་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐད་ཀར་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང༌། དེ་དང་དེ་མཚུངས་ཛ་དྲག་གི་དགོས་མཁོ་ཆུང་ཙག་གི་རིགས་གཅིག་བསྡུས་འཆར་གཞིའི་ནང་མ་ཕྱིན་པར་ཐད་ཀར་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་བྱེད་མི་ཐུབ་པའི་གནས་ཚུལ་ཁ་ཤས་ཡོང་གི་འདུག དཔེར་ན་འཐུང་ཆུ་འདྲེན་པའི་ལས་འཆར་ལྟ་བུར་མཚོན་ན་ས་གནས་གཞུང་གི་ཁྲིམས་དང་མི་མཐུན་པའི་འཐུང་ཆུ་འདྲེན་རྒྱུའི་ལས་གཞི་ཡིན་ན་གཞུང་གིས་རོགས་རམ་བྱེད་ཐུབ་ཀྱི་ཡོད་མ་རེད། གཞུང་གིས་རོགས་སྐྱོར་བྱེད་རྒྱུའི་ལས་གཞི་ག་འདྲ་ཞིག་ཡིན་ནའང་ཡུལ་ཁྲིམས་དང་མཐུན་པ། འཚེ་བ་མེད་པ། ཁོར་ཡུག་ལ་མི་གནོད་པ། རྒྱུན་གནས་ཐུབ་པ། ཡོངས་ལ་ཕན་པ་བཅས་ཁྱད་ཆོས་ཚང་དགོས་པ་ཡིན། དེ་ཚོ་མ་ཚང་བའི་ལས་གཞི་ཞིག་ལ་གཞུང་གིས་རོགས་སྐྱོར་ཞུས་ཐུབ་ཀྱི་མ་རེད།
གཅིག་བསྡུས་འཆར་གཞིའི་ཡི་གེའི་དག་ཆ་ག་རེ་རེད་དམ་ཞེས་གསུངས་པའི་ཐད། གངས་ཅན་སྐྱིད་གཤོངས་ཀྱི་ཡི་གེའི་དག་ཆ་ལ་དེ་ཙམ་ཚད་འཛིན་ས་ཡོད་པ་མ་རེད། གཅིག་སྡུད་དང་གཅིག་བསྡུས་ག་རེ་བྲིས་ནའང་བོད་ཀྱི་བརྡ་སྤྲོད་ནང་བདག་གཞན་དུས་གསུམ་གྱི་འཇུག་ཚུལ་གསུངས་པ་ལྟར་འགྲེལ་བརྗོད་བྱེད་རྒྱུ་ཡོང་གི་རེད། དབྱིན་སྐད་ཀྱི་ Integrated Plan ཞེས་པ་བོད་སྐད་དུ་སྒྱུར་སྐབས་གཅིག་སྡུད་དང་གཅིག་བསྡུས་གང་བསྒྱུར་ཡང་ཁྱད་པར་ཆེན་པོ་ཨེ་ཡོད། ནང་སྲིད་བཀའ་བློན་གྱི་ངོས་ནས་འདི་དག་པ་དང༌། འདི་མ་དག་པ་རེད་ཅེས་ཞུ་ཐུབ་པ་མི་འདུག

སྤྱི་འཐུས་གྲའུར་ཚེ་བརྟན་ལགས་ནས།
བཀའ་ལན་གྱི་ནང་གསེས་གཉིས་པ་ལས་འཕྲོས་པའི་ཐོག་ནས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། ལས་གཞི་དེ་རྣམས་ས་གནས་གང་དང་གང་ལ་འགོ་འཛུགས་གནང་ཡོད་དམ། ལས་གཞི་དེ་རྣམས་གང་དང་གང་རེད་དམ། ལས་གཞི་དེ་རྣམས་ས་གནས་ཁག་མང་པོ་ཞིག་ལ་གནང་ཡོད་པ་ཡིན་ན། ས་གནས་ཁ་ཤས་དཔེ་མཚོན་ཙམ་ཞིག་གསུང་རོགས་གནང༌། ལས་གཞི་དེ་རྣམས་གྲུབ་འབྲས་ཐོན་པར་དུས་ཡུན་ཇི་ཙམ་འགོར་གྱི་ཡོད་དམ། ལས་གཞི་དེ་རྣམས་གྲུབ་འབྲས་ཐོན་དུས་མི་མང་ག་ཚོད་ཙམ་ཞིག་ལ་འཚོ་བའི་ཕན་ཐོགས་ཡོང་གི་རེད་དམ། དེ་དག་བཀའ་ལན་ཞིག་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
ལས་གཞིའི་ཁ་གྲངས་དང་ས་གནས་གང་དུ་འགོ་བཙུགས་མིན་གྱི་གྲངས་ཚད་ངས་ད་ལྟ་ངེས་གཏན་ཞུ་ཐུབ་ཀྱི་མི་འདུག སོ་ནམ་གཞིས་ཆགས་ཕལ་ཆེ་བའི་ནང་ལས་གཞི་ཅི་རིགས་འགོ་ཚུགས་ཟིན་པ་དང་འགྲོ་བཞིན་པ་རེད། བཟོ་ལས་གཞིས་ཆགས་ཆུང་ཁག་དེ་ཚོའི་ནང་ལས་གཞི་འགོ་ཚུགས་པ་ཉུང་བ་བྱུང་ཡོད་ཀྱི་རེད། འདས་པའི་ལོ་གཉིས་གསུམ་རིང་ནུས་ཤུགས་མང་ཆེ་བ་སོ་ནམ་གཞིས་ཆགས་ཁག་ལ་གཏོང་གིན་བསྡད་པ་རེད། གཅིག་བསྡུས་འཆར་གཞི་གསུམ་པའི་ནང་ཡོད་པའི་ལས་འཆར་ཁག་བརྒྱ་ཆ་ ༣༨།༣༩ ཙམ་འགོ་བཙུགས་ཟིན་པ་དང་འགོ་འཛུགས་ལ་ཉེ་བ་ཡིན། དེ་འཕྲོས་ད་ལྟ་ལས་རིམ་འགྲོ་བཞིན་པ་ཡིན།
ལས་གཞི་དེ་ཚོ་གྲུབ་པའི་སྐབས་མི་ག་ཚོད་ལ་ཕན་ཐོགས་ཀྱི་རེད་དམ་ཞེས་གསུངས་པའི་ཐད། ལས་གཞི་དེ་ཚོ་གྲུབ་པའི་རྗེས་སུ་ས་གནས་དེར་གནས་སྡོད་བྱེད་མཁན་གྱི་གཞིས་མི་མང་ཆེ་བ་ལ་ཕན་ཐོགས་ཡོང་གི་རེད། གང་ཡིན་ཞེ་ན་ང་ཚོའི་ལས་གཞི་ཁག་ཞིབ་འཇུག་བྱེད་སྐབས་འོས་ཆོས་གལ་ཆེ་བ་ཞིག་ལས་གཞི་དེས་མི་མང་ཆེ་བ་དང་མི་སྐྱོ་ཤོས་རིགས་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་དགོས་པ་དེ་རེད། དེ་མིན་ན་ལས་གཞི་དེ་ངོས་ལེན་བྱེད་ཀྱི་མ་རེད། དཔེ་མཚོན་ཙམ་ཞུས་ན་སྲོལ་རྒྱུན་སོ་ནམ་གྱི་ལས་གཞི་ད་ལྟ་ལག་བསྟར་བྱེད་བཞིན་པ་དེ་ཚོ་ཚད་ལྡན་ཞིག་བྱུང་བ་ཡིན་ན་ནང་མི་ལྔ་ནས་བཅུ་བར་ཡོད་པའི་མི་ཚང་ཞིག་ལ་ས་ཞིང་ཨེ་ཀར་བཞི་ཙམ་ཡོད་ན། མི་ཚང་དེའི་ལོ་གཅིག་གི་ཟ་ཆས་གང་ཡང་དངུལ་སྤྲད་ནས་ཉོ་མི་དགོས་པའི་ཐོག་དངུལ་འབོར་མི་དམན་ཙམ་གྱི་ཡོང་འབབ་ཆེད་དུ་ཐོན་སྐྱེད་ཕྱིར་འཚོང་ཐུབ་པ་ཡོང་གི་རེད། ད་ལྟའི་རྒྱ་གར་རྒྱལ་ཡོངས་ཀྱི་སོ་ནམ་པ་ཚོ་ལ་གཞིགས་ན་ས་ཆ་ཨེ་ཀར་བཞི་ཉུང་ཉུང་མ་རེད། རྒྱ་གར་གྱི་ཞིང་པ་ཆུང་ཆུང་དེ་ཚོར་ས་ཞིང་ཨེ་ཀར་གཅིག་དང་ཕྱེད་ཀ་ཙམ་མ་གཏོགས་མེད་མཁན་མང་པོ་རེད། ང་ཚོས་ས་ཞིང་དེ་རྣམས་བརྒྱ་ཆ་བརྒྱ་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པ་ཡིན་ན་རྒྱས་སྤྲོས་ཆེན་པོ་ཡོང་མ་ཐུབ་ཀྱང་རང་ཉིད་ཀྱི་འོས་ཤིང་འཚམས་པའི་འཚོ་བའི་དགོས་མཁོ་འདེང་ངེས་ཤིག་ངེས་པར་དུ་ཡོང་གི་རེད། བྱས་ཙང་མི་ཚང་མར་དེའི་གྲུབ་འབྲས་ལས་ཕན་ཐོགས་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན།
སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས།
ངའི་འཕྲོས་དོན་དྲི་བ་དེ་དོན་ཚན་དང་པོ་གཞིས་ཆགས་འཚོ་གནས་ཐུབ་ཐབས་དང་འབྲེལ་བ་ཆགས་ཡོད། མའི་སོར་སྦེལ་ཀོབ་གཞིས་སྒར་གཉིས་ཀྱི་ནང་ལ་དྭང་སློབ་དམག་མི་ཟུར་པ་གྲངས་ལྔ་བརྒྱ་ཙམ་ཆགས་ཀྱི་འདུག དེ་ལས་ཁ་ཤས་དགོན་པ་ཁག་གི་ནང་ལ་བསྡད་ཀྱི་ཡོད་པ་དང༌། ཁ་ཤས་སློབ་གྲྭ་ཁག་གི་ནང་ལ་མ་བྱན་ལ་སོགས་ལས་གཡོག་བྱེད་ཀྱི་ཡོད། མང་པོ་ཞིག་ཚོང་ཙག་ཙིག་བརྒྱབས་ནས་སྡོད་ཀྱི་ཡོད་ཅེས་གསུང་གི་འདུག དེ་རྣམས་ཀྱི་ནང་ནས་གྲངས་ ༡༢༣ ཞིག་གཞིས་ཆགས་ཀྱི་ས་ཁང་ས་ཞིང་མེད་པར་གཉེན་ཉེ་དུ་ལ་བརྟེན་ནས་གནས་པ་དེ་རྣམས་ཁ་ཐོར་དུ་མི་འགྲོ་བ་དང༌། དེ་རྣམས་ཀྱི་བུ་ཕྲུག་རྣམས་ཀྱང་ཤེས་ཡོན་གྱི་གོ་སྐབས་མ་བརླག་པའི་ཆེད་དུ་གཞིས་ཆགས་ཀྱི་མི་མང་གཅིག་མཚུངས་ཀྱིས་ས་ཁང་གི་ཐོབ་ཆ་ཡོང་བ་དང༌། བོད་མིའི་སྤྱི་ཚོགས་ནང་མཉམ་འབྲེལ་མཉམ་སྡོད་ཐུབ་སླད་ནང་སྲིད་ལས་ཁུངས་ལ་སྙན་ཞུ་བཏང་བ་ཡིན་ཡང་ཁོ་ཚོར་ལན་གང་ཡང་འབྱོར་མ་བྱུང་ཟེར་གྱི་འདུག ངའི་འཕྲོས་དོན་དྲི་བ་ནི། གཞིས་ཆགས་སྲ་བརྟན་ཐུབ་ཐབས་སུ་ཡར་རྒྱས་གཅིག་དང་གོང་འཕེལ་གཉིས། དེ་མིན་ལྟ་སྐྱོང་བཅས་ཀྱི་འཆར་གཞི་ཡོད་ཙང་དྭང་སློབ་ཟུར་པ་དེ་ཚོར་དགོངས་པ་བཞེས་ཀྱི་ཡོད་དམ། གཉིས་པ་དེར་གཞིས་ཆགས་གཞན་ཁག་ལ་ཡོད་པའི་དྭང་སློབ་ཟུར་པ་རྣམས་ལ་ས་ཁང་བཀོད་བསྒྲིགས་བྱ་རྒྱུ་དང་དྭང་ཟུར་ཡིན་པའི་ཆ་ནས་བཞག་པའི་དམིགས་བསལ་འཚོ་སྣོན་ལྟ་སྐྱོང་དེ་འདྲ་ད་ལྟ་བར་དུ་གནང་ཡོད་དམ། སྤྱིར་སྦེལ་ཀོབ་གཞིས་ཆགས་ཡིན་ན་གཞིས་ལས་ཁང་ནས་མི་མང་ལ་ལྟ་སྐྱོང་ལ་སོགས་པ་གང་ཅིའི་ཐད་ལ་ཡག་ཐག་ཆོད་ཡོད་པ་རེད། དྭང་ཟུར་ཚོ་ཡིན་ནའང་ཉམ་ཐག་གི་ཁོངས་ནས་ལྟ་སྐྱོང་གནང་གི་ཡོད་ནའང༌། དངོས་ཡོད་གནས་ཚུལ་ལ་ས་ཁང་བཀོད་བསྒྲིགས་བྱེད་རྒྱུ་ཁག་པོ་ཆགས་བསྡད་ཡོད་ཙང་ཁོང་ཚོར་ས་ཁང་འཐོབ་རྒྱུ་ཁག་པོ་རེད་ཅེས་སྐུ་ངོ་གཞིས་འགོ་རྣམ་པ་ཚོས་གསུངས་ཀྱི་འདུག ཁོང་ཚོ་དྭང་ཟུར་ཡིན་པའི་ཆ་ནས་དམིགས་བསལ་གྱི་ས་ཁང་ལ་སོགས་པའི་མཐུན་རྐྱེན་སྦྱོར་རྒྱུ་དགོངས་བཞེས་གནང་རྩིས་ཡོད་དམ།

བཀའ་ལན།
ད་ལྟ་གཞིས་ཆགས་ཁག་མང་པོའི་ནང་དུ་དྭང་ཟུར་རྣམས་ལ་ས་ཁང་མེད་པར་བསྡད་ཡོད་པ་དེ་དངོས་འབྲེལ་རེད། ཡིན་ནའང་བྷེལ་ཀོབ་དྭང་ཟུར་ཚོས་ས་ཁང་གི་ཆེད་དུ་སྙན་ཞུ་ཕུལ་བ་དེའི་ལན་འབྱོར་མ་བྱུང་ཞེས་གསུངས་པའི་སྐོར་དེ་སྔ་སྙན་ཞུ་དེ་འདྲ་འབྱོར་ཡོད་པ་ཞིག་ངས་མཐོང་མ་སོང༌། གལ་སྲིད་དེ་འདྲ་ཞིག་ལས་ཁུངས་སུ་འབྱོར་ཡོད་ན་དེ་བཀའ་བློན་གྱིས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། རྩད་གཅོད་ཞུ་རྒྱུ་ཡིན། གཞིས་ཆགས་ཚང་མའི་ནང་དུ་ས་ཁང་ཚད་གཞི་གྲངས་བཅད་ཅིག་མ་གཏོགས་ཡོད་པ་མ་རེད། ས་ཁང་སྟོང་པ་ཐོན་ན་ས་གནས་སོ་སའི་ས་ཁང་སྒྲིག་གཞི་གཞིར་བཟུང་སྒུག་ཐོའི་ནང་ཡོད་པ་ཚོ་ལ་ཐོབ་དགོས་ཀྱི་ཡོད་རེད། ད་ལན་ས་ཁང་སྒྲིག་གཞི་བསྐྱར་བཅོས་བྱས་པ་དེ་གཏན་འབེབས་ཐུབ་ན་ཐེངས་གཅིག་བསྐྱར་ཞིབ་བྱས་ནས་སྒྲིག་མཐུན་སྒུག་ཐོའི་ནང་དུ་ཡོད་པ་དེ་ཚོ་གསར་འཇུག་བྱས་ཏེ་ས་ཁང་སྟོང་པ་མི་ལྷག་པ་བཟོ་རྒྱུ་ཡིན། དྭང་ཟུར་རིགས་གཅིག་སྒྲིག་མཐུན་སྒུག་ཐོའི་ནང་ཡོད་སྲིད་ཀྱི་རེད། དེ་ཚོའི་རིགས་རང་ཉིད་ཀྱི་སྒུག་ཐོའི་བང་རིམ་སླེབས་ན་ས་ཁང་ཐོབ་ཀྱི་རེད། དེ་མ་གཏོགས་དྭང་ཟུར་ཡིན་པའི་ཆ་ནས་ས་ཁང་འཐོབ་རྒྱུ་ཞིག་བཙན་བྱོལ་བོད་གཞུང་གི་ལས་གཞིའི་ནང་མེད། དྭང་ཟུར་ཞིབ་འཇུག་བྱེད་པའི་སྐབས་དྭང་ཟུར་དེ་རྣམས་དབྱེ་བ་ཞིག་ཕྱེ་བ་རེད། དང་ཐོག་དྭང་སློབ་ནང་དུ་འགྲོ་མཁན་དེ་ཚོ་འཚོ་ཐབས་དང་འབྲེལ་བ་གང་ཡང་མེད་པར་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་གཅིག་པུའི་དོན་དུ་འགྲོ་བ་ཞིག་རེད། རིམ་བཞིན་དུས་ཚོད་འགྱུར་བ་ཕྱིན་པ་དང་བསྟུན་ནས་དྭང་སློབ་ནང་དུ་འཛུལ་རྒྱུ་དེ་བསྟན་པ་ཆབ་སྲིད་དང་མི་སྒེར་སོ་སོའི་འཚོ་ཐབས་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་ཆགས་པ་རེད། ཉེ་བའི་ཆར་གྱི་དྭང་ཟུར་དེ་ཚོ་ལས་ཐོན་གྱི་སྐབས་སུ་དངུལ་འབབ་མི་དམན་ཙམ་རེ་ཐོབ་ཀྱི་ཡོད་པ་རེད། དེ་ཆུད་ཟོས་མ་བཏང་བར་འདུ་འགོད་ཚད་ལྡན་ཞིག་བྱས་པ་ཡིན་ན་མི་ཚེ་སྐྱེལ་སྟངས་ཤེས་ཙམ་ཞིག་ཡོད་པ་རེད། སྔོན་མ་དེ་འདྲའི་མཐུན་རྐྱེན་རྩ་བ་ནས་མ་ཐོབ་པའི་དྭང་ཟུར་དེ་ཚོ་ཉམ་ཐག་ཡིན་ན་གཞུང་གིས་འཚོ་སྣོན་ཞིག་ཕུལ་གྱི་ཡོད་པ་རེད། འཚོ་སྣོན་དེས་འདང་ངེས་ཤེས་པ་ཞིག་མ་བྱུང་ཡང་ཕྲན་བུའི་རོགས་སྐྱོར་ཞིག་ཡོང་གི་རེད། ད་ལྟའི་གནས་སྐབས་སུ་གྲོས་ཚོགས་ལ་ཡང་ཡང་སྙན་གསན་ཞུས་ཟིན་པ་བཞིན། བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་གསར་འཛུགས་ཀྱི་ལས་གཞི་ཡོངས་རྫོགས་མཇུག་སྡུད་ཟིན་པ་དང༌། རྒྱ་གར་དབུས་གཞིས་ཆགས་ལས་ཁུངས་ཀྱང་ནང་སྲིད་ལས་ཁུངས་ཁོངས་སུ་ཟླ་བསྒྲིལ་བཏང་ཟིན་པ་རེད། ས་ཁང་གི་ཆ་རྐྱེན་ཡོད་པའི་གཞིས་ཆགས་གསར་འཛུགས་ཀྱི་ལས་རིམ་དེ་མ་འོངས་པར་ཡོང་ཐབས་ཡོད་མ་རེད་ཅེས་ཐེངས་མང་ཞུས་ཟིན་པ་ཡིན། དྭང་སློབ་ཟུར་པ་དེ་ཚོར་ཟུར་དུ་གཞིས་ཆགས་ས་ཁང་འཐོབ་རྒྱུའི་རེ་བ་བྱས་པ་ཡིན་ན་རེ་བ་སྟོང་པ་རེད། དེ་མིན་མཐུན་འགྱུར་གང་ཐུབ་བསམ་གཞིགས་ཞུ་རྒྱུ་ཡིན།

སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས།
བཀའ་ཤག་ནས་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་བའི་ཕྱིར་མཛད་བྱུས་མི་འདྲ་བ་ཅ་པ་བར་དུ་ཡོད་པ་དེ་དག་ཧ་ཅང་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཞུ་རྒྱུའི་འཕྲོས་དོན་དྲི་བ་དེ་ཁ་པའི་ནང་གསལ་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་གསུངས་པ་དང་འབྲེལ་བ་ཆགས་ཀྱི་ཡོད། རྣམ་པ་ཚོས་མཁྱེན་གསལ་ལྟར་སྤྱིར་གཞིས་ཆགས་ཀྱི་མི་ཚང་མ་གཞིས་ཆགས་སུ་གནས་དགོས་ཀྱང་རང་རང་སོ་སོའི་འཚོ་ཐབས་ཀྱི་ཆེད་དུ་ལོ་འཁོར་མོ་རིང་ལ་གཞིས་ཆགས་ནང་དུ་བསྡད་མི་ཐུབ་པར་ཕྱིར་བསྐྱོད་བྱ་དགོས་ཐུག་གི་ཡོད་པ་རེད། འོན་ཀྱང་གཞིས་ཆགས་སྲ་བརྟན་ཡོང་ཆེད་དུ་སྒྲིག་གཞི་བཟོ་བའི་སྐབས་དུས་ཚོད་ཡོངས་རྫོགས་གཞིས་ཆགས་ནང་དུ་བཞུགས་མི་ཐུབ་ནའང་དུས་ཡུན་རྒྱས་བཅད་ཅིག་གི་རིང་ངེས་པར་དུ་གཞིས་ཆགས་སོ་སོར་བཞུགས་དགོས་པ་དང༌། གལ་སྲིད་བཞུགས་མི་ཐུབ་པ་ཡིན་ན་དགོངས་ཞུ་ཕུལ་དགོས་པ་ཞིག་བཟོས་པ་རེད། དེ་ལྟར་མ་བྱུང་བ་ཡིན་ན་གཞིས་ཆགས་ཀྱི་ཐོབ་སྐལ་ཕྱིར་བསྡུ་ཞུ་རྒྱུ་འཁོད་ཡོད་པས། ངས་བཀའ་འདྲི་ཞུ་རྒྱུ་ཞིག་ལ། སྒྲིག་གཞི་དེས་གཞིས་ཆགས་སྲ་བརྟན་གནས་པར་ཕན་ཐོགས་ཡོད་དམ་མེད། ཕན་ཐོགས་ཡོད་ན་སྒྲིག་གཞི་དེའི་ནང་གསལ་དོན་ཚན་ཁག་ཕྱག་ལེན་ག་ཚོད་ཅིག་བསྟར་ཐུབ་ཡོད་དམ། ཡང་གོང་གི་སྒྲིག་གཞི་དེ་དང་འགལ་བའི་དབང་གིས་གཞིས་ཆགས་ཀྱི་ཐོབ་ཐང་ཕྱིར་བསྡུ་ཞུས་པ་བྱུང་ཡོད་རེད་དམ་མ་རེད། གལ་སྲིད་ད་ལྟའི་སྒྲིག་གཞི་དེས་གཞིས་ཆགས་སྲ་བརྟན་ཡོང་བར་ཕན་ཐོགས་ཡོང་གི་མེད་ན་སྒྲིག་གཞི་གཞན་བཟོ་རྒྱུའི་དགོངས་པ་བྱུང་ཡོད་དམ་མེད།
བཀའ་ལན།
གཞིས་མི་རྣམས་གཞིས་ཆགས་སུ་གཏན་སྡོད་བྱེད་དགོས་པ་དང༌། གནས་སྐབས་ཕྱོགས་བསྐྱོད་བྱས་ན་དགོངས་པ་ཞུ་དགོས་པ་སོགས་ཀྱི་སྒྲིག་གཞི་ནང་སྲིད་ནས་གཏན་ལ་ཕབ་པ་དེ་གཞིས་ཆགས་ཁག་ཚང་མའི་ནང་ལག་བསྟར་བྱེད་བཞིན་པ་རེད། ཡིན་ནའང་སྒྲིག་གཞི་དེ་ཚོའི་ནང་བྱེད་མི་ཆོག་པ་མང་པོ་ཞིག་གསལ་ཡོད་ནའང་དེ་ལས་འགལ་ན་བཏང་འཛིན་དང་ཉེས་ཆད་གཏོང་ཕྱོགས་ཀྱི་སྐོར་ལ་གསལ་པོ་ཡོད་མ་རེད། དེ་འདྲ་སོང་ཙང་ང་ཚོས་ས་ཁང་གི་སྒྲིག་གཞི་དེ་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་བཀོད་ཁྱབ་ཀྱིས་བཟོས་པའི་སྒྲིག་གཞི་ཞིག་མ་ཡིན་པར། གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ཀྱི་ནུས་ཚད་ལྡན་པ་ཞིག་བྱུང་ན་མི་མང་གིས་སྲུང་རྩི་དང༌། གཞུང་གིས་བཏང་འཛིན་གང་ཅིའི་ཐད་ནུས་པ་ཆེ་བ་ཡོང་གི་རེད། སྒྲིག་གཞི་རྙིང་པ་ཚུལ་བཞིན་ལག་ལེན་བསྟར་བ་ཇི་སྙེད་ཅིག་བྱུང་འདུག་ལ། ལག་ལེན་བསྟར་མ་ཐུབ་པའང་ཇི་སྙེད་ཅིག་བྱུང་འདུག གཞིས་ཆགས་ཁ་ཤས་ནང་སྒྲིག་གཞི་གཞིར་བཟུང་ས་ཁང་ཕྱིར་བསྡུ་བྱས་ནས་སྒུག་ཐོ་ནང་ཡོད་མཁན་ལ་སྤྲད་པའང་བྱུང་འདུག ཁ་ཤས་གཞིས་ཆགས་ལ་མ་བཞུགས་པ་ཡིན་ནའང་རྒྱུ་མཚན་མང་པོ་ཞིག་བཤད་ནས་ས་ཁང་ཕྱིར་བསྡུ་མ་ཐུབ་པའང་ཡོད་རེད། དེ་འདྲ་སོང་ཙང་ད་ལྟ་གྲོས་ཚོགས་ཀྱི་ནང་དུ་འགྲོ་བཞིན་པའི་ས་ཁང་གི་སྒྲིག་གཞིའི་ནང་བར་བརྒལ་གྱི་ཆ་རྐྱེན་ཞིག་བཞག་ཡོད། བར་བརྒལ་གྱི་ཆ་རྐྱེན་དེའི་འོག་ནས་ས་གནས་ཁག་སོ་སོར་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཐེངས་གཅིག་ཚང་མ་སྒྲིག་མཐུན་བཟོ་རྒྱུ་དང༌། མ་འོངས་པར་སྒྲིག་འགལ་བྱུང་ན་བཏང་འཛིན་བྱེད་སྟངས་གསལ་པོ་བཀོད་ཡོད་པ་རེད། སྒྲིག་གཞི་གཏན་འབེབས་ཟིན་རྗེས་གནས་སྟངས་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད།

སྤྱི་འཐུས་བསོད་ནམས་སྟོབས་རྒྱས་ལགས་ནས།
དེ་རིང་བཀའ་ཤག་གི་ལན་འདེབས་ཀྱི་ནང་དུ་གཞིས་ཆགས་ཀྱི་འཚོ་སྣོན་དང༌། འཚོ་ཐབས་ཡར་རྒྱས། སྒྲིག་འཛུགས་སྲ་བརྟན། འཚོ་རྟེན་ལས་རིགས་གོང་འཕེལ། ཉམ་ཐག་ལྟ་སྐྱོང༌། འཕྲོད་བསྟེན་དང་ཤེས་ཡོན་གོང་འཕེལ། གཞིས་སྒར་སོ་སོའི་མ་མཐའི་དགོས་མཁོའི་ལས་གཞི་རྣམས་སྒྲོམ་གཞི་འཛུགས་སྐྲུན་བཅས་ཀྱི་སྒོ་ནས་བྱེད་ཀྱི་ཡོད་གསུངས་འདུག ཧ་ཅང་ཡག་པོ་རེད། དེ་སྔ་ཡང་གང་ལ་གང་ཙམ་གྱི་ཡག་པོ་བྱས་ཡོད་རེད་ཞུ་རྒྱུ་དང༌། གང་བྱས་དངོས་གནས་དྲང་གནས་སྔར་དང་མི་འདྲ་བའི་ལྟ་རྟོག་ཡག་པོ་བྱས་ཡོད་རེད། དེ་མུ་མཐུད་ནས་བྱ་རྒྱུ་ཡིན་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་དྲི་བ་དེ་གང་ཡིན་ཞེ་ན། བོད་ནས་ཚུར་གསར་འབྱོར་སྟོང་ཕྲག་མང་པོ་ཞིག་ལོ་ལྟར་ཡོང་བསྡད་ཀྱི་ཡོད་རེད། ྋརྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་བརྟེན་ནས་ཡོང་བསྡད་ཀྱི་ཡོད་རེད། སྔོན་དུ་འབྱོར་ནའང་འདྲ། རྗེས་ལ་འབྱོར་ནའང་འདྲ། གང་ལྟར་བོད་པ་རེད། གཅིག་གྱུར་གྱི་བོད་པ་རེད་མ་གཏོགས་དེ་ལ་དབྱེ་བ་དང་སྔོན་རྗེས་གང་ཡང་ཡོད་མ་རེད། རྒྱ་གར་དུ་སླེབས་ཚར་བའི་རྗེས་སུ་བོད་གཞུང་གི་གཟིགས་རྟོག་འོག་ཁོང་ཚོ་འཚོ་དགོས་ཀྱི་ཡོད་རེད། ཆགས་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་རྒྱ་བལ་འབྲུག་སོགས་གང་སར་ཡོད་རེད་དེ། ཡིན་ནའང་མང་ཆེ་ཤོས་དེ་བཞུགས་སྒར་འདི་ལ་འཁོད་ནས་གནས་ཡོད་རེད། དེ་དག་ལ་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱི་ཡོད་རེད་ཅེ་ན། དང་པོ་སྡོད་ཁང་གི་དཀའ་ངལ་འཕྲད་ཀྱི་ཡོད་རེད། དྷརྨ་ཤཱ་ལར་ཁང་པ་ཐབས་ཆག་ཅིག་གླ་བ་ཡིན་ནའང་སྒོར་མོ་སྟོང་ཕྲག་གཅིག་གཉིས་ཙམ་ཞིག་མ་སྤྲད་ན་ཁང་པ་རག་གི་ཡོད་མ་རེད། དེའི་ཐོག་ལ་གཞུང་གིས་ཁོང་ཚོ་ལ་གཟིགས་རྟོག་ག་འདྲ་ཞིག་གནང་ཐུབ་ཀྱི་རེད། ཁོང་ཚོ་ལ་འཚོ་བའི་རྟེན་གཞི་གང་ཡང་ཡོད་མ་རེད། ཁ་ཤས་ཀྱིས་གློ་བ་དང༌། རྒྱུ་མ། གྲོད་པ་ཁ་ཚ་དེ་འདྲ་བཙོངས་ནས་འཚོ་བ་སྐྱེལ་བསྡད་ཀྱི་ཡོད་རེད། དེ་མིན་འཚོ་རྟེན་གྱི་དཀའ་ངལ་སེལ་བའི་ཆེད་དུ་གཞུང་གིས་ཐུགས་ཞིབ་གནང་ཡོད་དམ། དེ་ནས་ཁོང་ཚོའི་སྐྱབས་བཅོལ་ལག་འཁྱེར་དེ་ལ་ཧ་ཅང་གི་དཀའ་ངལ་འཕྲད་ཀྱི་ཡོད་རེད། ཁ་སང་གསུངས་སོང༌། བལ་ཡུལ་ནས་རྒྱ་གར་གཞུང་ཚབ་ཀྱི་ལག་འཁྱེར་ཐོབ་བསྡད་ཡོད་ན་དེ་དག་ལ་ལག་ཁྱེར་རག་པའི་ཐབས་ཤེས་གཏོང་གི་ཡིན་གསུངས་སོང༌། དེའི་སྔོན་དུ་སླེབས་པ་ཁ་ཤས་གཅིག་ལ་ལག་འཁྱེར་མ་རག་པ་གལ་སྲིད་དངུལ་འགྲོ་སོང་གིས་བཟོ་ནའང་སྒོར་མོ་སྟོང་ཕྲག་ལྔ་དྲུག་ཙམ་གྱིས་བཟོ་ཐུབ་ཀྱི་ཡོད་མ་རེད། དེ་འདྲའི་དཀའ་ངལ་འཕྲད་པ་དེའི་ཐོག་གཞུང་གིས་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་སོང༌། དེ་ཡག་པོ་རེད། དེ་ནས་ཕྲུ་གུ་སློབ་འཇུག་གི་དཀའ་ངལ་ཡོད་རེད། ཁ་ཅིག་གིས་དྲན་གྱི་ཡོད་ཀྱི་རེད། གསར་འབྱོར་དེ་ཚོ་མང་ཆེ་བ་ཞིག་བོད་ཁྱིམ་དང་མ་སུ་རི་དེ་དག་གསར་འབྱོར་ཕྲུ་གུ་རེད་བསམ་དྲན་གྱི་ཡོད་རེད། ཡིན་ནའང་གསར་འབྱོར་ཕྲུ་གུ་བོད་ནས་ཇི་ཙམ་ཞིག་འཁྲིད་རྒྱུ་ཡོད་ནའང་ཚང་མ་སློབ་འཇུག་བྱེད་ཀྱི་ཡོད་རེད། ཡིན་ནའང་དྷརྨ་ཤཱ་ལ་དང་གཞིས་ཆགས་ཁག་ནང་འབྱོར་རྗེས་སུ་ལོ་གཅིག་ཆགས་ཟིན་པ་ཡིན་ན་ཕྲུ་གུ་སྐྱེ་མཁན་དེ་ལ་འཇུག་གི་ཡོད་མ་རེད། ཁོ་ཚོའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་རེད། བྱས་ཙང་དེའི་ཐོག་ལ་གཞུང་གི་དཀའ་ངལ་སེལ་ཐབས་གཟིགས་རྟོག་གང་གནང་ཚུལ་ཡོད་དམ་ཞུ་རྒྱུ་གཅིག་ཡིན། མ་ཟད་གསར་འབྱོར་ནང་མི་ཚང་མ་ཧྲག་ཧྲག་ལས་ཀ་བྱེད་ཐུབ་མཁན་རྐྱང་རྐྱང་རེད། ལས་ཀ་ཡོད་མ་རེད། ལས་ཀ་བྱེད་རྒྱུ་རག་གི་ཡོད་མ་རེད། ཚོང་བརྒྱབ་དགོས་བསམ་ན་མ་རྩ་ཡོད་མ་རེད། དེ་འདྲ་ཡིན་པའི་རྒྱུ་མཚན་གྱི་ཆ་ནས་དེ་དག་གི་ཆེད་དུ་གཞུང་གི་ངོས་ནས་ཕྱི་རྒྱལ་ལ་གཞིས་ཆགས་དེ་འདྲ་གཏོང་རྒྱུའི་འཆར་གཞི་ཡོད་དམ་མེད།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱིས་དྲི་བ་གནང་བའི་ཚན་པ་དང་པོ། དྷ་སར་ཡོད་པའི་བོད་རིགས་ཚོ་ལ་སྡོད་ཁང་དཀའ་ངལ་ཡོད་སྟབས་དེ་སེལ་ཐབས་ཀྱི་ལས་གཞི་ཡོད་དམ་གསུངས་པ་དེ་ལ་ད་ལྟའི་གནས་སྐབས་ལས་གཞི་གང་ཡང་མེད་ཞུ་རྒྱུ་ཡིན། སྤྱིར་བཏང་བཙན་བྱོལ་གཞུང་གིས་བོད་ནས་གསར་དུ་ཕེབས་མཁན་ཚོའི་སྣེ་ལེན་ཞུ་སྟངས་ཀྱི་ཐོག་འདས་ལོ་ཉི་ཤུ་རྩ་གྲངས་ཀྱི་རིང་ལ་འགྱུར་བ་མེད་པར་འཛིན་པའི་སྲིད་བྱུས་ཤིག་ཡོད་རེད། ཇི་སྲིད་སྲིད་བྱུས་དེ་ལ་འགྱུར་བ་མ་ཕྱིན་གྱི་བར་དུ་བོད་ནས་གསར་ཕེབས་རྣམས་ལ་བཞུགས་ཡུལ་ལ་སོགས་པའི་སྐུ་ངལ་ཡོད་པ་རྣམས་སེལ་ཐབས་ཀྱི་མཐུན་འགྱུར་རྒྱ་ཆེ་བ་གང་ཡང་ཞུ་ཐུབ་ས་མ་རེད་ཞུ་རྒྱུ་ཡིན།
བོད་རྒྱ་འབྲེལ་མོལ་ཐོག་དྲི་བ་དྲིས་ལན།
སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ནས།
༄༅། །རྒྱ་གར་གསར་ཤོག་ཁག་ཅིག་ནང་ཉེ་བའི་ཆར་བཀའ་བློན་ཁྲི་པ་མཆོག་ནས། བོད་རྒྱ་ཞི་མོལ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་སྐོར་གསུང་བཤད་གནང་བའི་གནས་ཚུལ་མང་པོ་ཞིག་ཐོན་འདུག་ན། བཀའ་འདྲི་ཞུ་རྒྱུར།
༡ བཀའ་ཤག་གིས་བོད་རྒྱ་ཞི་མོལ་མགྱོགས་པོ་འགོ་འཛུགས་ཐུབ་པ་ཞིག་ལ་གཟིགས་ཀྱི་ཡོད་དམ། ཡོད་ན་ལྟ་གྲུབ་ཀྱི་འཁྲུལ་སྣང་མ་ཡིན་པར་དངོས་ཡོད་གནས་ཚུལ་གྱི་ལམ་ནས་གདེང་ཚོད་ལྡན་པའི་འཐད་ལྡན་རྒྱུ་མཚན་ག་རེ་ཡོད། མེད་ན་དེ་འདྲའི་གསུང་བཤད་གནང་བའི་དགོས་པ་རྒྱུ་མཚན་ག་རེ་ཡིན།

བཀའ་ལན།
བཀའ་ཁྲིས་རྒྱ་གར་གསར་ཤོག་ཁག་གང་གི་ནང་དུའང་བོད་རྒྱ་ཞི་མོལ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་སྐོར་བཤད་མེད། བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་བར་ཆད་མེད་པར་འགྲོ་བཞིན་པ་ཡིན་ཚུལ་བཤད་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་འགྲོ་བཞིན་པ་འདི་བོད་དོན་བདེན་མཐའ་གསལ་ཐབས་བཟང་ཤོས་དེ་ཡིན་པའི་ཡིད་ཆེས་དང༌། དེ་ཡང་ལྟ་གྲུབ་ཀྱི་འཁྲུལ་སྣང་མ་ཡིན་པར་དངོས་ཡོད་གནས་ཚུལ་གྱི་ཐོག་འབྲེལ་མོལ་ཐེངས་བཞི་བྱུང་ཟིན་པ་དང༌། དངོས་ཡོད་གནས་ཚུལ་གྱི་ཐད་འབྲེལ་བརྟན་པོ་ཆགས་ཡོད།

སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་ནས་འཕྲོས་དོན་དྲི་བར།
བཀའ་བློན་ཁྲི་པའི་བཀའ་ལན་དུ་དེ་འདྲ་གསུངས་མེད་ཅེས་གསུངས་འདུག དེ་ཡང་དུས་རྒྱུན་སྤྱི་འཐུས་རྒྱུན་ལས་ཀྱི་གསར་ཤོག་ཁག་ལེན་པའི་ནང་དུ་ཡོད་པ་དེ་མིག་བསྟན་རྒྱུ་ཡོད་རེད། དེའི་ནང་དུ་གང་དང་གང་གསལ་ཡོད་མེད་དེ་བོད་ཀྱི་དུས་བབ་ཀྱི་ནང་དུའང་བོད་སྐད་ཐོག་ཕབ་བསྒྱུར་ཐོག་ཐོན་ཡོད་རེད། གང་གསུངས་ཡོད་རེད་ཅེ་ན། ད་ལྟ་བོད་རྒྱའི་ཞི་མོལ་དེ་འབྲེལ་ལམ་མ་ཡིན་པར་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཐོག་ལ་གང་དགོས་མིན་ཐོག་ལ་གནང་གི་ཡོད། བོད་རྒྱ་ཞི་མོལ་དེ་གལ་རྩ་ཆེན་པོ་ཞིག་སླེབས་ཡོད་པའི་སྐོར་དེ་འདྲ་མང་པོ་ཞིག་བཀོད་གནང་ཡོད་རེད། ངས་བཀའ་བློན་ཁྲི་པས་དེ་འདྲ་རང་གསུངས་ཡོད་རེད་ཅེས་ཞུ་གི་མེད། ངས་གང་ཞུ་གི་ཡོད་ཅེ་ན། དེ་འདྲ་ཐོན་པའི་གནས་ཚུལ་དེ་ཚོ་བདེན་པ་ཡིན་ན། དངོས་གནས་བཀའ་བློན་ཁྲི་པས་གནང་ཡོད་ནའང་འདྲ། སུས་གནང་ཡང་དེ་འཁྲུལ་བ་ཞིག་རེད་འདུག ངའི་མཐོང་ཚུལ་ལ་ད་ལྟའི་ལས་རིམ་འགྲོ་བཞིན་པ་འདི་རྒྱ་མི་དང་ང་ཚོའི་བར་ཞི་མོལ་ཡོང་ཐུབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངའི་འཕྲོས་དོན་དྲི་བ་ཞུ་རྒྱུ་ལ་དོན་ཚན་བཞི་ཡོད། དང་པོ་བཀའ་ཤག་ནང་ནས་བཀའ་བློན་ཁྲི་པའི་གསུང་བཤད་གང་གནང་ཡོད་པ་དེ་ཏག་ཏག་རེད་འདུག་མི་འདུག གསུང་བཤད་གནང་བ་དེ་དང་གནས་ཚུལ་ཐོན་པ་དེ་གཉིས་གཅིག་པ་རེད་ཡོད་མེད་ཀྱི་ཉམས་ཞིབ་བྱེད་མཁན་ཡོད་དམ་མེད། གཉིས་པ་གསར་ཤོག་ཁག་ནང་གནས་ཚུལ་ཐོན་པ་དེ་དང་བཀའ་བློན་ཁྲི་པའི་གསུང་བཤད་དབར་ཁྱད་པར་ཆེན་པོ་ཞིག་འགྲོ་རྒྱུ་དེ་ང་ཚོའི་ལས་དོན་ལ་གནོད་ཡོང་གི་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་དམ་མེད། གསུམ་པ་དེ་འདྲའི་ཁྱད་པར་ཡོད་ན་དེ་གསལ་པོ་བཟོ་བའི་ཆེད་དུ་གསར་འགོད་ཁག་གི་རྩོམ་སྒྲིག་པ་ལ་ཡི་གེ་གཏོང་རྒྱུ་སོགས་ཀྱི་ཐོག་གཙང་མ་བཟོ་གི་ཡོད་དམ་མེད། བཞི་པ་བོད་རྒྱ་ཞི་མོལ་གྱི་ཐད་ནས་བཀའ་བློན་ཁྲི་པས་ངས་དེ་འདྲ་བཤད་མ་མྱོང་ཞེས་བྱུང་བ་དེ་ཐེངས་དང་པོ་མ་རེད། ཐེངས་འགའ་ཞིག་བྱུང་ཡོད་རེད། བཀའ་བློན་ཁྲི་པ་ཡིན་ནའང་འདྲ། བཀའ་བློན་གཞན་ཚོ་ཡིན་ནའང་འདྲ། བོད་རྒྱ་ཞི་མོལ་ཐད་དྭོགས་པ་སེལ་དགོས་པའི་རིགས་བརྒྱུད་ལམ་གཞན་བརྒྱུད་གནང་རྒྱུ་དང༌། གསར་འགྱུར་བརྒྱུད་ལམ་ཁག་བརྒྱུད་རྒྱུ་ཉུང་དུ་གཏོང་དགོས་པ་གལ་ཆེན་པོ་གཟིགས་ཡོད་དམ།

བཀའ་ལན།
བཀུར་འོས་སྤྱི་འཐུས་ཀྱི་དྲི་བ་དང་པོའི་ལན་དུ་བཀའ་ཤག་དང༌། ཕྱི་དྲིལ་ལས་ཁུངས། དིལླཱི་དོན་གཅོད་བཅས་པས་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ནོར་བ་དེ་འདྲ་ཐོན་གྱི་ཡོད་མེད་རྟོག་ཞིབ་མུ་མཐུད་ནས་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན། དྲི་བ་གཉིས་པ་གསར་ཤོག་ཚོའི་ཐོག་ལ་གནས་ཚུལ་ཚད་ལྡན་མ་ཡིན་པ་ཐོན་པ་དེས་བོད་རྒྱའི་འབྲེལ་ལམ་ལ་གནོད་ཀྱི་རེད་དམ་ཞེས་གསུངས་པའི་ཐད། གནོད་པ་ཡོང་སྲིད་ཀྱི་རེད། མི་གནོད་པའང་སྲིད་ཀྱི་རེད། བརྒྱུད་ལམ་གྱི་གལ་གནད་ཆེ་ཆུང་དང་བརྒྱུད་ལམ་ཇི་ཙམ་གྱི་ཚད་ལྡན་ཡིན་པར་རྩིས་མཐོང་ཡོད་མེད་ལ་རག་ལུས་པ་ཞིག་རེད། དྲི་བ་གསུམ་པ་དེ་འདྲའི་གནས་ཚུལ་ནོར་བ་ཐོན་པ་དེ་ཚོ་ལ་གསལ་པོ་བཟོ་ཆེད་རྩོམ་སྒྲིག་པར་ཡི་གེ་དང་ནོར་བཅོས་གསལ་བཤད་གཏོང་གི་ཡོད་དམ་ཞེས་གསུངས་པའི་ཐད། དགོས་ངེས་དེ་ཚོ་ལ་གསལ་བཤད་བྱེད་ཀྱི་ཡོད། ཡོངས་སུ་རྫོགས་པ་ལ་བྱེད་ཀྱི་མེད། དཔེར་ན་ད་ལྟ་བོད་ཀྱི་དུས་བབ་གསར་ཤོག་དང༌། དེའི་ནང་ལུང་དྲངས་པའི་རྒྱ་གར་གྱི་གསར་ཤོག་དེ་ཚོ་ས་གནས་ཀྱི་བརྒྱུད་ལམ་ཆུང་ཆུང་རིགས་རེད་མ་གཏོགས་རྒྱ་གར་རྒྱལ་ཡོངས་ལ་ཁྱབ་པའི་གསར་འགྱུར་དེ་འདྲ་མ་རེད། བརྒྱུད་ལམ་ཆུང་ཆུང་ནང་ཐོན་པ་དེ་ཚོ་ཚང་མ་ལ་གཅིག་ལ་གཅིག་ལན་དང་གཉིས་ལ་གཉིས་ལན་བྱེད་དགོས་པ་མཐོང་གི་མེད། དཔེར་ན་གསར་འགོད་ཚོགས་འདུ་ཞིག་གི་ནང་དུ་ཡོད་པའི་གསར་འགོད་པ་བརྒྱུད་ལམ་ཆེན་པོ་ལ་གནས་ཚུལ་གཏོང་མཁན་དེ་ཚོས་མ་ནོར་བར་བཀོད་ཡོད་ན་གསར་འགོད་པ་ཆུང་བ་དེ་འདྲས་ནོར་ཡོད་པ་ཡིན་ནའང་སྣང་མེད་ལ་བཞག་རྒྱུ་མ་གཏོགས་ངེས་པར་དུ་གསལ་བཤད་བྱེད་དགོས་པ་མཐོང་གི་མེད། ཡང་བརྒྱུད་ལམ་ཆེན་པོ་དེ་འདྲའི་ནང་དོན་གནད་ཐོག་ནོར་འཁྲུལ་ཆེན་པོ་ཡོད་པ་ཡིན་ན་དེ་ཚོ་ལ་ངེས་པར་དུ་ནོར་བཅོས་གསར་འགྱུར་ནང་བཏོན་པའམ་ཡང་ན་རྩོམ་སྒྲིག་པར་ཡི་གེ་གཏོང་བ་སོགས་བྱེད་ཀྱི་ཡོད། དྲི་བ་བཞི་པ། བོད་རྒྱ་ཞི་མོལ་གྱི་སྐོར་བཀའ་བློན་ཁྲི་པ་དང་བཀའ་བློན་སུ་ཡིན་ནའང་བརྒྱུད་ལམ་གྱི་ནང་དུ་ཐོན་རྒྱུ་ག་ཚོད་ཉུང་ཉུང་བྱེད་དགོས་རེད་གསུངས་པ་དེ་བདེན་པ་རེད། བོད་རྒྱ་ཞི་མོལ་གྱི་ལས་རིམ་སྐོར་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན། འབྲེལ་ཡོད་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཆུང་སོགས་སུ་ཡང་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་བ་བྱེད་ཀྱི་མེད། ཡིན་ནའང་གསར་འགོད་པ་ཚོས་སྐད་ཆ་དྲིས་པའི་སྐབས་ལན་འདེབས་འོས་པ་དེ་ཚོ་ལན་མ་བརྒྱབ་ཐབས་མེད་རེད། ད་ལྟའི་བཀའ་ཤག་གིས་བརྒྱུད་ལམ་ཁག་ལས་དོན་གང་ལའང་ཕན་ཐོགས་ཡོད་པ་ཞིག་མཐོང་གི་ཡོད་མ་རེད། ཡིན་ནའང་བརྒྱུད་ལམ་དེ་སྤྱི་ཚོགས་ཀྱི་སྨྲ་བརྗོད་རང་དབང་གི་ཡན་ལག་ཅིག་ཡིན་སྟབས་གལ་ཆེན་པོ་རེད། སྐད་ཆ་འདྲི་ཁ་ཡོང་དུས་བཤད་དགོས་པ་ཆགས་ཀྱི་འདུག

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས།
ད་ལྟ་དྲི་བ་བཅུ་པ་འདི་དང་དེའི་བཀའ་ལན་ནས་འཕྲོས་པའི་འཕྲོས་དོན་དྲི་བ་ཁ་ཤས་ཤིག་བཀའ་བློན་ཁྲི་པ་མཆོག་ལ་ཞུ་གི་ཡིན། བཀའ་ལན་གྱི་ནང་དུ་དྲི་བའི་ནང་དུ་ཞུས་པའི་བོད་རྒྱ་ཞི་མོལ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་རེད་ཅེས་ཐོན་བསྡད་པ་དེ་བཀའ་ཁྲི་རིན་པོ་ཆེ་མཆོག་ནས་རྒྱ་གར་གསར་ཤོག་ཁག་གང་གི་ནང་དུའང་དེའི་སྐོར་གསུངས་མེད་ཅེས་བཀའ་ལན་ནང་གསལ་འདུག བདུན་ཕྲག་སྔོན་མའི་ཟླ་བ་འདིའི་ཚེས་བཅུའི་ཉིན་མོ་ལ་ད་ལྟ་རྒྱ་གར་རྒྱལ་ཡོངས་ཀྱི་ཚགས་པར་ Tribune ཞེས་པ་དེའི་ནང་དུ་འགོ་བརྗོད་ཆེན་པོའི་ཐོག་ལ་གནས་ཚུལ་ཞིག་ཐོན་ཡོད་རེད། དེ་ཡང་བཀའ་བློན་ཁྲི་པ་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པའི་ཐོག་ལ་བཀའ་ལན་གང་གསུངས་པ་དེ་འགོ་བརྗོད་དེའི་ནང་ལ་ Tibetans Reconciled to Chinese Sovereignty -Rinpoche ཞེས་དེའི་སྐུ་དཔར་དང་བཅས་ཉེ་ཆར་ལུ་རྡི་ཨ་ནར་ཕེབས་པའི་སྐབས་ལ་གསུངས་པ་ཞིག་ཡིན་པ་དེ་འདྲ་ཐོན་འདུག Tribune དེ་གོང་དུ་ཞུས་པ་བཞིན་རྒྱ་གར་གྱི་ཚགས་པར་ཞིག་རེད་ལ། ཚགས་པར་གྲགས་ཅན་ཞིག་རེད། དེའི་ནང་ལ་ In an exclusive interview with the Tribune here today, Prof. Samdhong Rinpoche Prime Prime Minister, Central Tibetan Administration, also called as the Tibetan Govt.-in-exile ཞེས་ཁོ་རང་ Exclusive Interview ཟུར་དུ་སྐུ་རྐྱང་ལ་སྐུ་བཅར་ཞུས་ནས་དྲི་བ་ཞུས་པའི་བཀའ་ལན་གྱི་ནང་དུ་དེ་འདྲ་ཞིག་གནང་འདུག ད་དུང་དྲི་བའི་ནང་དུ་ཡོད་པ་བཞིན་བཀའ་བློན་ཁྲི་པ་རིན་པོ་ཆེས་གསུངས་པ་རེད་ཅེས་གསུངས་ཡོད་མེད་ད་ལྟ་བཀའ་ལན་ནང་ཕེབས་ཡོང་གི་རེད། གསུངས་པ་རེད་ཟེར་རྒྱུ་དེའི་ནང་གང་གསུངས་ཡོད་ཅེ་ན། The negotiations between the Chinese authority and Tibetan leaders have already reached a crucial and decisive stage རྒྱ་ནག་གི་དབང་ལྡན་འགན་འཛིན་པ་ཚོ་དང་བོད་ཀྱི་དབུ་ཁྲིད་ཚོའི་དབར་གྱི་ཞི་མོལ་དངོས་གཞི་དེ་ད་ལྟའི་ཆར་གནད་འགག་ཆེ་བ་དང་ཐག་ཆོད་ལ་ཉེ་བའི་དུས་མཚམས་ཤིག་ལ་སླེབས་ཡོད་ཅེས་གསུངས་སོང་ཞེས་འཁོད་འདུག དེ་ཡིན་དུས་ཡང་བསྐྱར་བཀའ་འདྲི་ཞུ་རྒྱུ་ལ་ Tribune ནང་དུ་ཡོངས་ཁྱབ་ཀྱི་གསལ་བསྒྲགས་དེ་འདྲ་ཐོན་བསྡད་པ་དེ་བཀའ་བློན་ཁྲི་པ་རིན་པོ་ཆེས་གསུངས་ཡོད་དམ་མེད། གལ་སྲིད་གསུངས་ཡོད་ན་ Negotiation ཟེར་བའི་ཚིག་དེ་བེད་སྤྱོད་བཏང་གནང་ཡོད་དམ་མེད། ཉེ་བའི་ལོ་རྒྱུས་ཀྱི་ནང་དུ་ད་བར་སྐུ་ཚབ་ཐེངས་བཞི་ཕེབས་པ་རྣམས་ཚུར་ཕེབས་ནས་ཡོངས་ཁྱབ་ཀྱི་མང་ཚོགས་ལ་གསལ་བསྒྲགས་དང༌། ལྷག་པར་དུ་ཁ་སང་སུད་སི་ལ་ཐེངས་བཞི་པ་ཕེབས་ནས་སྐུ་ཚབ་གཙོ་བོ་རྣམ་པ་གཉིས་ཚོགས་གཙོ་སྦྲེལ་པོ་ལ་ཆེད་བཅར་ཞུས་ནས་བཀའ་མོལ་གང་བྱུང་བའི་དོན་དག་གལ་ཆེ་བ་དེ་དག་སྙན་གསན་ཞུས་པའི་གྲུབ་དོན་ཆ་ཚང་དེ་རྒྱུན་ལས་ཐོག་ལ་གསལ་བཤད་བྱུང་སོང༌། དེ་ཚོའི་ནང་ལ་གལ་ཆེ་ཤོས་གཅིག་གང་གསུངས་ཀྱི་འདུག་ཅེ་ན། ང་ཚོ་འགྲོ་བ་དེ་ད་ལྟ་འབྲེལ་བ་མཐུད་དུ་འགྲོ་གི་ཡོད། ང་ཚོ་འབྲེལ་མཐུད་པ་ཡིན་མ་གཏོགས་ང་ཚོ་ཞི་མོལ་དངོས་སུ་བྱེད་མཁན་དེ་མིན། ང་ཚོ་འབྲེལ་བ་མཐུད་པའི་ཐབས་ཤེས་བྱེད་ནས་ཞི་མོལ་དངོས་སུ་བབས་པའི་ཉིན་མོ་ལ་ཞི་མོལ་བྱེད་མཁན་གྱི་མི་གཞན་དག་འགྲོ་གི་རེད་མ་གཏོགས། ང་ཚོ་ཞི་མོལ་བྱེད་མཁན་མ་རེད་ཅེས་གསུངས་ཀྱི་འདུག གལ་སྲིད་འདི་བཀའ་བློན་ཁྲི་པ་རིན་པོ་ཆེས་གསུངས་པ་ཡིན་ན། Negotiation ཟེར་དུས་ཞི་མོལ་དང་གྲོས་མོལ་དངོས་གཞི་དེ་ལ་ Negotiation ཟེར་གྱི་ཡོད་རེད། ད་ལྟ་ང་ཚོའི་ཡོངས་ཁྱབ་ཀྱི་ནང་གང་ཟེར་གྱི་ཡོད་རེད་ཅེ་ན། ད་ལྟ་ཞི་མོལ་དངོས་གཞི་ཚུགས་ཡོད་མ་རེད། ཞི་མོལ་དངོས་གཞི་ཚུགས་པའི་གཞི་རྟེན་འདྲ་པོ་བཟོ་རྒྱུའི་དོན་དུ་རྒྱ་ནག་གཞུང་དང་འབྲེལ་མཐུད་བྱེད་ཀྱི་ཡོད་རེད་ཅེས་བཤད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་དེའི་སྐོར་དེ་གསུངས་ཡོད་དམ་མེད་ཅེས་ཞུ་རྒྱུ་གཅིག་ཡིན། དེ་ནས་འགོ་བརྗོད་ལ་ “Tibetan Reconciled to Chinese Sovereignty” གལ་སྲིད་གསུངས་ཡོད་ན་དེ་གནད་འགག་ཆེན་པོ་ཞེ་དྲགས་རེད། གང་ཟེར་གྱི་ཡོད་རེད་ཅེ་ན། བོད་མི་ཚོས་རྒྱ་མིའི་མངའ་དབང་ལ་སེམས་ཁུག་བསྡད་ཡོད་རེད་ཅེས་པ་དེ་རེད། དེ་འདྲ་ཞིག་ཆགས་ཀྱི་འདུག་པས་སེམས་ཁུག་བསྡད་ཡོད་པའམ་ཁས་ལེན་པ་དེ་ཡིན་ན་བོད་མི་ཚང་མ་རྒྱ་མིའི་མངའ་དབང་ལ་སེམས་ཁུག་བསྡད་ཡོད་པ་དེ་འོས་ཤོག་བསྡུས་གནང་ཡོད་རེད། ཡང་ན་བསམ་ཚུལ་གྱི་འོས་ཤོག་ Opinion Poll དེ་འདྲ་བསྡུས་གནང་ཡོད་རེད། གལ་ཏེ་གསུངས་ཡོད་ན་ཐག་ཆོད་པོའི་ངང་ནས་གཞི་ག་འདྲ་ཞིག་དང་རྒྱུ་མཚན་ཅི་འདྲ་ཞིག་གི་ཐོག་ནས་གསུངས་ཡོད་དམ་ཞུ་རྒྱུ་ཡིན། དེ་མཉམ་དུ་ཆ་རྐྱེན་སྦྱར་གནང་འདུག སེམས་ཁུག་རྒྱུ་དེ་ག་འདྲའི་ཐོག་ཁུག་གི་རེད་ཅེ་ན། དེ་ལ་ཚིག་མི་འདྲ་བ་གསུམ་བེད་སྤྱོད་བཏང་གནང་འདུག བོད་པ་ཚོ་ལ་ Pure Tibetan National Identity བྱུང་བ་ཡིན་ན། Nobody would mind དེ་ཡང་བོད་མིའི་རྒྱལ་ཁབ་ཀྱི་ངོ་བོ་བཙོ་མ་ཞིག་བྱུང་བ་ཡིན་ན་བོད་མི་ཚོར་བསམ་ཚུལ་གང་ཡང་མེད་པར་རྒྱ་མིའི་མངའ་དབང་ལ་སེམས་ཁུག་གི་རེད་ཅེས་དང༌། National Territorial Autonomy along with Democratic Rights རྒྱལ་ཁབ་ཀྱི་ས་ཁྱོན་ལ་རང་སྐྱོང་དང་དེ་མཉམ་དུ་མང་གཙོའི་ཐོབ་ཐང་བྱུང་ན་བོད་མི་ཚོ་རྒྱ་མིའི་མངའ་དབང་ལ་སེམས་ཁུག་གི་རེད། National Autonomy with National Identity རྒྱལ་ཁབ་ཀྱི་རང་སྐྱོང་གི་མཉམ་དུ་རྒྱལ་ཁབ་ཀྱི་ངོ་བོ་དེ་བྱུང་བ་ཡིན་ན་རྒྱ་མིའི་མངའ་དབང་ལ་ཁས་ལེན་བྱེད་ཀྱི་རེད། སེམས་ཁུག་གི་རེད་ཅེས་ཆ་རྐྱེན་དེ་འདྲ་ཞིག་སྦྱར་འདུག ཆ་རྐྱེན་གསུམ་གྱི་ནང་དུ་ National ཟེར་བ་དེ་འདུག རྒྱལ་ཁབ་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་རེད། དེ་དག་གསུངས་ཡོད་དམ་མེད། འདི་གནད་འགག་ཆེན་པོ་ཞིག་ཡིན་སྟབས་གལ་སྲིད་གསུངས་མེད་ན་ཡོངས་ཁྱབ་ཀྱི་གསར་འགོད་གསལ་བསྒྲགས་ནང་ལ་བཅར་འདྲི་ཞུས་ནས་ལན་དེ་འདྲ་ཞིག་གནང་བ་དངོས་འབྲེལ་ Tribune ནང་ཐོན་འདུག དེ་ཐོག་ལ་ག་འདྲ་ཡིན་མིན་གྱི་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།

བཀའ་ལན།
Tribune གྱི་གསར་ཤོག་ནང་ཐོན་པའི་འགོ་བརྗོད་དེ་རྩོམ་སྒྲིག་པས་བཟོས་པ་ཞིག་རེད་མ་གཏོགས། བཀའ་བློན་ཁྲི་པའི་གཏམ་བཤད་ཀྱི་ཆ་ཤས་མ་རེད། གསར་འགྱུར་འགོ་བརྗོད་ཁག་ཀློག་པ་པོའི་དོ་སྣང་བསླངས་ཐུབ་པ་དང༌། འདྲོགས་འགོ་ལངས་པོ་བཟོ་རྒྱུ་དེ་གསར་འགོད་པ་ཚོས་ཆེད་སྦྱོང་བྱེད་རྒྱུའི་སྒྱུ་རྩལ་ཞིག་རེད། Tribune ནང་ཐོན་པ་དེ་ད་ལྟ་བཀུར་འོས་སྤྱི་འཐུས་ཀྱིས་ལྗགས་ཀློག་གནང་བའི་སྐབས་མ་གཏོགས་ངས་ཀློག་རྒྱུ་མ་བྱུང༌། དེའི་ནང་འཁོད་པའི་གནས་ཚུལ་དེ་ཚོ་གསར་འགོད་པས་གསར་ཤོག་ཐོག་ཏུ་གང་བྲིས་ཐུབ་པ་དང༌། ཁོ་རང་ཚོས་ཚིག་སྦྱོར་གང་བཟོས་ཐུབ་པ་ཞིག་མ་གཏོགས་གཏམ་བཤད་བྱེད་མཁན་གྱི་སྐད་ཆ་ཇི་མ་ཇི་བཞིན་འཁོད་ཐུབ་རྒྱུ་ཁག་པོ་རེད། ད་ལྟ་ལྗགས་ཀློག་གནང་བའི་གསར་འགྱུར་དེ་ལ་བསྡོམས་བརྒྱབས་ནས་ཞུས་པ་ཡིན་ན། མང་ཆེ་བ་བཀའ་བློན་ཁྲི་པས་ལབ་ཡོད་རེད་བསམ་གྱི་འདུག དེ་ཚོ་སྐད་ཆ་གསར་པ་གང་ཡང་མ་རེད། ཕྱི་ལོ་ ༡༩༧༩ ནས་ད་བར་དུ་བཙན་བྱོལ་གཞུང་གིས་འཛིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་སི་ཀྲ་ས་སྦག་གི་གསུང་བཤད་ཀྱི་སྙིང་དོན་དེ་རང་རེད། བོད་རིགས་ཡོངས་རྫོགས་ལ་མི་རིགས་ས་གནས་རང་སྐྱོང་གི་རང་སྲིད་རང་སྐྱོང་གི་གནས་བབ་ཆ་ཚང་བ་མང་གཙོའི་ལམ་སྲོལ་དང་བཅས་པ་ཞིག་ཐོབ་པ་ཡིན་ན་བོད་མིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་དབང་དེ་ཁས་ལེན་བྱེད་ཀྱི་ཡིན་ཞེས་པ་དེ་གསར་བཟོ་ཞིག་མ་ཡིན་པར་རྒྱུན་ལྡན་བེད་སྤྱོད་བྱེད་རྒྱུའི་ཚིག་ཅིག་རེད། དེ་ངས་ངེས་པར་དུ་ལབ་ཡོད་རྒྱུ་རེད། གནས་ཚུལ་དེ་རིགས་གསར་འགོད་པ་ལ་བཤད་པ་ཙམ་མ་ཡིན་པར་བཀའ་ཤག་གིས་གསུམ་བཅུའི་དུས་དྲན་དང་མང་གཙོའི་དུས་ཆེན་གྱི་གཏམ་བཤད་རིམ་པའི་ནང་གསལ་ཡོད།
མི་རིགས་National ཟེར་བའི་ཚིག་དེ་རྒྱ་མིས་ཀྱང་བེད་སྤྱོད་གཏོང་གི་ཡོད་རེད། ང་ཚོས་ཀྱང་བེད་སྤྱོད་གཏོང་གི་ཡོད་རེད། ང་ཚོས་རྒྱུན་དུ་བོད་མི་རིགས་ཞེས་པའི་ཚིག་དེ་ Nation ལ་བསྒྱུར་བ་མ་གཏོགས་ Ethnic ལ་བསྒྱུར་གྱི་མེད། གྲོས་མཐུན་དོན་ཚན་ ༡༧ དང་རྒྱ་མིའི་རྩ་ཁྲིམས་ནང་དུའང་མི་རིགས་ National ཞེས་པའི་ཚིག་དེ་བེད་སྤྱོད་བྱས་ཡོད་རེད། མི་རིགས་ས་གནས་རང་སྐྱོང་ལ་ངས་རྒྱུན་དུ་ National Regional Autonomy ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། Territorial ཞེས་པ་དེའང་གསར་འགོད་པས་བཟོས་པ་མ་གཏོགས་ངས་ལབ་པའི་ཚིག་མ་རེད། བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་མང་གཙོའི་ལམ་སྲོལ་དང་ལྡན་པ་ཞིག་བྱུང་བ་ཡིན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་མ་ཕྱིན་པར་མཉམ་མཐུན་དུ་སྡོད་ཀྱི་ཡིན་ཞེས་ཐག་ཆོད་པོ་དང་སྤོབས་པ་ཆེན་པོས་ལབ་ཡོད། དེ་འདྲ་སོང་ཙང་གསར་འགྱུར་ནང་འཁོད་པ་དེ་ཚོ་ཚང་མ་ནོར་འཁྲུལ་རེད་ཅེས་ཞུ་རྒྱུ་མེད།

ཚོགས་གཙོ་རྒྱ་རི་སྒྲོལ་མ་མཆོག་ནས།
བཀའ་ཁྲི་རིན་པོ་ཆེ། འདིའི་ནང་གི་ Negotiation ཟེར་རྒྱུ་དེ་དང་ Crucial ཟེར་བའི་ཚིག་དེ་ལ་གསལ་བཤད་ཅིག་གནང་རོགས་གནང༌།

བཀའ་ལན།
དྲན་གསོ་གནང་བ་ཐུགས་རྗེ་ཆེ། གལ་གནད་ཆེ་བའི་དྲི་བ་དེ་ལ་ངས་ལན་ཞུ་རྒྱུ་ལུས་འདུག ངས་གསར་འགོད་པར་སྐད་ཆ་བཤད་སྐབས་ Negotiation ཞེས་པའི་ཚིག་དེ་ནམ་ཡང་བེད་སྤྱོད་བྱས་མེད། ང་ཚོས་རྒྱུན་དུ་ Dialogue ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་གསར་འགོད་པས་ཚིག་དེ་གཉིས་ཀྱི་བར་དབྱེ་བ་ཕྱེ་ཐུབ་ཀྱི་ཡོད་མ་རེད། Dialogue ལ་བོད་སྐད་དུ་དམིགས་བསལ་གཏན་འཁེལ་བའི་ཚིག་མི་འདུག་ཀྱང༌། ད་ལྟའི་བཀའ་ཤག་གི་ཡིག་ཆ་ཁག་གི་ནང་འབྲེལ་མོལ་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད། ད་ཕན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་འབྲེལ་བ་གང་བྱུང་བ་དེ་ཚོ་འབྲེལ་མོལ་ Dialogue རེད་མ་གཏོགས་ཞི་མོལ་ Negotiation མ་རེད། ཞི་མོལ་ད་ལྟ་འགོ་བཙུག་རྒྱུ་རེད། Negotiation ལ་བོད་སྐད་དུ་ཞི་མོལ་དང༌། ཡང་ན་གྲོས་མོལ་ཞེས་པའི་ཚིག་དེ་བེད་སྤྱོད་བྱེད་ཀྱི་ཡོད་རེད། ཚིག་དེ་གཉིས་ཀྱི་དབྱེ་བ་ང་ཚོས་རྒྱུན་དུ་གལ་ཆེན་པོ་བྱས་ནས་ཕྱེ་ནའང་གསར་འགོད་པས་ངོས་འཛིན་གསལ་པོ་བྱེད་ཐུབ་ཀྱི་ཡོད་མ་རེད།
ང་ཚོས་འབྲེལ་མོལ་དེ་གལ་གནད་ཆེ་བའི་མཚམས་Crucial ལ་སླེབས་ཡོད་ཅེས་ངས་ལབ་ཡོད་ཀྱི་རེད། རྒྱུན་རིང་འབྲེལ་མོལ་བྱས་པའི་མཇུག་འབྲས་ཞི་མོལ་ལ་སླེབས་ཐུབ་པ་ཞིག་དགོས་ཀྱི་ཡོད་པ་རེད། འབྲེལ་མོལ་ཐེངས་བཞི་བྱུང་བ་དེས་ད་ཆ་ཞི་མོལ་འགོ་འཛུགས་ཐུབ་ཀྱི་ཡོད་དང་མེད་ཐག་ཆོད་རྒྱུའི་མཚམས་ཤིག་ལ་སླེབས་དགོས་པ་ཡིན་ཙང་ད་ལྟའི་གནས་སྐབས་འདི་གལ་འགངས་ཆེན་པོ་ Crucialཆགས་ཡོད། ལས་རིམ་འདི་ཆུད་ཟོས་ཕྱིན་པ་ཡིན་ན་ཕྱིན་ཆོག་ཆོག་དང་གྲུབ་འབྲས་ཐོན་པ་ཡིན་ན་ཐོན་ལ་ཉེ་བའི་སྐབས་ཤིག་ལ་སླེབས་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་རེད། Negotiation ཞེས་པའི་ཚིག་དེ་ངས་ལབ་མེད་ཅེས་བསྐྱར་ལྡབ་བྱས་ཏེ་ཞུ་རྒྱུ་ཡིན།
གྲོས་ཚོགས་ཚོགས་དུས་བཅུ་པ། ༢༠༠༥།༩།༡༤ ནས་ ༢༠༠༥།༩།༢༣