གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་དང་པོར་ གནང་བའི་གསུང་བཤད།
ཁྱེད་ཚོ་ས་གནས་འདྲ་མིན་མང་པོ་དང༌། ཁ་ཤས་ཐག་རིང་པོ་ནས་ཕེབས་མཁན་འདུག ཐོག་མར་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ཚང་མར་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། དེ་རིང་ཟབ་སྦྱོང་འདི་ལོ་གསར་ཚར་ལ་མ་ཚར་ཞིག་ཏུ་འཁེལ་ཡང༌། གལ་ཆེ་དོན་ཆེ་བརྩིས་ཏེ་ཕེབས་པ་ཧ་ཅང་ཡག་པོ་རེད། ཁྱེད་ཚོ་མང་ཆེ་བ་ཕྱག་ལས་གནང་ནས་ལོ་ལྔ་དྲུག་བདུན་བརྒྱད་ཕྱིན་པ་ཤ་སྟག་རེད་འདུག ཁ་ཤས་ལོ་ཉི་ཤུ་བརྒལ་བའང་འདུག དགུང་ལོའི་ཆ་ནས་དགུང་ལོ་གཞོན་པ་མང་བ་འདུག གང་ལྟར་ཤེས་ཡོན་གནས་ཚད་མི་གཅིག་པ་སྣ་ཚོགས་ཤིག་ཡོད་རེད། ཁ་ཤས་དགེ་རྒན་འོས་སྦྱོང་ཡོད་པ་དང༌། ཁ་ཤས་མེད་པ། དགེ་རྒན་འོས་སྦྱོང་ཡོད་པའི་ནང་དུའང་ལོ་གཅིག་དང་ལོ་གཉིས་བཅས་སྣ་ཚོགས་ཡིན་སྟབས། འདིར་གནས་ཚད་གཅིག་པའི་ཐོག་ནས་བཤད་དཀའ་བ་ཞིག་འདུག
དེ་རིང་ཁྱེད་ཚོ་ཐག་རིང་པོ་ནས་འདིར་བསྐོངས་ཏེ་ཉིན་བཅུའི་ཟབ་སྦྱོང་བྱེད་དགོས་པ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་ཡོན་སྲིད་བྱུས་གསར་པ་གཏན་ལ་ཕབ་པ་དེ་ལག་ལེན་བསྟར་ཆེད་བསྐྱར་སྦྱོང་གི་ལས་གཞི་འདི་བསྒྲིགས་པ་རེད། ཁྱེད་ཚོ་འདིར་མ་ཕེབས་གོང་ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་བ་ཚང་མར་ཤེས་ཡོན་སྲིད་བྱུས་ཀྱི་དེབ་བཏང་ནས་དེ་ཡག་པོ་ཀློག་ནས་ཡོང་དགོས་ཞེས་བརྗོད་དགོས་ཀྱང་དེ་བྱུང་མེད་ཚོད་འདུག ངས་ཚོགས་ཐེངས་གཉིས་ནང་ཤེས་ཡོན་སྲིད་བྱུས་ཡོངས་རྫོགས་ངོ་སྤྲོད་ཐུབ་ཐབས་མེད་སྟབས། ཁྱེད་ཚོ་འདིར་ཉིན་བཅུ་བཞུགས་རིང་སྔ་དགོང་ཀློག་དགོས། འཛིན་གྲྭའི་ནང་དུའང་ངོ་སྤྲོད་གནང་གི་རེད། མགོ་ནས་མཇུག་བར་ཆ་ཚང་ཞིག་ཀློག་ཐུབ་ན་ཚོད་ཅིག་ཐིག་གི་རེད། དོགས་པ་དང་དྲི་བ་མང་པོ་ཞིག་ཀྱང་སླེབས་ཀྱི་རེད། དེ་འདྲ་བྱུང་ན་ཟབ་སྦྱོང་དེ་ཕན་ཐོགས་ཆེ་བ་ཡོང་རྒྱུ་རེད།
ཤེས་ཡོན་སྲིད་བྱུས་ནང་ནས་གལ་གནད་ཆེ་བའི་དོན་དག་གཉིས་ངོ་སྤྲོད་ཞུ་རྒྱུ་ཡིན། དང་པོ་ནི་ཤེས་ཡོན་སྲིད་བྱུས་དེ་ཕྱོགས་ཡོངས་ནས་དགེ་རྒན་དབུས་སུ་བཞག་པ་ཞིག་རེད། དགེ་རྒན་དབུས་སུ་བཞག་པ་དང༌། དགེ་ཕྲུག་དབུས་སུ་བཞག་པ་ཞེས་པ་བོད་པའི་གནའ་སྔ་མོའི་སྐད་ཆ་ཞིག་མིན་ཞིང༌། དེ་ནི་ Teacher centered དང་ Student centered ཞེས་ནུབ་ཕྱོགས་པའི་ལབ་སྟངས་གསར་པ་དེ་ནས་ཚུར་འཁྱེར་ཡོང་བ་ཞིག་རེད།ཡིན་ནའང་དོན་དེ་ལོ་ཉིས་སྟོང་ལྔ་བརྒྱ་དྲུག་བརྒྱའི་སྔོན་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ནས་ནང་པའི་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་ནང་ཡོད་པ་ཞིག་རེད། ལྟ་གྲུབ་དང་ལག་ལེན་གང་གི་ཐོག་ནས་དགེ་ཕྲུག་དབུས་སུ་བཞག་པའི་ཐབས་ལམ་ཞིག་མིན་པར། དགེ་རྒན་དབུས་སུ་བཞག་པའི་ཐབས་ལམ་ཞིག་འཛིན་པ་ཡིན། དེ་ལ་དགེ་རྒན་ཚད་ལྡན་མ་བཟོས་པར་དགེ་རྒན་དབུས་སུ་ཡོང་ཐབས་མེད། ཤེས་ཡོན་སློབ་སྟོན་གྱི་རིམ་པ་ཇི་འདྲ་ཞིག་ལག་ལེན་བསྟར་ནའང་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་དང་པོ་དགེ་རྒན་ཚད་ལྡན་བཟོ་རྒྱུ་དེ་རེད། དགེ་རྒན་ཚད་ལྡན་ཞིག་མེད་ན་ཤེས་ཡོན་སློབ་སྦྱོང་གི་ལམ་སྲོལ་འགོ་ཚུགས་ཐབས་མེད། དེར་བརྟེན་དགེ་རྒན་དབུས་སུ་བཞག་པ་ཡིན་ཞེས་པའི་སྙིང་དོན་དེ་རེད། འོན་ཀྱང་འཛིན་གྲྭའི་ནང་སློབ་ཁྲིད་སྐབས་དགེ་ཕྲུག་དབུས་སུ་བཞག་པའི་སློབ་སྟངས་དེ་བསླབ་དགོས་ཞེས་འཁོད་ཡོད་པར་བརྟེན། ཁྱེད་ཚོས་ཞིབ་ཚགས་མ་བལྟས་ན། སྤྱིར་དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་ཡིན་ཞེས་བརྗོད་ཀྱང༌། སློབ་སྟོན་སྐབས་དགེ་ཕྲུག་དབུས་སུ་བཞག་པ་དགོས་ཞེས་བརྗོད་པ་དེ་གང་འདྲ་ཡིན་ནམ་སྙམ་སྲིད། དེས་ན་ཚིག་གཉིས་པོའི་གོ་བརྡ་ཡག་པོ་འཕྲོད་དགོས་རྒྱུ་དེ་དགེ་རྒན་ལ་མེད་དུ་མི་རུང་བ་རེད། གང་ལྟར་འཛིན་གྲྭའི་ནང་དགེ་རྒན་གྱིས་ག་ཚོད་ཤེས་པ་ཆ་ཚང་བསླབ་རྒྱུའི་སྐད་ཆ་མིན་ཞིང༌། དགེ་ཕྲུག་གི་བསམ་བློའི་གནས་ཚད་དང་མཚུངས་པར་བསླབ་རྒྱུ་ཡིན་སྟབས་འཛིན་གྲྭའི་ནང་སློབ་སྟོན་སྐབས་དགེ་ཕྲུག་དབུས་སུ་བཞག་ནས་བསླབ་དགོས་ཞེས་པ་དེ་རེད། སྤྱིར་བཏང་ཤེས་ཡོན་སྲིད་བྱུས་དེ་དགེ་རྒན་དབུས་སུ་བཞག་པ་ཡིན་སྟབས། དགེ་ཕྲུག་གང་ཡང་མི་ཤེས་པ་ཚོ་ལ་དགེ་རྒན་ཡང་འཕྲལ་སེལ་ཙམ་དང༌། དགེ་ཕྲུག་གང་འཚམས་ཤེས་ཡོན་གནས་ཚད་མཐོ་བ་ལ་དགེ་རྒན་ཡང་གནས་ཚད་མཐོ་བ་དགོས་པའི་བསམ་ཚུལ་མིན་ཞིང༌། སྔོན་འགྲོའི་འཛིན་གྲྭ་སློབ་མཁན་ནས་བཟུང་དགེ་རྒན་དེ་གནས་ཚད་ཆ་ཚང་ཡོད་པ་ཞིག་དགོས་པ་མ་གཏོགས། ད་ལྟ་སྔོན་འགྲོའི་འཛིན་གྲྭ་ཡིན་པར་བརྟེན། དགེ་རྒན་ཤེས་ཚད་དམའ་པོས་འགྲིགས་པ་དང༌། མ་འོངས་པར་མཐོ་རུ་འགྲོ་དུས་དགེ་རྒན་གྱི་གནས་ཚད་མཐོ་རུ་བཏང་ན་འགྲིགས་བསམ་པའི་ལྟ་གྲུབ་དེ་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་མེད་པ་དེ་མཁྱེན་དགོས། ངས་དོན་དག་གཉིས་ངོ་སྤྲོད་ཞུ་རྒྱུ་ཡིན་ཞེས་པའི་དོན་དག་དང་པོ་ནི་དགེ་རྒན་དབུས་སུ་བཞག་པའི་ལྟ་གྲུབ་དེ་རེད།
དོན་དག་གཉིས་པ་ནི་སྔོན་འགྲོའི་དགེ་རྒན་སྐབས་ནས་ཉེ་བའི་རབ་འབྱམས་པ་ཐོན་པ་ཞིག་དགོས་ཤིང༌། ག་དུས་ལག་ལེན་བསྟར་ཐུབ་མིན་མི་ཤེས་ཀྱང༌། ལྟ་གྲུབ་ཀྱི་ཆ་ནས་ཤེས་ཡོན་སྲིད་བྱུས་གསར་པའི་ནང་སྔོན་འགྲོའི་དགེ་རྒན་རྣམས་སྦི་ཨེ་B.A.དང་ཨེམ་ཨེ་ M.A.ཐོན་པ་མ་ཟད། དགེ་རྒན་འོས་སྦྱོང་འཐོན་དགོས་ཞེས་བཤད་ཡོད། གང་ལྟར་ཤེས་ཡོན་གྱི་ཆ་ནས་སྔོན་འགྲོའི་དགེ་རྒན་རྣམས་ཤེས་ཡོན་གྱི་གནས་ཚད་མཐོ་ཤོས་དགོས་པ་དང༌། ཕོགས་ཐོབ་ཀྱང་འཛིན་གྲྭ་མཐོ་ཤོས་སློབ་མཁན་ཚོ་དང་གཅིག་པ་སྤྲོད་དགོས། དེ་ནས་དགེ་རྒན་གྱིས་འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ལ་སློབ་ཁྲིད་བྱེད་དུས་འཛིན་གྲྭ་དེ་དང་དེའི་སློབ་ཚན་བསླབ་ཐུབ་པ་དང༌། དེ་བཞིན་མཐོ་སློབ་ནང་སློབ་སྟོན་བྱེད་སྐབས་བསླབ་རྒྱུའི་སློབ་ཚན་ཆ་ཚང་ཞིག་ཤེས་ན་ཕལ་ཆེར་འགྲིག་གི་རེད། དེ་སྐབས་དགེ་ཕྲུག་རྣམས་ཀྱང་གང་ལ་གང་འཚམས་རང་མགོ་ཐོན་ཞིང༌། དཔེར་ན་ཨང་རྩིས་སློབ་མཁན་ཡིན་ན་དགེ་ཕྲུག་ལས་དྲག་ཙམ་དང༌། སྐད་ཡིག་སློབ་མཁན་ཡིན་ན་སྐད་ཡིག་བསླབ་ཤེས་ཙམ་བྱུང་ན་འགྲིགས་པ་མ་གཏོགས། དགེ་རྒན་གྱི་མཚན་ཉིད་མང་པོ་ཞིག་ཚང་མིན་བལྟ་དགོས་མེད།
སྔོན་འགྲོའི་སློབ་གྲྭའི་ནང་ཕྲུ་གུ་དེའི་མི་ཚེའི་རྨང་གཞི་དེ་བཞག་དགོས་ཤིང༌། རྗེས་མ་ཕྲུ་གུ་འཛིན་གྲྭ་དང་པོའི་ནང་གང་འདྲ་ཞིག་ཡོང་དང་མ་ཡོང་སྔོན་འགྲོའི་ནང་གྲ་སྒྲིག་བྱེད་སྟངས་ལ་རག་ལུས་སྟབས། སྔོན་འགྲོའི་དགེ་རྒན་དེ་ཨང་རྩིས་བསླབ་ཤེས་ཙམ་དང༌། ཀ་ཁ་བསླབ་ཤེས་ཙམ་གྱིས་མི་འགྲིགས། གང་ལྟར་རིག་གནས་ཚང་མར་ངོ་སྤྲོད་ཡོད་པ་ཞིག་དགོས་པ་མ་ཟད། ཕྲུ་གུའི་མི་ཚེའི་མདུན་ལམ་གང་འདྲ་ཞིག་བཟོ་དགོས་པ་སྔོན་ཚུད་ནས་ཤེས་རྟོགས་ཐུབ་དགོས། དེ་བཞིན་མི་ཚད་ལྡན་དང༌། ཡ་རབས་བཟང་སྤྱོད་ལྡན་པ། ཤེས་ཡོན་གྱི་རྣམ་དཔྱོད་ཚད་ལོངས་པ། འཇོན་ཐང་ཆེན་པོ་ཡོང་དང་མ་ཡོང་ཕྲུ་གུ་ཁ་གྲག་ཤེས་ལ་མ་ཤེས་སྐབས་ནས་རྨང་གཞི་བཏིང་མ་ཐུབ་ན། འཛིན་གྲྭ་མཐོ་པོར་སླེབས་དུས་སློབ་ཚན་བསླབ་ཐུབ་མ་གཏོགས། མིའི་གཤིས་ཀ་ལ་བཟོ་བཅོས་གཏོང་མི་ཐུབ། ལོ་བཅུ་གཉིས་ནས་བཅོ་ལྔའི་བར་གྱི་ཕྲུ་གུར་ང་ཚོས་སློབ་ཚན་རྣམས་བསླབ་ཐུབ་ཅིང༌། དཔེར་ན་ཨང་རྩིས་ཤེས་ཀྱི་མེད་ན་ཨང་རྩིས་བསླབ་ཐུབ་པ་དང༌། ཚན་རིག་ཤེས་ཀྱི་མེད་ན་ཚན་རིག་བསླབ་ཐུབ་པ་མ་གཏོགས། ཕྲུ་གུའི་བསམ་པ་དང་བག་ལ་ཉལ་དང་བསམ་བློའི་འཁྱེར་ཕྱོགས་རྣམས་འགྱུར་བ་གཏོང་ཐུབ་རྒྱུ་ཧ་ཅང་དཀའ། ཕྲུ་གུ་ཆུང་ཆུང་ནས་ཀྱག་གེ་ཀྱོག་གེ་ཆགས་ཟིན་ན་དེ་ལ་བཟོ་བཅོས་བྱེད་ཁག་པོ་རེད། བསམ་བློའི་འཁྱེར་སྟངས་དང༌།Psychic dispositionདོ་སྣང་བྱེད་སྟངས།Attituteགཤིས་ཀ་Habitསོགས་མང་པོ་ཞིག་ལོ་གཅིག་གཉིས་ནས་ལྔ་དྲུག་གི་བར་ལ་ས་བོན་མང་པོ་ཞིག་ཕྲུ་གུའི་ནང་ཐིམས་འགྲོ་བར་བརྟེན། དེ་དུས་ས་བོན་ནོར་བ་དང༌། ས་བོན་རུལ་བ། ས་བོན་ཀྱོག་ཀྱོག་ཅིག་ཐེབས་ན་འཚར་ལོངས་བྱུང་རྗེས་བཅོས་ཐབས་རྩ་བ་ནས་མེད་ཅེས་བརྗོད་ཀྱི་མེད་ཀྱང༌། ཧ་ཅང་དཀའ་ལས་བརྒྱབ་ན་མ་གཏོགས་བཅོས་ཁག་པོ་ཞིག་ཏན་ཏན་རེད། དེས་ན་སྔོན་འགྲོའི་དགེ་རྒན་ནི་དགེ་རྒན་ནང་ནས་གལ་ཆེ་ཤོས་དེ་རེད་ཅེས་ཤེས་ཡོན་སྲིད་བྱུས་ནང་བཀོད་དགོས་པའི་རྒྱུ་མཚན་དེ་རེད།
ཉིན་ཤས་སྔོན་སཾ་བྷོ་ཊའི་འགན་འཛིན་ཚོགས་འདུའི་ནང་ཕྱིན་པ་ཡིན། དེ་དུས་འགན་འཛིན་ཚོའི་ཐུགས་ལ་ཧ་ཅང་ཕོག་འདུག་ཅིང༌། ང་ཚོ་ལོ་སུམ་ཅུ་བཞི་བཅུ་ལས་ཀ་བྱས་མྱོང་མཁན་ཚོ་དང༌། ཁ་སང་ཁེ་ཉིན་འཐོན་མཁན་སྔོན་འགྲོའི་དགེ་རྒན་དབར་ཕོགས་དང་ཆེ་མཐོང་ལ་ཁྱད་པར་མི་འདུག སྔོན་འགྲོའི་དགེ་རྒན་ཚོར་ཤེས་ཡོན་སྲིད་བྱུས་གསར་པའི་ནང་ཧ་ཅང་དོ་སྣང་སྤྲད་འདུག དེ་གང་འདྲ་ཡིན་ནམ་ཞེས་དྲི་བ་འདྲི་མཁན་ཡོང་གི་འདུག དེ་དངོས་ཡོད་ཀྱི་གནས་ཚུལ་རང་རེད། སྔོན་འགྲོའི་དགེ་རྒན་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ད་ལྟ་སྔོན་འགྲོའི་དགེ་རྒན་གནང་བཞིན་པ་རྣམས་ཀྱི་ཐོག་འགན་ཆེན་པོ་ཞིག་འཁྲི་བ་ཡིན། ཤེས་ཡོན་སྲིད་བྱུས་འགྱུར་བ་ཐེབས་པར་བརྟེན། སྔོན་འགྲོའི་དགེ་རྒན་ཡོངས་རྫོགས་བརྗེ་དགོས་ཞེས་བརྗོད་ན་ལག་ལེན་འཁེལ་ཐབས་མེད། རྗེས་མ་ཁྱེད་ཚོ་རྒས་ཡོལ་ཟིན་རྗེས་གསར་འཇུག་རྣམས་སྲིད་བྱུས་གསར་པ་བཞིན་ཤེས་ཡོན་གྱི་གནས་ཚད་དང་སྦྱོང་བརྡར་ཡོད་པ་རྣམས་ཐབས་ཤེས་ཐུབ་རྒྱུ་ལས། ད་ཡོད་རྣམས་བརྗེ་པོ་བརྒྱབ་ཐུབ་ཐབས་མེད། ཁྱེད་ཚོར་སྦྱོང་བརྡར་སྤྲད་ནས་གནས་ཚད་ལྡན་པ་བཟོ་རྒྱུ་དེ་རང་མ་གཏོགས། ང་ཚོར་མིའི་མཐུན་རྐྱེན་མི་འདེང་ཞིང༌། ཁྱེད་ཚོ་བརྗེ་པོ་བརྒྱབ་རྒྱུའི་མི་གཅིག་ཀྱང་རག་ཐབས་མེད། དེ་ནི་མི་རབས་རྗེས་མའི་སྐབས་སུ་ལག་ལེན་བསྟར་རྒྱུའི་རྒྱུན་རིང་པོའི་འཆར་གཞི་མ་གཏོགས། དེ་རིང་སྲིད་བྱུས་བཏིང་ནས་སང་ཉིན་ལག་ལེན་བསྟར་ཐུབ་རྒྱུ་ཞིག་མིན།
སྤྱིར་ཤེས་ཡོན་སྲིད་བྱུས་ཟེར་བ་ལོ་མང་རིང་ག་ལེར་འགྲོ་དགོས། དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་དང༌། སྔོན་འགྲོའི་དགེ་རྒན་ཚད་མཐོ་ཤོས་དགོས་པའི་སྲིད་བྱུས་གཉིས་པོ་ལག་བསྟར་ཐུབ་དང་མ་ཐུབ་དེ་ད་ལྟ་ཕྱག་ལས་གནང་བཞིན་པའི་སྔོན་འགྲོའི་དགེ་རྒན་ཚོར་བརྒྱ་ཆ་བརྒྱ་ཐམ་པ་རག་ལུས་པར་བརྟེན། ཁྱེད་ཚོས་སྦྱོང་བརྡར་དང་ཐུགས་སྣང་གིས་ཚད་ལྡན་ཡག་པོ་ཞིག་གནང་མ་ཐུབ་ན། ང་ཚོའི་ཤེས་ཡོན་སྲིད་བྱུས་ཡག་པོ་ག་ཚོད་ཡོད་རུང༌། ལག་ལེན་བསྟར་རྒྱུར་ལོ་མང་འགོར་རྒྱུ་རེད། ལོ་མང་འགྱངས་ཏེ་ལོ་བཅོ་ལྔ་ཉི་ཤུའི་རྗེས་སུ་ཤེས་ཡོན་འགོ་ཁྲིད་ཚོའི་བསམ་ཚུལ་གང་འདྲ་ཞིག་ཆགས་ཡོང་ངེས་པ་གང་ཡང་མེད། དེས་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་གལ་ཆེན་པོ་འདི་ལག་ལེན་ལ་འཁྱོལ་དང་མ་འཁྱོལ་གྱི་བརྒྱ་ཆ་མང་པོ་ཞིག་ད་ཡོད་སྔོན་འགྲོའི་དགེ་རྒན་ཚོར་རག་ལུས་པར་བརྟེན། ངས་བསྡོམས་བརྒྱབས་ཏེ་ཞུ་ན། ང་ཚོའི་སྤྱི་ཚོགས་དང༌། བཙན་བྱོལ་བོད་མིའི་ཤེས་ཡོན་འཕེལ་རིམ་ནང་ཁྱེད་ཚོ་ག་ཚོད་གནད་འགག་ཆེན་པོ་དང༌། རྩ་ཆེན་པོ་ཡིན་པ་དེ་སོ་སོས་ངོ་ཤེས་དགོས་པ་དེ་གལ་ཆེན་པོ་རེད་ཅེས་སྔོན་འགྲོའི་ངོ་སྤྲོད་ཀྱི་ཚུལ་དུ་དེ་གཅིག་ཞུ་འདོད་བྱུང༌།
ཕྲུ་གུའི་མི་ཚེའི་ནང་ཕན་གནོད་འདྲེས་མཁན་གལ་ཆེ་ཤོས་དང་པོ་དེ་ཕ་མ་རེད། དེའི་ནང་ནས་ཀྱང་ཨ་མ་དེ་རེད། ཨ་མའི་རྗེས་ལ་སྔོན་འགྲོའི་དགེ་རྒན་རྣམས་རེད། དེར་བརྟེན་ང་ཚོའི་ཤེས་ཡོན་སྲིད་བྱུས་ནང་དུའང་སྔོན་འགྲོའི་དགེ་རྒན་རྣམས་གང་ཐུབ་ཀྱིས་བུད་མེད་གཞག་དགོས་ཞེས་བཤད་ཡོད། བུད་མེད་གཞག་དགོས་ཞེས་དང༌།སྐྱེས་པ་གཞག་དགོས་ཞེས་པ་རྣམས་ནུབ་ཕྱོགས་པའི་ལྟ་སྟངས་བྱས་ན། སྐྱེས་པ་ཕོ་མོའི་ཐོབ་ཐང་རྩོད་པ་ལྟ་བུ་སྣང་ཡང༌། དེ་འདྲ་རྩ་བ་ནས་མ་རེད། བོད་པའི་ནང་བུད་མེད་ལ་གཉའ་གནོན་བྱས་པ་མེད་ལ། ད་ལྟའི་གནས་སྐབས་སུའང་བུད་མེད་ཀྱི་ཐོབ་ཐང་རྩོད་རྒྱུའི་བསམ་བློ་ Feminism དེ་ཤར་ཕྱོགས་པར་འགྲོ་ཐབས་མེད་ཅིང༌། བོད་པར་དེ་བས་ཀྱང་འགྲོ་ཐབས་མེད། བུད་མེད་ལ་ཐོབ་ཐང་རྩོད་རྒྱུའི་གནས་སྟངས་ནི་མི་རབས་ནས་མི་རབས་བརྒྱུད་བུད་མེད་ལ་གཉའ་གནོན་གཏང་སའི་ལུང་པ་ཚོའི་ནང་དགོས་པ་མ་གཏོགས། ང་ཚོ་བོད་པའི་ནང་བུད་མེད་ལ་གཉའ་གནོན་བཏང་བའི་ལོ་རྒྱུས་མེད། ཆོས་དང་འཇིག་རྟེན་གཉིས་ཐད་ནས་སྐྱེས་པ་ཕོ་མོ་གཉིས་འདྲ་མཉམ་ཐོག་ནས་ཕྱིན་པ་མ་ཟད། ད་ལྟའང་འདྲ་མཉམ་ཡིན་པ་དེ་མཐོང་མུས་རེད། འོན་ཀྱང་ཕོ་མོ་འདྲ་མཉམ་ནི་ཐོབ་ཐང་གི་ཆ་ནས་ཡོང་བ་ལས། ལས་འགན་གྱི་ཆ་ནས་ཡོང་ཐབས་རྩ་བ་ནས་མེད་ཅིང༌། མས་ཕ་བྱེད་མི་ཐུབ་ལ། ཕས་མ་བྱེད་མི་ཐུབ་པ་ནི་རང་བཞིན་གྱི་གནས་སྟངས་ཤིག་རེད། དཔེར་ན་ཁྱོ་ག་ཞིག་གིས་ཕྲུ་གུ་གྲོད་ཁོག་ནང་ཉར་ཐུབ་ཐབས་མེད་སྟབས། མ་དང་བྱིས་པའི་འབྲེལ་བ་དེ་རང་བཞིན་གྱི་ཆ་དང༌། ལས་ཀྱི་གྲུབ་སྟངས་ཀྱི་ཆ་ནས་དམིགས་བསལ་བ་ཞིག་རེད། དེས་ན་སྔོན་འགྲོའི་སློབ་གྲྭའི་ནང་དགེ་རྒན་ལ་བུད་མེད་བྱུང་ན། བྱིས་པའི་ལུས་སེམས་དང་ཚོར་བ་གསོ་སྐྱོང་ལ་བུད་མེད་ཀྱིས་ཇི་ཙམ་ཐུབ་པ་དེ་ཙམ་སྐྱེས་པས་ཐུབ་ཐབས་མེད། འོན་ཀྱང་ཁྱོ་གས་འདྲ་མཉམ་ཡིན། ངས་བྱེད་ཀྱི་ཡིན་ཞེས་བརྗོད་ནའང་ཡོང་ཐབས་རྩ་བ་ནས་མེད། ཁྱོ་གའི་ལུས་ངག་ཡིད་གསུམ་གྱི་རང་བཞིན་གྱི་ཆ་ནས་མས་བྱེད་རྒྱུའི་ལས་ཀ་དེ་ཕས་རྩ་བ་ནས་ཐུབ་ཐབས་མེད་པར་བརྟེན། སྔོན་འགྲོའི་དགེ་རྒན་ལ་བུད་མེད་གཙོ་འདོན་བྱེད་དགོས་ཞེས་པ་དེ་སྐྱེས་པ་ཕོ་མོའི་ཐོབ་ཐང་རྩོད་རྒྱུའི་གནད་དོན་ཞིག་མིན་ཞིང༌། དེ་ནི་མའི་གྲུབ་ཆའི་རང་བཞིན་གྱི་ཁམས་དང་བསྟུན་ནས་ཕྲུ་གུ་ཆུང་ཆུང་ལ་ལྟ་སྐྱོང་བཟང་བ་ཐུབ་པ་དེས་ཡིན། གཅིག་གྱུར་གྱིས་མཛའ་བརྩེ་ཡོད་ཀྱང་ཕྲུ་གུ་ཆུང་ཆུང་གིས་མ་ལ་ཇི་ཙམ་སེམས་ཐག་ཉེ་བ་དེ་ཙམ་ཕ་ལ་ཁག་པོ་རེད། ང་ཚོས་ཉམས་ཞིབ་བྱེད་ན་ཕ་མ་གཉིས་ཀ་ཡོད་སར་ཕྲུ་གུར་ཞེད་སྣང་བྱུང་ན། རང་བཞིན་གྱིས་མའི་འགྲམ་ལ་འགྲོ་བ་མ་གཏོགས་ཕའི་སར་མི་འགྲོ་བ་ནི་མཐོང་ཆོས་སུ་ཡོད། གལ་སྲིད་མ་མེད་ན་ཕའི་འཁྲིས་ལ་རྒྱུགས་ཤིང༌། དེ་བཞིན་ཕའང་མེད་ན་གཞི་ནས་སྤུན་མཆེད་རྒན་པ་ཞིག་གི་སར་འགྲོ་བ་ཡིན། ད་ལྟ་སྔོན་འགྲོའི་དགེ་རྒན་ཡོད་བཞིན་པའི་ནང་དུའང་ཁྱོ་ག་གཅིག་མ་གཏོགས་མི་འདུག ཤེས་ཡོན་སྲིད་བྱུས་གསར་པའི་ནང་སྔོན་འགྲོའི་དགེ་རྒན་ཁྱོ་གས་བྱེད་མི་ཆོག་ཅེས་མེད་ཀྱང༌། གང་ཐུབ་ཀྱིས་བུད་མེད་གདམ་དགོས་ཞེས་བཤད་ཡོད་པ་དེ་ཁྱེད་ཚོའི་ཐུགས་ལ་འཇགས་ནས་སྲིད་བྱུས་དེའི་རྒྱབ་ལྗོངས་སུ་ལྟ་གྲུབ་ཀྱི་གནད་འགག་གང་ཡོད་པ་རྣམས་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེ།
ང་ཚོའི་ཤེས་ཡོན་གྱི་སྲིད་བྱུས་ཡོངས་རྫོགས་དགེ་རྒན་དབུས་སུ་བཞག་པ་ཡིན་པ་དེ་མཁྱེན་ན། མང་ཆེ་བ་ཁྱེད་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་དེ་མཁྱེན་ཐུབ། ད་ལྟ་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་གསར་པ་ཆ་ཚང་ཞིག་བཟོ་ཐུབ་མེད་པར་བརྟེན། བོད་པ་རང་གི་ཆེད་དུ་དམིགས་བསལ་གྱི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་ཞིག་གསར་གཏོད་མ་ཐུབ་བར། དེང་སང་འཛམ་གླིང་གི་ལུང་པ་མང་པོའི་ནང་བེད་སྤྱོད་བྱེད་བཞིན་པའི་མོན་ཊེ་སེ་རི་ལམ་སྲོལ་དེ་རང་གནས་སྐབས་ལག་བསྟར་བྱ་རྒྱུ་ཡིན་ཞེས་ཤེས་ཡོན་སྲིད་བྱུས་ནང་བཀོད་ཡོད། མོན་ཊེ་སེ་རི་ནི་ནུབ་ཕྱོགས་པ་གཅིག་གིས་བཟོས་པའི་ལམ་སྲོལ་ཞིག་རེད། དེ་མིན་གྱི་ལམ་སྲོལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང༌། ང་ཚོས་མོན་ཊེ་སེ་རི་བདམས་པ་ནི་དེ་ནི་ཤར་ཕྱོགས་པ་དང་ཉེ་ཤོས་ཀྱི་ཐབས་ལམ་ཞིག་རེད། དེའི་ནང་སྐྱོན་ཆེན་པོ་ཞིག་མེད། ལག་ལེན་ཡག་པོ་བསྟར་ཤེས་པ་བྱུང་ན་འགྲིགས་ངེས་སྙམ། མེ་ཌམ་མོན་ཊེ་སེ་རི་Madam Montessoriཡིས་ཕྲུ་གུ་ཆུང་ཆུང་ལ་ཤེས་ཡོན་སྤྲོད་རྒྱུའི་ལམ་སྲོལ་འགོ་འཛུགས་སྟངས་ནི། ཤར་ཕྱོགས་པའི་རིག་གཞུང་སྤྱི་དང༌། ལྷག་པར་ནང་ཆོས་ལ་སློབ་སྦྱོང་ཡུན་རིང་བྱས་རྗེས་བསམ་ཚུལ་འདི་ཐོན་པ་ཡིན་སྟབས། ང་ཚོས་ལག་ལེན་བསྟར་འོས་པའི་རྒྱུ་མཚན་གཅིག་དེ་རེད། ང་ཚོར་གདམ་ག་གཞན་མ་རག་ནས་གནས་སྐབས་མོན་ཊེ་སེ་རིའི་ལམ་སྲོལ་དུ་འགྲོ་བའི་སྐད་ཆ་མ་རེད། མེ་ཌམ་མོན་ཊེ་སི་རི་ཡིས་བྲིས་པའི་དེབ་ཁ་ཤས་ཡོད་ཅིང༌། ཁྱེད་ཚོས་ངེས་པར་དུ་སློབ་སྦྱོང་གནང་དགོས། མེ་ཌམ་མོན་ཊེ་སི་རི་ནི་མེ་ཌམ་ཨེ་ནི་བེ་སནཊ་Madam Annie Besantདང༌། བི་ཤོབ་ལིཌ་བི་ཊར། Bishop Leadbeater ཀར་ནལ་ཨོལ་ཀོཊ་Colonel Olcottབཅས་དང་མཉམ་དུ་རྒྱུན་རིང་ཕྱག་ལས་གནང་ཞིང༌། ཧ་ཅང་གི་སློབ་སྦྱོང་མཐོ་པོ་ཡོད་པ་མ་ཟད། སྒོམ་ཉམས་ལེན་ཡང་གང་ལ་གང་འཚམས་ཡག་པོ་གནང་མཁན་ཞིག་ཡོད་འདུག ཀར་ནལ་ཨོལ་ཀོཊ་དང་མེ་ཌམ་བ་ལ་ཝས་ཀི་Madam Blavatskyཡིས་ཤེས་ཡོན་ཐོག་ལས་ཀ་དང་པོ་དེ་ཤྲཱིལངྐཱའི་ནང་འགོ་བཙུགས་པ་རེད། རྒྱ་གར་དུ་མ་སླེབས་སྔོན་ནས་ཤྲིའལངྐཱའི་ནང་སློབ་གྲྭ་མང་པོ་འཛིན་སྐྱོང་བྱེད་ཀྱི་ཡོད་འདུག ཤྲཱིལངྐཱ་མང་ཆེ་བ་ནང་པའི་སྤྱི་ཚོགས་ཡིན་པར་བརྟེན། ཁོང་ཚོས་ནང་པའི་སློབ་སྦྱོང་མང་ཆེ་བ་ཤྲིའལངྐཱའི་ནང་གནང་ཡོད།
ཐིའོ་སོ་ཕིའི་ལས་འགུལ་Theosophy Movementདེ་ཐོག་མ་ནུབ་ཕྱོགས་ནས་བྱུང་ཞིང༌། དེ་ནས་ལངྐཱ་ལ་ཕྲན་བུ་དར། མཐའ་མའི་གཞིས་ཆགས་ས་དེ་ཅེ་ན་ཡིའི་ཨཌ་ཡར་Chennai Adyarརེད། དེར་ ༡༨༧༠ དོན་གྲངས་ནང་བྱུང༌། མེ་ཌམ་མོན་ཊེ་སེ་རི་ཨཌ་ཡར་ལ་ཡུན་རིང་བཞུགས་ནས་སློབ་སྦྱོང་གི་ལམ་སྲོལ་འདི་བཏོན་པ་རེད། དེ་ནས་ཤྲཱིལངྐཱ་དང་རྒྱ་གར་ནང་ཡོད་པའི་ཐིའོ་སོ་ཕིའི་སློབ་གྲྭ་ཚང་མའི་ནང་སྔོན་འགྲོའི་ལམ་སྲོལ་མོན་ཊེ་སེ་རི་ཐོག་ནས་བྱེད་འགོ་ཚུགས་པར་བརྟེན། ང་ཚོ་ལའང་ཏག་ཏག་ཅིག་མེད་དམ་སྙམ་གྱི་ཡོད། མོན་ཊེ་སེ་རིའི་གཞི་རིམ་གྱི་འགྲོ་སྟངས་དེ་ཚོའི་རྒྱབ་ལྗོངས་ལ་སྙིང་རྗེ་དང་བརྩེ་སེམས་གང་འདྲ་ཞིག་དགོས་པའི་སྐོར་མོན་ཊེ་སེ་རི་ཡིས་བྲིས་པའི་ལྟ་གྲུབ་ཀྱི་དེབ་ཆུང་མང་པོ་ཡོད་ཅིང༌། སྔོན་འགྲོའི་དགེ་རྒན་ཚོས་ངེས་པར་དུ་དེ་དག་སློབ་སྦྱོང་བྱེད་དགོས། ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་ལམ་སྲོལ་གཉིས་ཀ་མཁྱེན་ན་དེའི་ཐོག་ནས་ཆ་ཚང་བ་ཞིག་མཁྱེན་ཐུབ་པ་ཡོང་གི་རེད།
འཛིན་གྲྭ་གསུམ་པའི་བར་བོད་ཡིག་ཁོ་ནའི་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་དེ་ཤེས་ཡོན་སྲིད་བྱུས་གསར་པའི་ནང་གལ་གནད་ཆེ་བ་གསུམ་པ་དེ་རེད། ཕྱིའི་སྐད་ཡིག་བསླབ་རྒྱུ་འཛིན་གྲྭ་བཞི་པ་ནས་འགོ་འཛུགས་པ་དེའི་ཐོག་མི་མང་པོ་ཞིག་གིས་གང་འདྲ་ཡིན་ནམ་སྙམ་ནས་དོགས་པ་ཟ་ཡང༌། དེ་ནི་སྲོལ་རྒྱུན་དང་དེང་རབས་གཉིས་ཀ་དང་མཐུན་པའི་སྲིད་བྱུས་ཀྱི་དོན་གནད་གལ་ཆེ་བ་ཞིག་ཡིན་པར་བརྟེན། སྔོན་འགྲོའི་འཛིན་གྲྭའི་ནང་སློབ་སྦྱོང་གི་གནས་སྟངས་གང་འདྲ་ཞིག་ཡིན་རུང༌། རྩེད་མོ་དང༌། གཞས། རྩེད་ཆས་སོགས་མ་སྐད་དམ་སོ་སོའི་སྐད་ནང་ཡོད་དགོས། བོད་སློབ་འཛིན་ཚོགས་དང་འཛིན་སྐྱོང་གཞན་འོག་ཡོད་པའི་སྔོན་འགྲོའི་སློབ་གྲྭའི་ནང་སློབ་སྦྱོང་གི་སློབ་ཚན་དང་སྐད་ཡིག་གི་བརྒྱུད་ལམ་ལམ་སེང་འགྱུར་བ་གཏོང་ཐུབ་མིན་ད་ལྟ་བརྩད་གཅོད་བྱེད་རྒྱུ་མ་བྱུང་ཡང༌། འགྱུར་བ་གཏོང་མི་ཐུབ་པའི་གནས་ཚུལ་གང་ཡང་ཨེ་ཡོད་སྙམ་གྱི་འདུག དབུས་བོད་སློབ་འཛིན་ཚོགས་ཀྱིས་མཚོན་པའི་བོད་པའི་སློབ་གྲྭ་ཕལ་ཆེ་བའི་ནང་འཛིན་གྲྭ་དང་པོ་ནས་ལྔ་པའི་བར་གྱི་སློབ་ཚན་རྣམས་བོད་སྐད་དུ་བསྒྱུར་ཟིན་སྟབས། ཏོག་ཙམ་རེ་བ་རྒྱག་རྒྱུའི་གནས་སྟངས་ཤིག་ཏུ་སླེབས་ཡོད། འོན་ཀྱང་འཛིན་སྐྱོང་གི་གནས་ཚུལ་ལ་འགྱུར་བ་ཆེན་པོ་ཞིག་མ་ཕྱིན་བར་འཛིན་གྲྭ་གསུམ་པའི་བར་དུ་སྐད་ཡིག་གཞན་སློབ་སྦྱོང་མི་ཆོག་པ་དེ་སློབ་གྲྭ་ཚང་མའི་ནང་ལག་བསྟར་ཐུབ་རྒྱུ་ཁག་པོ་རེད། སཾ་བྷོ་ཊའི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པ་ཚོའི་ནང་ད་ལོ་ནས་ལག་ལེན་བསྟར་དགོས་ཀྱི་ཡོད། ད་ལྟ་སྐད་ཆ་འདྲི་རྒྱུ་མ་བྱུང་ཡང༌། ལག་བསྟར་ཚུགས་ཟིན་ཡོད་ཀྱི་རེད། གང་ལྟར་སམ་བྷོ་ཊའི་འཛིན་སྐྱོང་འོག་ཡོད་པའི་སློབ་གྲྭ་ཚང་མའི་ནང་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་ལེན་བསྟར་རྒྱུ་ད་ལོ་ནས་འགོ་འཛུགས་རྒྱུ་ཐག་གཅོད་ཟིན་པ་ཞིག་རེད། ད་ལྟ་ལམ་སེང་འགྲིག་གི་ཡོད་རུང༌། ཡང་ན་ཟླ་ཤས་དང་ལོ་ཤས་རྗེས་ཡིན་རུང༌། གང་ལྟར་མཐའ་མར་བོད་རིགས་ཆེད་ཟུར་འཛུགས་བྱས་པའི་སློབ་གྲྭ་ཚང་མའི་ནང་ཤེས་ཡོན་སྲིད་བྱུས་རིམ་བཞིན་ལག་ལེན་བསྟར་རྒྱུ་ཡིན་པ་དེ་བཤད་མི་དགོས། དེ་ལག་ལེན་བསྟར་དགོས་རྒྱུ་ཞིག་རེད། ཁ་ཤས་ད་ལྟ་ནས་ལག་ལེན་བསྟར་ཐུབ་པ་དང༌། ཁ་ཤས་ཟླ་ཤས་རྗེས་ལག་ལེན་བསྟར་ཐུབ་པ། ཡང་ཁ་ཤས་ལོ་ཤས་རྗེས་ལག་ལེན་བསྟར་ཐུབ་པ་བཅས་ཀྱི་ཁྱད་པར་མ་གཏོགས། གཞན་ཁྱད་པར་གང་ཡང་མེད། དེས་ན་ཁྱེད་ཚོ་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ལས་འགན་གལ་ཆེ་ཤོས་གཅིག་ནི་སྔོན་འགྲོའི་ནང་ཆ་ཚང་བོད་སྐད་ཐོག་ནས་ལས་ཀ་བྱེད་ཐུབ་པ་བཟོ་དགོས། དེ་ལ་ང་ཚོས་གོ་སྒྲིག་དང་མཐུན་རྐྱེན་མང་པོ་བསྐྲུན་དགོས་པ་ཞིག་ཏན་ཏན་ཆགས་ཡོད།
ང་སློབ་གྲྭ་དང་ཐད་ཀར་འབྲེལ་བ་མེད་པར་ལོ་མང་པོ་སོང་ཟིན། ཐོག་མར་སློབ་གྲྭའི་དགེ་རྒན་ཡིན་རུང༌། ལོ་སུམ་ཅུ་ལྷག་ཙམ་སློབ་གྲྭའི་ནང་འབྲེལ་བ་མེད་པ་དང༌། ལྷག་པར་དུ་སྔོན་འགྲོའི་སློབ་གྲྭའི་ནང་གང་བྱེད་མིན་བར་ལམ་དངོས་སུ་ཉམས་མྱོང་མེད། ལྟ་སྐོར་ལ་འཁྲིད་སྐབས་ལྟ་སྐོར་ཡོང་གི་རེད་ཟེར་དུས་འཛིན་གྲྭ་རྣམས་གཙང་མ་དང་སློབ་ཕྲུག་རྣམས་བང་བསྒྲིགས་ནས་བཞག་པ་མ་གཏོགས། དེའི་ནང་དངོས་ཡོད་གང་འདྲ་ཡོད་མེད་ང་ཚོས་མཐོང་མི་ཐུབ། ཁ་སང་དྷ་ཤོད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ནང་ཕྱོགས་མང་པོ་ནས་ཡོང་བའི་ཕྲུ་གུ་ཆུང་ཆུང་འཛིན་གྲྭ་དང་པོ་གཉིས་པར་སླེབས་པ་མང་ཆེ་བས་ཅ་ལག་མང་པོའི་མིང་དབྱིན་སྐད་དང་ཧིན་སྐད་ཐོག་ནས་མ་གཏོགས་བོད་སྐད་ནང་བཤད་ཐུབ་ཀྱི་མི་འདུག དཔེར་ན་པེ་པར་ Paper དང་ཁ་ལར་ Colour དགོས་ལབ་པ་མ་གཏོགས། ཤོག་བུ་དང་ཚོན་དགོས་ཞེས་རྩ་བ་ནས་ལབ་ཤེས་ཀྱི་མི་འདུག ཕར་ལབ་པ་ཡིན་ནའང་ཚུར་ལན་དེ་སྐད་ཡིག་གཞན་ནང་བརྒྱབ་ཡོང་གི་འདུག ཕྲུ་གུ་ཆུང་དུས་ནས་རང་སྐད་ཐོག་གོམས་པ་མེད་ན། རྗེས་མ་འཚར་ལོངས་བྱེད་སྐབས་བསམ་བློ་དེ་སྐད་ཡིག་གཞན་ནང་བཏང་བ་ཡིན། བོད་སྐད་བརྒྱབ་ཤེས་ཀྱང༌། བོད་སྐད་ནང་ཚུར་བསྒྱུར་ནས་བཤད་ཡོང་གི་རེད། ཁོ་རང་གི་རྣམ་རྟོག་གི་འགྱུ་བའམ་བསམ་བློའི་ནང་གང་དྲན་པ་དེ་སྐད་ཡིག་གཞན་ནང་ཆགས་འགྲོ་དུས་མི་དེ་བོད་པར་བསྡད་མེད། མི་གང་འདྲ་ཞིག་ཡིན་མིན་དེ་མི་དེའི་བསམ་བློ་གཏོང་སྟངས་ཀྱིས་ཐག་གཅོད་ཀྱི་རེད། བསམ་བློ་དེ་དབྱིན་ཇིའི་ཐོག་ནས་བཏང་སྟེ་སྐད་ཆ་དེ་བོད་སྐད་ནང་ཚུར་བསྒྱུར་ནས་བཤད་ན། ཁོ་དབྱིན་ཇི་རེད་མ་གཏོགས་བོད་པ་ཆགས་མེད། ལོཌ་མེ་ཀོ་ལེ་Lord Macaulayཡིས་ཤ་དཀར་པོ་བཟོ་མི་ཐུབ་མ་གཏོགས། གཞན་ཆ་ཚང་དབྱིན་ཇི་བཟོ་ཐུབ་ཟེར་བའི་རྒྱུ་མཚན་དེ་རེད། ད་ཕན་ང་ཚོས་ལག་ལེན་བསྟར་བའི་ཤེས་ཡོན་གྱི་ལམ་སྲོལ་དེ་ལོཌ་མེ་ཀོ་ལེ་ཡིས་རྒྱ་གར་དབྱིན་ཇིའི་དབང་འོག་གཏན་འཇགས་བཞག་ཐུབ་པའི་དོན་དུ་ཤེས་ཡོན་གྱི་ལམ་སྲོལ་ཞིག་བཟོས་ཤིང༌། དེ་ལ་མེ་ཀོ་ལེ་ཁ་མི་ཤོན་Macaulay Commissionགྱི་ཤེས་ཡོན་སྲིད་བྱུས་ཟེར་བ་རེད། དེ་ནས་ད་བར་ལོ་བརྒྱ་དང་ལྔ་བཅུ་དྲུག་ཅུ་ཕྱིན་ཟིན་ཡང་ད་དུང་དེའི་དྲི་མ་དེ་རྒྱ་གར་ནང་དག་ཐུབ་མེད། དེས་ན་མི་དེ་བོད་པར་བསྡད་དང་མ་བསྡད་ཀྱི་གནས་སྟངས་ཐག་གཅོད་བྱེད་རྒྱུའི་ཆ་རྐྱེན་མང་པོ་ཡོད་པའི་ནང་ནས་སྐད་དེ་གལ་ཆེ་བ་གཅིག་རེད། བོད་སྐད་ཐོག་བསམ་བློ་འཁོར་ནས་དབྱིན་ཇི་གཅིག་ལ་ཕར་ཤོད་དགོས་བྱུང་ན། དབྱིན་ཇིའི་ཐོག་ཕར་བསྒྱུར་ནས་བཤད་རྒྱུ་དང༌། རྒྱ་གར་གཅིག་ལ་ཤོད་དགོས་བྱུང་ན་རྒྱ་གར་གྱི་སྐད་ཐོག་ཕར་བསྒྱུར་ནས་བཤད་རྒྱུ་བྱུང་ན། མི་དེའི་རྣམ་རྟོག་གི་འགྱུ་བ་དེ་བོད་པ་རང་ཆགས་ཤིང༌། བོད་སྐད་ཐོག་བསམ་བློ་གཏོང་བ་དང༌། བོད་སྐད་ཐོག་དོན་སྤྱི་ཤར་བ་རེད། དེ་རྗེས་གཞི་ནས་སྒྲ་དང་རྣམ་རྟོག་ཟེར་བ་དེ་ག་དུས་ཡིན་ནའང་གཅིག་གིས་གཅིག་ལ་བརྟེན་པ་དང་མཉམ་དུ་འགྲོ་རྒྱུ་ཞིག་རེད། རྟོག་པའི་དབང་གིས་སྒྲ་དང་སྐད་དེ་ཡོང་བ་དང༌། སྐད་ཀྱི་དབང་གིས་རྟོག་པ་སྐྱེ་བ་ཡིན། སྐད་ཀྱིས་རྟོག་པ་ལ་དབང་བསྒྱུར་བྱེད་ཀྱི་ཡོད་སྟབས། སོ་སོའི་རྣམ་རྟོག་གི་འགྱུ་བ་དེ་སྐད་གང་གི་ནང་ཤར་བ་དེའི་ཤུགས་གནོན་དེས་ཁམས་དང་བསམ་པ་ལ་ཧ་ཅང་ཁྱད་པར་འགྲོ་བ་རེད་ལ། མི་ཚེའི་གནས་བབ་ཐོག་ལའང་ཏན་ཏན་ཁྱད་པར་ཆེན་པོ་འགྲོ་རྒྱུ་ཡིན་པར་བརྟེན། སྔོན་འགྲོ་དང་འཛིན་གྲྭ་གསུམ་པའི་བར་སློབ་སྦྱོང་གང་འདྲ་ཞིག་སྤྲད་ནའང་སོ་སོའི་རང་སྐད་ཐོག་སྤྲོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
བོད་ནང་རྒྱ་མིས་བཙན་དབང་ཐོག་ནས་ང་ཚོའི་སྐད་ཡིག་དང༌། རིག་གཞུང༌། ཡུལ་གོམས་གཤིས་ལུགས་བཅས་རྩ་མེད་བཏང་སོང་ཞེས་ཧ་ཅང་ངོ་རྒོལ་བྱེད་ཅིང༌། རྒྱ་མིས་རྩ་མེད་བཏང་བར་ངོ་རྒོལ་བྱས་པ་དེ་འོས་ཤིང་འཚམས་པ་རེད། འོན་ཀྱང་རང་དབང་ལུང་པར་བཙན་དབང་གཏོང་མཁན་སུའང་མེད་ཀྱང༌། སོ་སོའི་རང་འདོད་ཀྱིས་བོད་ཀྱི་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་སོགས་རྩ་མེད་བཏང་བ་ལའང་གཅིག་གྱུར་གྱིས་ངོ་རྒོལ་བྱེད་དགོས།
ང་ཚོའི་ཕ་མ་མང་པོས་དབྱིན་སྐད་ཡག་པོ་མ་ཤེས་ཀྱང༌། ཕྲུ་གུའི་མཉམ་དུ་དབྱིན་ཇི་ཆག་ཀྱོག་ཅིག་བརྒྱབས་ནས་དབྱིན་ཇི་བསླབ་ཨེ་ཐུབ་བྱེད་མཁན་མང་པོ་མཐོང་མྱོང་ཡོད། ཕལ་ཆེར་ཁྱེད་ཚོས་ཀྱང་དེ་འདྲ་མཐོང་མྱོང་ཡོད་སྲིད། ཕྲུ་གུ་ཁ་གྲག་ཤེས་མ་ཤེས་ཙམ་ནས་དབྱིན་སྐད་བསླབ་རྒྱུའི་ཐབས་ཤེས་བྱེད་མཁན་རྣམས་བཀག་ཐབས་བྱེད་དགོས། ང་ཚོས་སྐད་ཡིག་གཞན་ཤེས་དགོས་མེད་ཅེས་རྩ་བ་ནས་བཤད་ཀྱི་མེད། ཕྱི་རྒྱལ་སྐད་ཡིག་ཕྱིས་སུ་བསླབས་ཀྱང་འགྲིགས། སྐད་ཡིག་གཞན་ཤེས་དགོས་པ་ཙམ་མ་ཟད། ད་ལྟ་ཤེས་པ་ལས་ལྷག་ཙམ་ཚད་དང་ལྡན་པ་ཞིག་ཤེས་དགོས་ཀྱི་འདུག་ཅེས་ཤེས་ཡོན་སྲིད་བྱུས་གསར་པའི་ནང་དེང་རབས་ཀྱི་སློབ་ཚན་སྤྱི་དང༌། ལྷག་པར་དུ་སྐད་ཡིག་གཞན་རྣམས་གལ་ཆེན་པོར་བརྩིས་ཡོད། ཁུངས་འཁྱོལ་ལ་མ་འཁྱོལ་བར་མ་དོ་དེ་འདྲ་ཞིག་ཤེས་པ་ཙམ་གྱིས་ཕན་ཐོགས་མི་འདུག ཚད་ལྡན་ཞིག་ཤེས་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། འོན་ཀྱང་ཚད་ལྡན་ཞིག་ཤེས་པ་ལ་ཕྲུ་གུ་སྐད་ཆ་བཤད་རྒྱུ་སྦྱོང་སྐབས་ནས་བསླབ་དགོས་ཀྱི་མེད། འཛིན་གྲྭ་བཞི་པ་ཡན་ལ་འགོ་བཙུགས་ན་དེས་མ་འདང་བ་རྩ་བ་ནས་མེད། ཁུ་ནུ་བ་མཐར་ཕྱིན་ཟེར་བའི་རྒས་འཁོགས་ཤིག་ཡོད་ཅིང༌། ད་ལྟ་གྲོངས་ཚར་བ་རེད། ཁོང་གིས་མེ་ལོང་གསར་འགྱུར་བཏོན་པ་རེད། ཚིག་མཛོད་ཀྱང་བཟོས་ཡོད། མཁས་པ་ཆེན་པོ་ཞིག་རེད། བོད་སྐད་ཙམ་མ་ཟད། དབྱིན་སྐད་ཀྱང་མཁས་པ་རེད། ཁོ་རང་ལོ་སུམ་ཅུ་སོ་དྲུག་ལ་སླེབས་དུས་གཞི་ནས་དབྱིན་ཇི་སྦྱངས་པ་ཡིན་གསུང་གི་འདུག དེ་བཞིན་དགེ་འདུན་ཆོས་འཕེལ་ཡང་དབྱིན་ཇི་བསླབ་དུས་ལོ་བཞི་བཅུ་ཟིན་མེད་རུང༌། སུམ་ཅུ་སོ་གྲངས་ཤིག་ཡིན་ཚོད་འདུག དགེ་འདུན་ཆོས་འཕེལ་གྱིས་དབྱིན་ཇི་ཉིན་བཅོ་བརྒྱད་ནང་སྦྱངས་པ་ཡིན་ཞེས་བྲིས་འདུག ཁོང་གིས་སྤྱོད་འཇུག་ལེའུ་ཁ་ཤས་དབྱིན་སྐད་ལ་བསྒྱུར་ཀྱང༌། རྗེས་སུ་དཔར་ཐུབ་པ་བྱུང་མེད། དེ་མིན་ཇོར་ཇི་རིའུ་རིཀ་མཉམ་དུ་དབྱིན་ཇིའི་ཐོག་ཕྱག་ལས་མང་པོ་གནང་བ་རེད། དེ་ལྟ་བུ་ཚད་ལྡན་ཡོང་བའང་བློ་ཡི་ནུས་པ་གང་ལ་གང་འཚམས་སྨིན་རྗེས་སྐད་ཡིག་གཞན་བསླབ་དུས་ལས་སླ་པོའི་ཐོག་ནས་ཡག་པོ་ཤེས་ཐུབ་པ་རེད། དེས་ན་ཆུང་དུས་རང་སྐད་རྐྱང་པའི་ཐོག་བསྡད་དགོས་རྒྱུ་དེ་ཤེས་ཡོན་སྲིད་བྱུས་གསར་པའི་གནད་འགག་གཙོ་བོ་གཅིག་རེད། དེར་བརྟེན་སྔོན་འགྲོའི་དགེ་རྒན་ཚོས་ཕྲུ་གུར་སློབ་སྦྱོང་སྤྲོད་པའི་སྐབས་དང༌། སྐད་ཆ་ཤོད་པའི་སྐབས་བཅས་ལ་རྟག་ཏུ་སྐད་ཡིག་བསྲེ་ལྷད་མེད་པ་དང༌། དག་པོ་ཞིག་ཐོག་ལ་བརྒྱ་ཆ་བརྒྱ་ཐམ་པ་བོད་སྐད་ནང་ཕྲུ་གུ་དང་འབྲེལ་བ་བྱེད་དགོས་པ་ནི་མེད་དུ་མི་རུང་བ་ཞིག་དང་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་བོད་མི་རྒན་པའི་ནང་དུའང་སྐད་ཆ་བཤད་སྐབས་ཧིནྡཱི་དང་དབྱིན་སྐད་མ་འདྲེས་པར་བརྒྱ་ཆ་བརྒྱ་ཐམ་པ་བོད་སྐད་ཐོག་གནས་ཚུལ་ཆ་ཚང་ཕར་ཚུར་བཤད་ཐུབ་མཁན་ཧ་ལམ་དཀོན་པོ་རེད་འདུག བོད་ཡིག་ཡག་པོ་ཤེས་མཁན་དེ་ཚོས་ཀྱང་སོ་སོའི་བསམ་བློའི་འགྱུ་བ་ཆ་ཚང་ཡིག་ཐོག་འབྲི་དགོས་བྱུང་ན། བོད་ཡིག་ནང་འབྲི་བ་ལས་དབྱིན་ཇིའི་ནང་སྟབས་བདེ་བ་དང༌། བོད་སྐད་ནང་བཤད་པ་ལས་དབྱིན་ཇིའི་ནང་བཤད་སླ་བ། དེ་བཞིན་སེམས་ཐག་ཉེ་པོའི་སྐད་ཆ་དང༌། ཧ་ཅང་ཚོར་བ་དང་འབྲེལ་བ་ཤུགས་ཆེ་ཡོད་པའི་གནས་ཚུལ་ཁ་ཤས་ཐོག་སྐད་ཡིག་གཞན་ལ་བརྟེན་ན། སྟབས་བདེ་བའི་ཚོར་སྣང་ཡོད་མཁན་བོད་པའི་སྤྱི་ཚོགས་ནང་ཡོང་མུས་རེད། དེ་ནི་སྐད་ཡིག་གི་རང་དབང་ཤོར་འགོ་ཚུགས་པའི་རྟགས་མཚན་གསལ་པོ་ཞིག་རེད།
དབྱིན་ཇིའི་མཁས་པ་ཚོ་སྐད་ཡིག་གཞན་ལ་ཇི་ཙམ་མཁས་རུང༌། དབྱིན་སྐད་ནང་ཇི་ཙམ་གནས་ཚུལ་གསལ་པོ་བརྗོད་ཐུབ་པ་བཞིན་སྐད་ཡིག་གཞན་ནང་བརྗོད་ཐུབ་པའི་ཚོར་སྣང་ཡོང་གི་མེད། རྒྱ་གར་གྱི་མི་ཧིནྡཱི་རྒྱག་མཁན་ཡིན་ན་ཧིནྡཱི་དང༌། གུཇརཱཏཱི་རྒྱག་མཁན་ཡིན་ན་གུཇརཱཏཱི། ཏ་མིལ་རྒྱག་མཁན་ཡིན་ན་ཏ་མིལ། ཏེ་ལུ་གུ་རྒྱག་མཁན་ཡིན་ན་ཏེ་ལུ་གུ་བཅས་ཀྱི་ནང་སེམས་ཀྱི་འགྱུ་བ་དང་སེམས་ཀྱི་རྣམ་འགྱུར་གསལ་པོ་བཏོན་ཐུབ་པ་བཞིན་སྐད་ཡིག་གཞན་ནང་བཏོན་མི་ཐུབ་པ་དང༌། ལྷག་པར་དུ་སྙན་ངག་གི་ཉམས་འགྱུར་ཞིག་འདོན་དགོས་བྱུང་ན་དེ་བས་ཀྱང་མི་ཡོང༌། ཉི་དབང་མགོན་པོའི་Rabindranath Tagore གྲགས་ཆེ་བའི་སྙན་ངག་ཚང་མ་བངྒལཱ་སྐད་ནང་རེད། ཁོང་དབྱིན་ཇི་མ་མཁྱེན་མཁན་ཞིག་མིན་པར་དབྱིན་སྐད་ཧ་ཅང་ཡག་པོ་རེད། དེ་བཞིན་བདག་ཉིད་ཆེན་པོ་གཱནྡཱི་ཡང་དབྱིན་སྐད་གནས་ཚད་ཧ་ཅང་མཐོ་པོ་རེད། ཁོང་གིས་བྲིས་པ་བཞིན་ཧ་ལམ་དབྱིན་ཇིའི་མཁས་པ་ཚོས་ཀྱང་འབྲི་ཐུབ་དཀའ་ཞིང༌། དབྱིན་ཇིའི་སྐད་ཡིག་ཐོག་དབང་བསྒྱུར་དེ་ཧ་ཅང་རླབས་ཆེའང༌། གནད་འགག་ཆེ་བའི་བསྟན་བཅོས་གཅིག་བརྩམ་དགོས་བྱུང་ན། སོ་སོའི་རང་སྐད་ནང་མ་གཏོགས་སྐད་ཡིག་གཞན་ནང་བརྩམས་པ་བྱུང་མེད། ཁོང་གི་ཧ་ཅང་གྲགས་ཆེ་བའི་དཔེ་དེབ་ཧིནྡ་སྭརཱཇ྄ཡ་སྟེ་རྒྱ་གར་རང་དབང་ཞེས་པ་དེ་གུཇརཱཏཱིའི་སྐད་ནང་བྲིས་པ་མ་གཏོགས། དབྱིན་སྐད་ནང་བྲིས་མེད་ལ། གཞན་གང་གི་ནང་དུའང་བྲིས་མེད། ཉི་དབང་མགོན་པོར་ནོ་སྦེལ་བྱ་དགའ་ཐོབ་པའི་གླུ་ཡི་སྙིམ་པ་གླུ་ཐལ་སྦྱར་མ་ Geetanjaliཟེར་བ་དེ་བངྒལཱ་སྐད་ནང་བྲིས་པ་མ་གཏོགས་སྐད་ཡིག་གཞན་ནང་བྲིས་མེད། དེས་ན་སེམས་ཚོར་གྱི་གནས་ཚུལ་ཇི་མ་ཇི་བཞིན་ཡང་དག་པར་བསྟན་པའམ་མངོན་པར་གསལ་ཐུབ་པ་དེ་རང་སྐད་ཐོག་བྱུང་བ་བཞིན་གཞན་དག་ནང་མི་ཐུབ་པ་ནི་དངོས་ཡོད་གནས་ཚུལ་རེད། དེ་ཉམས་དུས་སྐད་དེ་ཉམས་པ་དང་སྐད་ཡིག་གི་རང་དབང་དེ་ཤོར་བ་ཡིན།
ད་ལྟ་བོད་དུ་བོད་སྐད་ནང་མིང་ཚིག་བརྒྱ་ཆ་ལྔ་བཅུ་མིན་རུང༌། གང་ལྟར་བརྒྱ་ཆ་བཞི་བཅུ་ཙམ་རྒྱ་སྐད་འདྲེས་ཚར་འདུག དེ་མིན་བོད་སྐད་ཀྱིས་འདང་གི་མེད། དེ་ལྟར་མི་རིགས་ཆེན་པོའི་སྐད་ཡིག་གིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཚབ་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་གཉའ་གནོན་འོག་ལ་ཕྱིན་ནས་ཉམས་པ་ཡིན་སྟབས། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཐོག་ནས་ད་ལྟའི་རྒྱ་མིའི་བྱེད་སྟངས་ནི་རང་གི་ལྟ་གྲུབ་དང་རྩ་བ་ནས་མཐུན་གྱི་མེད། བོད་མིར་རང་དབང་མེད་པར་གཞན་དབང་སྟབས་བསྟུན་བྱེད་དགོས་དུས་བྱེད་ཐབས་གང་ཡང་མེད། དཔེར་ན་ལྷ་སའི་རླུང་འཕྲིན་དང་རྒྱ་ནག་གི་རླུང་འཕྲིན་ནང་བོད་སྐད་ཤོད་མཁན་ཚོར་ཉོན་དང༌། ཚིག་ཚང་མ་བོད་སྐད་ཡིན་ཡང༌། སྒྲ་གདངས་ཚང་མ་རྒྱ་སྐད་དུ་བསྒྱུར་ནས་བཤད་ཀྱི་ཡོད། དེ་ཚོ་བཙན་དབང་ཐོག་ནས་བཤད་བཅུག་པ་མ་གཏོགས། ཁོང་ཚོས་དེ་འདྲ་མ་ལབ་ན་ལས་ཀ་ནས་འབུད་རྒྱུ་དང༌། བཙོན་ཁང་དུ་འགྲོ་ཉེན་ཡོད་པའི་གནས་སྟངས་ཤིག་མེད་དམ་སྙམ་གྱི་འདུག
འོན་ཀྱང་རང་དབང་ལུང་པའི་ནང་སྡོད་མཁན་ཚོས་སྐད་ཆའི་ནང་ཧིནྡཱི་དང་དབྱིན་སྐད་མ་བསྲེ་ན་མི་འགྲིག་པ་ལྟ་བུའི་གནས་སྟངས་ཆགས་རྒྱུ་དེ་རང་དབང་དང་རང་འདོད་ཐོག་ནས་སོ་སོའི་སྐད་ཡིག་རྩ་མེད་གཏང་རྒྱུ་ཞིག་ནང་ཤེས་བཞིན་དུ་འགྲོ་བ་ཡིན་སྟབས། རྒྱ་མིར་ལབ་རྒྱུ་གང་ཡང་མི་འདུག རྒྱུ་མཚན་ཞིག་གི་ཐོག་ནས་བསམ་བློ་གཏོང་ན། རྒྱ་མིས་བྱེད་པ་བཞིན་ང་ཚོས་ཀྱང་བྱེད་ཀྱི་ཡོད་ཅིང༌། རྒྱ་མིས་རྒྱ་སྐད་བསླབ་དགོས་ཟེར་བ་བཞིན། ང་ཚོ་རང་དབང་ལུང་པའི་ནང་ཡོད་པ་ཚོས་དབྱིན་ཇི་བསླབ་དགོས་ཞེས་བཤད་པར་བརྟེན། རང་གི་སྐད་ཡིག་དང་རང་གི་རིག་གཞུང་ལ་དོ་སྣང་མེད་པ་དང༌། ངོ་རྒོལ་བྱེད་པ། རྩ་མེད་གཏོང་རྒྱུའི་ལས་དོན་དེ་གཅིག་པ་རེད། འོན་ཀྱང་རྒྱ་མིས་བཙན་དབང་གིས་བྱེད་སྟབས། བོད་པའི་ངོས་ནས་དེ་ལ་གདོང་ལེན་བྱེད་སླ་བ་རེད། ང་ཚོས་རང་དབང་དང་རང་འདོད་ཐོག་ནས་བྱེད་སྟབས། གདོང་ལེན་བྱེད་མཁན་མེད་ལ། གལ་སྲིད་གདོང་ལེན་བྱེད་མཁན་ཡོད་རུང༌། གདོང་ལེན་བྱེད་དཀའ་བ་རེད། སྐད་ཡིག་གཞན་གྱིས་རང་སྐད་ཀྱི་ཚབ་བྱེད་ན་མི་འགྲིག་ཅེས་བརྗོད་དུས་མི་མང་པོའི་རྣ་བར་མི་འགྲོ རྒྱ་མིའི་སྐད་ཡིག་གིས་བོད་སྐད་ཀྱི་ཚབ་བྱེད་ན་མི་འགྲིག་ཅེས་བརྗོད་སྐབས་ཧ་ཅང་རྣ་བར་འགྲོ་བ་ཡིན། རྒྱ་མིར་ཁྲོ་བའི་དབང་གིས་མ་གཏོགས་རྒྱུ་མཚན་གཞན་གང་ཡང་བསམ་བློ་གཏོང་གི་མེད། དབྱིན་ཇིའི་སྐད་ཡིག་གིས་བོད་ཀྱི་སྐད་ཡིག་གི་ཚབ་བྱེད་ན་མི་འགྲིག་ཅེས་བརྗོད་སྐབས་དེ་འགྲིག་ཅེས་བརྗོད་མཁན་མང་པོ་ཡོང་གི་འདུག ང་ཚོའི་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་བགྲོ་གླེང་སྐབས་སུའང་སྐད་ཡིག་གཞན་ཡང་སྔོན་འགྲོའི་འཛིན་གྲྭ་ནས་བསླབ་དགོས་ཞེས་གསུང་མཁན་མང་པོ་བྱུང་སོང༌། ཁོང་ཚོས་སྐད་ཡིག་མང་པོ་ཤེས་པའི་རྣམ་དཔྱོད་དེ་ཕྲུ་གུ་ཆུང་དུས་མང་ཤོས་རེད་ཅེས་རྒྱུ་མཚན་དྲངས་པ་དེ་བདེན་པ་རེད། ཕྲུ་གུ་སྐད་ཆ་བཤད་འགོ་ཚུགས་སྐབས་རང་སྐད་ལྟ་བུ་གང་ཡང་མེད། དབྱིན་ཇི་གོ་ན་དབྱིན་ཇི་དང༌། ཧིནྡཱི་གོ་ན་ཧིནྡཱི་འཇགས་པ་ཡིན། སྐད་ཡིག་གཞན་ཤེས་སླ་ཤོས་ནི་ཕྲུ་གུ་སྐད་ཆ་བཤད་ཤེས་ལ་མ་ཤེས་སྐབས་ཡིན་པ་དེ་དངོས་ཡོད་གནས་སྟངས་རེད། དེ་མ་རེད་ཅེས་ཤོད་མཁན་མེད། འོན་ཀྱང་འཚར་ལོངས་ཡོང་དུས་རང་སྐད་གང་ཆགས་མིན་ཞེས་པ་ནི་དྲི་བ་ཆེ་ཤོས་དེ་རེད། རང་སྐད་དབྱིན་ཇི་ཆགས་ན་ར་མ་ལུག་རེད། མི་དེ་དབྱིན་ཇི་ཆགས་མི་ཐུབ་ཅིང༌། ལོཌ་མེ་ཀོ་ལེས་ཀྱང་པགས་པ་ནག་པོར་བསྡད་པ་ལས་ང་ཚོས་དཀར་པོ་བཟོ་མི་ཐུབ་ཅེས་བཤད་པ་ལྟ་བུ་རེད། ཚོན་ལྟ་བུ་བྱུག་ན་མ་གཏོགས་པགས་པ་དཀར་པོ་བཟོ་ཐབས་མེད། དེས་ན་དྲི་བ་ཆེ་ཤོས་ནི་མི་དེ་ལུང་པ་གང་ནས་ཡིན་པ་དང༌། གཤིས་རྒྱུད་གང་འདྲ་ཞིག་ཡིན་པ་དེའི་ཚད་དེ་ཁོའི་རྣམ་རྟོག་གི་འགྱུ་བའི་ཐོག་ནས་ཐག་གཅོད་པ་མ་གཏོགས། ཁོས་གྱོན་གོས་དང་ཟ་མ་ནས་ཐག་གཅོད་ཐུབ་ཐབས་མེད། བོད་པ་གཅིག་གིས་དབྱིན་ཇིའི་ཆས་གོས་གྱོན་པ་དང༌། སྐེ་ལ་ཐག་པ་ Tie བཏགས་པ། དེ་བཞིན་གྲི་དང་ཐུར་མས་ཟས་ཟ་བ་བཅས་ཀྱི་ཐོག་ནས་བོད་པ་དབྱིན་ཇི་ཆགས་མི་ཐུབ། བསམ་བློ་གཏོང་རྒྱུའི་སྨྲ་བརྗོད་དེའི་སྒྲ་གདངས་སམ་སྐད་དེ་གཞན་ཞིག་ཆགས་ན། གཞན་ཞིག་ཆགས་སྲིད་པའི་གནས་སྟངས་དེ་ངེས་པར་དུ་ཡོད་མུས་རེད།
ཞོགས་པའི་ཚོགས་ཐེངས་འདིའི་ནང་ཁྱེད་ཚོར་དོན་དག་གལ་ཆེ་བ་གསུམ་ཞུས་པ་དེ་བསྐྱར་ལྡབ་ཀྱིས་ཞུ་རྒྱུ་ཡིན། དང་པོ་ནི་དགེ་རྒན་དབུས་སུ་བཞག་པའི་ཤེས་ཡོན་སྲིད་བྱུས་ཤིག་ཡིན་པར་བརྟེན། དགེ་རྒན་གྱི་གནས་ཚད་ཆ་ཚང་ལོན་དགོས་པ་དེ་མེད་དུ་མི་རུང་བ་རེད། དགེ་རྒན་གྱི་གནས་ཚད་ལོན་པ་ཞེས་པ་དེ་འཛིན་གྲྭ་མཐོ་བ་རྐྱང་པ་མིན་པར། དམའ་རིམ་དགེ་རྒན་ནས་ཀྱང་ལོན་དགོས་ཟེར་བ་དེ་རེད། གཉིས་པ་ནི་དགེ་རྒན་དབུས་སུ་བཞག་པའི་སྲིད་བྱུས་དེ་འཛིན་གྲྭ་གོང་མ་ལས་འཛིན་གྲྭ་འོག་མར་གལ་ཆེ་བ་དང༌། སྔོན་འགྲོའི་འཛིན་གྲྭར་དེ་བས་ཀྱང་གལ་ཆེ་བ་ཆགས་ཡོད་ཅིང༌། མ་འོངས་པའི་འཛིན་གྲྭ་ཚང་མ་སྔོན་འགྲོའི་འཛིན་གྲྭའི་ནང་ཇི་ཙམ་ས་བོན་བཏབ་ཐུབ་དང་མ་ཐུབ་ལ་རག་ལུས་པ་རེད། གསུམ་པ་ནི་ཕྲུ་གུ་འཚར་ལོངས་སྐབས་ནས་རང་སྐད་གཙང་མ་དགོས་པར་བརྟེན། སྤྱིར་འཛིན་གྲྭ་གསུམ་པ་མན་ཆད་དང༌། ལྷག་པར་དུ་སྔོན་འགྲོའི་འཛིན་གྲྭ་ལ་རང་སྐད་ལས་གཞན་པའི་སྐད་ཡིག་གཞན་ནམ་ཡང་བེད་སྤྱོད་མི་གཏོང་ཞིང༌། རྩེད་མོ་དང་གཞས་སོགས་སུའང་རང་སྐད་མ་གཏོགས། སྐད་ཡིག་གཞན་བེད་སྤྱོད་མི་གཏོང་རྒྱུ་དེ་རེད།
ངའི་སྐད་ཆ་འགོ་མ་ཚུགས་སྔོན་ལ་ཁྱེད་ཚོའི་ངོས་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དྲི་བ་དང་དོགས་གཅོད་ཡོད་ན། དེའི་ཐོག་དམིགས་བསལ་བགྲོ་གླེང་བྱེད་ཆོག་གི་རེད་བསམ་བྱུང༌། འོན་ཀྱང་དྲི་བ་གནང་མཁན་དམིགས་བསལ་བྱུང་མ་སོང༌། སྔོན་འགྲོའི་འཛིན་གྲྭའི་ནང་འཛིན་ཆས་ཡོད་དང་མེད་ཟེར་བ་སོགས་འཛིན་སྐྱོང་གི་སྐད་ཆ་རེད། དེ་ཤེས་རིག་ལས་ཁུངས་ཀྱི་འཛིན་སྐྱོང་གི་མི་ཚོ་དང་སྐད་ཆ་བཤད་ན་འགྲིག་རྒྱུ་མ་གཏོགས། ཤེས་རིག་སྲིད་བྱུས་དང་ཤེས་ཡོན་གྱི་ལམ་སྲོལ་དང་འབྲེལ་བ་གང་ཡང་མེད། ཤེས་ཡོན་སྲིད་བྱུས་ནང་ལྟ་གྲུབ་དང་ལམ་སྲོལ་ཞིག་གི་གནས་སྟངས་བཤད་པར་བརྟེན། ཚང་མས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་དེའི་ཐོག་ངེས་པར་དུ་བསམ་བློ་གཏོང་དགོས་པ་དང༌། ངོ་འཕྲོད་རྒྱུ་དེ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ།།
༢༠༠༦ ཕྱི་ཟླ་ ༣ ཚེས་ ༡༥ ཉིན་གཞི་རིམ་ཤེས་ཡོན་སྲིད་བྱུས་ཐོག་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་ཐེངས་དང་པོར་
གནང་བའི་གསུང་བཤད།