གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བའི་གཞིས་ལུས་སྤུན་ཟླ་རྣམས་ལ་གནང་བའི་གསུང་བཤད།

༄༅། ། དེ་རིང་རྡོ་རྗེ་གདན་དུ་བོད་ནས་ཆེད་མངགས་གནས་མཇལ་དང་ྋགོང་ས་མཆོག་མཇལ་རྒྱུའི་ཆེད་དགེ་འདུན་པ་དང༌། བཙུན་མ། དེ་བཞིན་བོད་རིགས་སྤུན་ཟླ་མང་པོ་ཕེབས་འདུག ཁྱེད་རང་ཚོ་ཁྱུག་ཙམ་མཇལ་རྒྱུ་དང༌། བཀའ་མོལ་ཚིག་ཁ་ཤས་ཞུ་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང༌། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་གཞུང་དང༌། བཀའ་ཤག་ངོས་ནས་ཚང་མར་དགའ་བསུ་དང༌། འཚམས་འདྲི། བཀྲིས་བདེ་ལེགས་ཡོད། ཁྱེད་རང་ཚོ་གནས་མཇལ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཆོས་འཐོབ་རྒྱུ། དེ་ནས་བདེ་ཐང་ཐོག་སོ་སོའི་ལུང་པར་ལོག་ཐུབ་པའི་རེ་བ་དང་སྨོན་ལམ་རྒྱག་གི་ཡོད།

དེ་རིང་ྋསྐྱབས་མགོན་རིན་པོ་ཆེས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་དང་བཅས་པའི་ཆོས་ལུགས་ཆོས་བརྒྱུད་ཡོངས་རྫོགས་ཀྱི་བླ་ཆེན་ཚང་མ་ཆིབས་སྒྱུར་གནང་ཡོད། ཕྱི་ཟླ་ ༡ ཚེས་ ༢༥ ཉིན་བོད་ཟླ་ ༡༢ ཚེས་ ༡༥ འཁེལ་གྱི་ཡོད། དེའི་ཉིན་བོད་གཞིས་བྱེས་ལྷ་མི་ཡོངས་རྫོགས་ཐུན་མོང་ཐོག་ནས་བོད་སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུའི་ཆེད་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་དྲུང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གནང་རྒྱུ་ཡིན། དེ་ང་ཚོའི་ངོས་ནས་ཧ་ཅང་གི་གལ་ཆེན་པོ་བརྩི་བ་ཡིན། གལ་ཆེན་པོ་བརྩི་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། བོད་ཀྱི་ལོ་རྒྱུས་ནང་སྤྲེལ་ལོ་དེ་ག་དུས་ཡིན་ཡང་གལ་ཆེན་པོ་བརྩི་བ་རེད། སློབ་དཔོན་པདྨ་སམ་བྷ་བས་བོད་དུ་ཞབས་བཅགས་ནས་བོད་འདི་ཆོས་ཀྱི་སྣོད་རུང་དུ་མཛད་པའི་ལོ་དེ་སྤྲེལ་ལོར་འཁེལ་གྱི་ཡོད། དེར་བརྟེན་སྤྲེལ་ལོ་ནམ་ཡིན་ལ་གུ་རུ་རིན་པོ་ཆེའི་དུས་ཆེན་དང༌། བོད་ཀྱི་ཆོས་སྲིད་གཉིས་ཀར་གལ་གནད་ཆེ་བའི་ལོར་བརྩི་བ་རེད། ལྷག་པར་དུ་རབ་བྱུང་བཅུ་བདུན་པའི་སྤྲེལ་ལོ་འདི་བོད་ཀྱི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་དུས་ཚོད་ཅིག་ཏུ་འཁེལ་ཡོད། ལོ་འདིའི་ནང་བོད་སྤྱི་མཐུན་བསོད་ནམས་བསགས་རྒྱབ་ཤུགས་ཆེན་པོ་ཞིག་བྱུང་བ་ཡིན་ན། མ་འོངས་པའི་བོད་ཀྱི་མདུན་ལམ་བཟང་པོ་ཡོང་རྒྱུ་དང༌། བོད་དོན་བདེན་མཐའ་གསལ་རྒྱུར་རེ་བ་ཡོད་པ་ལྷ་དང་བླ་མ་མང་པོས་ལུང་བསྟན་གནང་བ་ཞིག་རེད། དེར་བརྟེན་བཙན་བྱོལ་གཞུང་གི་ངོས་ནས་བོད་ཕྱི་ནང་གཉིས་ཀར་ཡོད་པའི་བོད་མི་ཡོངས་ལ་ཚེས་བཟང་དུས་བཟང་སྐབས་སུ་ཞབས་རིམ་བསྒྲུབ་རྒྱུ་དང༌། སྤྱི་མཐུན་བསོད་ནམས་གསོག་རྒྱུའི་སྐོར་ལ་རེ་སྐུལ་ཞུས་པ་བཞིན་ཚང་མས་ཐུགས་སྣང་ཆེན་པོ་གནང་སྟེ་ད་ཕན་ལྷ་དང་བླ་མའི་ལུང་བསྟན་དུ་ཕེབས་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཕྱཱའི་ཞབས་རིམ་དང༌། བོད་བསྟན་སྲིད་ཀྱི་ཞབས་རིམ་ཆ་ཚང་ཡག་པོ་གྲུབ་སྟེ་དེའི་མཇུག་བསྡོམས་ཀྱི་ཚུལ་དུ་བོད་ཚེས་ ༡༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་དྲུང་དུ་མཆོད་འབུལ་གནང་རྒྱུ་ཡིན། རྡོ་རྗེ་གདན་གྱི་མཆོད་རྟེན་ནང་བཞུགས་པའི་སངས་རྒྱས་ཀྱི་སྐུ་དེ་ཕལ་ཆེར་རྒྱ་གར་ནང་སངས་རྒྱས་མྱ་ངན་འདས་རྗེས་བཞེངས་པའི་སྐུ་སྔ་ཤོས་ཀྱི་གྲངས་སུ་བརྩིས་པའི་བྱིན་རླབས་ཅན་གྱི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་མདུན་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཐུགས་སྨོན་བདེན་ཚིག་གནང་རྒྱུ་དང༌། དེའི་ཉིན་ྋགོང་ས་མཆོག་ནས་དམིགས་བསལ་གསར་དུ་ལྗགས་རྩོམ་གནང་བའི་གསོལ་འདེབས་སྨོན་ལམ་བདེན་པའི་རྔ་སྒྲ་ཚོགས་སུ་འདོན་རྒྱུ་འགོ་འཛུགས་གནང་རྒྱུ་ཡིན། དེའི་ཐོག་ནས་བོད་དོན་བདེན་མཐའ་མྱུར་དུ་གསལ་རྒྱུ་དང༌། བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་གཙང་མ་ཆགས་རྒྱུར་ང་ཚོའི་ངོས་ནས་རེ་བ་ཆེན་པོ་བྱེད་ཀྱི་ཡོད། བོད་ནང་ཡོད་པའི་བོད་ཆོལ་ཁ་གསུམ་གྱི་ས་གནས་མང་པོ་ནས་ད་རེས་ཀྱི་མཆོད་འབུལ་ལ་ང་ཚོས་རེ་སྐུལ་ཞུས་པ་བཞིན་ཞལ་འདེབས་འབྱོར་སོང༌། ལྷག་པར་དུ་ཁྱེད་རང་ཚོ་དགེ་འདུན་པ་དང༌། བཙུན་མ། མི་སྐྱ། རྒས་འཁོགས། གཞོན་ནུ། བྱིས་པ་བཅས་མང་པོ་ཞིག་སྐབས་འདིར་འཛོམས་ཐུབ་པར་ང་ཚོའི་ངོས་ནས་ཧ་ཅང་གི་རྩ་ཆེན་པོ་བརྩི་བ་ཡིན་ལ། ཁྱེད་རང་ཚོའི་ངོས་ནས་ཀྱང་ྋགོང་ས་མཆོག་གིས་དབུས་བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཀྱི་བླ་ཆེན་ཡོངས་སུ་རྫོགས་པ་ས་གནས་གཅིག་ཏུ་མཇལ་ཁ་ཐོབ་པ་དང༌། སྟོན་པ་ཐུབ་པ་ཤཱཀྱ་ཐུབ་པ་ཙམ་མ་ཟད། བསྐལ་པ་བཟང་པོ་འདིའི་ནང་སངས་རྒྱས་སྟོང་བྱོན་ཟིན་པ་དང༌། འབྱོན་པར་འགྱུར་བ་ཚང་མ་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་བསྟན་པའི་གནས་མཆོག་རྡོ་རྗེ་གདན་དུ་གནས་མཇལ་རྒྱུ་དང༌། སྨོན་ལམ་ཆེན་མོའི་ནང་ཆ་ཤས་བླང་རྒྱུ་བཅས་མི་ཚེའི་ནང་རྙེད་པར་དཀའ་བའི་སྐལ་བ་བཟང་པོའི་གནས་སྟངས་འདི་དགའ་བ་སྒོམ་དགོས་པ་ཞིག་རེད། དེར་བརྟེན་ཚང་མས་གསོལ་བ་སྨོན་ལམ་ཡག་པོ་འདེབས་རྒྱུ་དང༌། ཚོགས་བསགས་སྒྲིབ་སྦྱོང༌། སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ཀ་ྋརྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་མཐུན་པ་ཡག་པོ་གནང་གི་རེད་ལ། གནང་རྒྱུར་ང་ཚོས་རེ་བ་ཞུ་གི་ཡོད། མ་འོངས་པའི་བོད་ཀྱི་གནས་བབས་ཡག་པོ་ཡོང་བ་དང༌། རིང་པོར་མི་ཐོགས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་གངས་ཅན་ལྗོངས་སུ་ྋཞབས་སོར་འཁོད་དེ་གཞིས་བྱེས་མཉམ་འཛོམས་ཡོང་ཐུབ་པའི་སྨོན་ལམ་གནང་དགོས་པ་ཞིག་ཡིན། དེ་ཚང་མའི་ཐུགས་ལ་འཇགས་རོགས་གནང༌།

ྋགོང་ས་མཆོག་དང་བཀའ་ཤག་གང་དུ་ཡོད་ས་དེར་བོད་མི་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ངོས་ལེན་བྱེད་ཀྱི་ཡོད། དེར་བརྟེན་ཕྱི་ལོ་ ༡༩༥༩ ལོར་ྋགོང་ས་མཆོག་བོད་ཀྱི་རྒྱལ་ས་བཞག་གནང་སྟེ་རྒྱ་གར་དུ་ཆིབས་སྒྱུར་གནང་སྐབས་དེའི་སྐབས་ཀྱི་བོད་གཞུང་བཀའ་ཤག་དང༌། བཀའ་བློན་མང་ཆེ་བ་ཆིབས་ཞབས་སུ་ཕེབས་ཐུབ་པར་བརྟེན་སྐབས་དེའི་ྋརྒྱལ་བ་རིན་པོ་ཆེ་དང༌། དགའ་ལྡན་ཕོ་བྲང་གི་བོད་གཞུང་གཉིས་ཀ་བཙན་བྱོལ་དུ་འབྱོར་བ་རེད། སྐབས་དེ་དུས་ཡོད་པའི་བོད་ཀྱི་གཞུང་དེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་ས་གནས་སྲིད་གཞུང་དུ་ངོས་ལེན་གཙང་མ་ཡོད་རེད། བོད་དེ་གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་མཁན་གྱི་ཡ་གྱལ་གྱི་སྲིད་གཞུང་ཞིག་རེད། ལོ་ ༣༦༠ ལྷག་ཕྱིན་ཟིན་པའི་བོད་ཀྱི་སྲིད་གཞུང་དེ་ད་ལྟའི་གནས་སྐབས་སུ་རྒྱ་གར་ནང་བཙན་བྱོལ་དུ་གནས་ཡོད། བཙན་བྱོལ་དུ་འབྱོར་རྗེས་ྋརྒྱལ་དབང་སྐུ་འཕྲེང་བཅུ་བཞི་པའི་ཐུན་མོང་མ་ཡིན་པའི་ཐུགས་ཀྱི་བཞེད་དོན་རླབས་ཆེ་བ་གཉིས་ཡོད། དང་པོ། སྤྱིར་འཛམ་གླིང་ཞི་བདེ་ཡོང་བ་དང༌། ལྷག་པར་དུ་བོད་ཀྱི་བདེན་པའི་རང་དབང་འཐབ་རྩོད་དེ་རྣམ་པ་ཐམས་ཅད་དུ་འཚེ་མེད་ཞི་བའི་ལམ་དུ་འགྲོ་ཐུབ་པ་དང༌། གཉིས་པ། བཙན་བྱོལ་བོད་གཞུང་ཡང་དག་པའི་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུ་དེ་རེད། དགོངས་བཞེད་གཉིས་ཀ་འདས་པའི་ལོ་ ༤༥ རིང་ཕལ་ཆེ་བ་གྲུབ་པ་བྱུང་ཡོད། བཙན་བྱོལ་བོད་མིའི་བདེན་པའི་འཐབ་རྩོད་ལ་ཆ་མཚོན་ན། ཕྱི་ལོ་ ༡༩༦༧ ནམ་ ༡༩༦༨ རྗེས་སུ་བརྒྱ་ཆ་བརྒྱ་ཐམ་པ་འཚེ་མེད་ཞི་བའི་ངོ་བོར་བསྒྱུར་ཐུབ་ཡོད། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུར་ཆ་མཚོན་ནའང༌། ཕྱི་ལོ་ ༡༩༥༩ ཟླ་ ༡༢ དང༌། ཕྱི་ལོ་ ༡༩༦༠ ཟླ་ ༡ ནང་བཙན་བྱོལ་དུ་ཡོད་པའི་འགོ་ཁྲིད་མང་ཆེ་བ་གནས་མཆོག་རྡོ་རྗེ་གདན་དུ་འཛོམས་ཏེ་བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་མང་གཙོ་ཅན་དུ་བསྒྱུར་རྒྱུ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཛུགས་རྒྱུའི་ཐག་གཅོད་བྱུང་ཡོད། དེར་བརྟེན་རྡོ་རྗེ་གདན་ནི་ཆོས་ཕྱོགས་ཀྱི་ཐོག་ནས་རྩ་ཆེན་པོ་ཡིན་པ་མ་ཟད། བོད་མིའི་ཆབ་སྲིད་ཐོག་ནས་བལྟས་པ་ཡིན་ཡང་མང་གཙོའི་རིང་ལུགས་དབུ་བརྙེས་སའང་ཆགས་ཡོད། གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་གལ་གནད་ཆེ་བའི་ས་ཆ་ཞིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་མི་མང་གིས་འོས་འདེམས་བྱས་པའི་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མིས་དམ་བཅའ་ཕུལ་བའི་ཉིན་མོ་དེ་ནས་བཟུང་ང་ཚོས་མང་གཙོའི་ཉིན་མོ་སྲུང་རྩི་ཞུས་ཏེ་ཡོང་བསྡད་པ་ཞིག་རེད། ད་བར་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གསུམ་རིམ་པས་བྱུང་ཟིན་པ་དང༌། དེ་བཞིན་ད་ལྟའི་གནས་སྐབས་སུ་བཀའ་ཤག་ཀྱང་སྐབས་བཅུ་གཉིས་པར་འཁེལ་ཡོད། རིམ་པས་ང་ཚོས་མང་གཙོའི་རིང་ལུགས་ཐོག་གོམ་པ་མདུན་སྤོས་བྱས་ཏེ་ཕྱིན་པ་རེད། ཡིན་ཡང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་པའི་མཐོ་ཚད་དང་བོད་མི་མང་གི་ངོས་ནས་གོམ་པ་བརྒྱབ་ཚད་གཉིས་སྐབས་རེ་མ་མཉམ་པར་ྋགོང་ས་མཆོག་གིས་དགོངས་པ་བཞེས་སར་མང་ཚོགས་ཀྱི་ངོས་ནས་གོམ་པ་བརྒྱབ་མི་ཐུབ་པར་རྗེས་ལུས་ཐེབས་པ་ཡང་ཡང་ཡོང་གི་ཡོད། ཕྱི་ལོ་ ༡༩༦༢ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་དང༌། ཕྱི་ལོ་ ༡༩༦༤ དང་ ༡༩༦༥ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་གསལ་བསྒྲགས་བསྐྱངས་ཏེ་བཙན་བྱོལ་གཞུང་མ་འོངས་བོད་ཀྱི་རྩ་ཁྲིམས་དང་མཐུན་པ་བསྐྱང་དགོས་ཀྱང༌། རིམ་པས་དཀའ་ངལ་འཕྲད་པའི་སྐབས་སུ་ཕྱི་ལོ་ ༡༩༩༠ ལོར་སྐབས་བཅུ་པའི་སྤྱི་འཐུས་དང༌། སྲོལ་རྒྱུན་ལྟར་ྋགོང་ས་མཆོག་གིས་བསྐོ་གཞག་གནང་བའི་བཀའ་ཤག་གཉིས་ཀ་ཕྱིར་བསྡུ་གནང་བ་རེད། སྔོན་མ་ཡིན་ན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་གྲངས་ ༡༧ མ་གཏོགས་མེད་ཀྱང༌། ཕྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་གྲངས་ ༤༦ ལ་སྤར་ཏེ་འོས་བསྡུ་བྱེད་སྟངས་ཀྱི་ལམ་སྲོལ་ཚད་ལྡན་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད། ད་ཕན་འདས་པའི་ལོ་བཅུ་བཞིའི་རིང་བཙན་བྱོལ་གཞུང་གི་ལས་དོན་གང་འདྲ་ཞིག་ཡིན་ཡང་ཁྲིམས་ཀྱི་གཞི་རྩ་བཟུང་སྟེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་ལ་ལྟོས་པ་མ་གཏོགས་གང་ཟག་གི་དབང་བསྒྱུར་ཐོག་ནས་འགྲོ་རྒྱུ་མེད་པ་ཞིག་ཆགས་ཡོད། དེ་ནས་བཟུང་ང་ཚོས་མང་གཙོའི་རིང་ལུགས་ཐོག་མདུན་བསྐྱོད་ཆེན་པོ་ཞིག་བྱས་པ་རེད།

ཕྱི་ལོ་ ༢༠༠༡ ལོར་ད་དུང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་ྋགོང་ས་མཆོག་གི་དགོངས་འཆར་གྲོས་ཚོགས་ནང་ཕེབས་པ་བཞིན་གྲོས་ཚོགས་ཀྱིས་བསྐྱར་བཅོས་གནང་སྟེ་ད་ལྟའི་གནས་སྐབས་སུ་འཛིན་སྐྱོང་གི་འགོ་ཁྲིད་བཀའ་བློན་ཁྲི་པ་ཡང་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་ཐད་ཀར་རང་མོས་ཀྱི་སྒོ་ནས་འོས་འདེམས་བྱེད་རྒྱུའི་ལམ་སྲོལ་གསར་པ་གཏོད་དེ་དེའི་ཐོག་ནས་འོས་བསྡུ་དང་པོ་བྱས་པའི་གྲུབ་འབྲས་སུ་ད་ལྟ་འདིར་བཀའ་མོལ་ཞུ་མཁན་གྱི་གང་ཟག་འདིའི་ཐོག་བཀའ་བློན་ཁྲི་པའི་འོས་འགན་བབས་ཏེ་ལོ་ལྔའི་ལས་ཡུན་ནས་ལོ་གསུམ་དང༌། ཟླ་བ་བཞི་ལྔའི་རིང་ལས་ཁུར་ཞུས་ཟིན་པ་དང༌། ད་དུང་ལོ་གཅིག་དང་ཟླ་བ་བརྒྱད་དགུ་ཙམ་ཞབས་འདེགས་ཞུ་རྒྱུ་ལྷག་ཡོད། དེའི་རིང་གལ་གནད་ཆེ་ཤོས་ནི་བོད་དོན་བདེན་མཐའ་གསལ་ཐབས་སུ་གོམ་པ་བརྒྱབ་དགོས་པར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་མེས་འཚིག་མེར་གཏུགས་བྱས་ཏེ་གྲོས་བསྡུར་དང་ཞི་མོལ་ཐོག་ནས་ཐབས་ལམ་འཚོལ་རྒྱུ་རེད། ཕྱི་ལོ་ ༡༩༧༩ ནས་བཟུང་འདས་པའི་ལོ་ ༢༥ རིང་ྋགོང་ས་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་མི་ཡོངས་སུ་རྫོགས་པར་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཞིག་བྱུང་བ་ཡིན་ན། ཁ་བྲལ་དགོས་ཀྱི་མི་འདུག་ཅེས་དེ་འདྲའི་ཆབ་སྲིད་ཀྱི་གཟིགས་ཕྱོགས་གཅིག་གི་ཐོག་ནས་ཕེབས་ཡོད། ཕྱི་ལོ་བརྒྱད་ཅུ་གྱ་གྲངས་ནང་རིམ་པས་སྐུ་ཚབ་རྒྱ་ནག་དང༌། བོད་དུ་ཕེབས་རྒྱུ་བྱུང་ཡང༌། ཞི་མོལ་དོན་སྙིང་ལྡན་པ་གང་ཡང་བྱུང་མེད། དེ་ནས་དགུ་བཅུ་གོ་གྲངས་ནང་བཙན་བྱོལ་བོད་མི་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་ལམ་ལ་གང་འཚམས་ཉམས་ཆག་ཕྱིན་པ་རེད།

ཕྱི་ལོ་ ༢༠༠༡ ནས་བསྐྱར་དུ་ཐད་ཀའི་འབྲེལ་བ་བསྐྱར་གསོ་བྱས་ཐུབ་པ་ནས་བཟུང་སྟེ་ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༩ ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་ཆུང་ལྷ་ས་སོགས་དབུས་ཀྱི་ས་གནས་གལ་ཆེ་བ་ཁ་ཤས་ལ་ཕེབས་རྒྱུ་དང༌། པེ་ཅིང་དུ་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་ཡོད། སྐབས་དེར་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་བྱེད་པའི་དུས་སྐབས་ཡིན་པར་བརྟེན་སྐད་ཆ་གནད་འགག་ཆེ་བ་ཤོད་རྒྱུ་བྱུང་མི་འདུག ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་ནང་ནད་རིམས་བྱུང་བའི་དབང་གིས་སྐུ་ཚབ་ཕེབས་རྒྱུ་ཕྲན་བུ་འགྱངས་པ་རེད། རྒྱ་ནག་ནང་མི་རབས་བཞི་པའི་འགོ་ཁྲིད་གསར་པ་ཚོས་ཐུགས་འགན་བཞེས་རྗེས་ཕྱི་ལོ་ ༢༠༠༣ ནང་སྐུ་ཚབ་ཚོགས་ཆུང་ཐེངས་གཉིས་པ་བདེ་ཆེན་རང་སྐྱོང་ཁུལ་དང༌། རྒྱ་ནག་ཏུ་ཕེབས་ཏེ་བསྐྱར་དུ་བཀའ་བསྡུར་བྱུང་བ་རེད། ཕྱི་ལོ་ ༢༠༠༤ ཕྱི་ཟླ་ ༩ ནང་དཀར་མཛེས་རང་སྐྱོང་ཁུལ་དང༌། རྒྱ་ནག་ཏུ་སྐུ་ཚབ་ཚོགས་ཆུང་ཐེངས་གསུམ་པ་ཕེབས་སྐབས་ཆབ་སྲིད་ཀྱི་གནད་དོན་ཐད་ཕན་ཚུན་གསལ་པོ་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་དང་པོ་དེ་བྱུང་ཡོད། དེར་བརྟེན་ད་ལྟའི་གནས་སྐབས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང༌། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བར་བསམ་བློ་དང་ལྟ་བ་མི་མཐུན་པའི་གནད་འགག་གང་དུ་ཐུག་པ་དང༌། དེ་དག་མཐུན་པ་བཟོ་ཐབས་མེད་པ་གང་ལྷག་ཡོད་པ། མཐུན་པ་བཟོ་ཐབས་ཡོད་པའི་གནས་ཚུལ་གང་ཡོད་པ། མ་འོངས་པར་ཕྱོགས་གཉིས་ཀའི་མོས་མཐུན་ཡོད་པའི་གནས་ཚུལ་ཞིག་གི་ཐོག་ནས་ཞི་མོལ་ཡོང་ཐུབ་རྒྱུའི་ཐབས་ལམ་གང་འདྲ་ཞིག་བཙལ་དགོས་ཡོད་པ་བཅས་གང་ལ་གང་འཚམས་གསལ་པོ་ཆགས་ཡོད། དེར་བརྟེན་སྐུ་ཚབ་ཐེངས་གསུམ་པ་ཚུར་འབྱོར་བ་ནས་བཟུང་ཞི་མོལ་ལས་དོན་གྱི་ཚོགས་ཆུང་རྒྱ་བསྐྱེད་བཏང་སྟེ་ད་ལྟའི་གནས་སྐབས་སུ་སྐུ་ཚབ་ཚོགས་ཆུང་ཐེངས་བཞི་པ་མགྱོགས་མྱུར་ཕེབས་ཐུབ་རྒྱུ་དང༌། དེའི་སྐབས་སུ་བོད་རྒྱ་ཞི་མོལ་ལས་དོན་གྱི་དུས་ཚོད་དང་ལས་འཆར་ཚད་ལྡན་གཏན་འབེབས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

བོད་རྒྱ་ཞི་མོལ་དངོས་སུ་བྱུང་བའི་ཉིན་མོར་ཞི་མོལ་གནང་མཁན་གྱི་སྐུ་ཚབ་ཁོངས་བོད་ནང་ཡོད་པའི་བོད་མིའི་སྐུ་ཚབ་དང༌། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྐུ་ཚབ་མཉམ་རུབ་ཀྱི་སྒོ་ནས་གནང་དགོས་པ་ཞིག་རེད་མ་གཏོགས་བཙན་བྱོལ་བོད་མིའི་སྐུ་ཚབ་རྐྱང་པས་ཐག་བཅད་དེ་ཞི་མོལ་གནང་ཐུབ་ཐབས་མེད། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་མང་གི་བསམ་ཚུལ་དང་མོས་འདུན་ཞི་མོལ་གྱི་ལས་རིམ་ནང་བླང་དགོས་རྒྱུ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་གལ་ཆེན་པོ་གཟིགས་གནང་གི་ཡོད། དེར་བརྟེན་མ་འོངས་པར་དངོས་གཞིའི་ཞི་མོལ་འགོ་འཛུགས་བྱུང་བའི་སྐབས་སུ་གཞིས་བྱེས་གཉིས་ཀྱི་བོད་མིའི་སྐུ་ཚབ་མཚོན་ཐུབ་པའི་ཞི་མོལ་ཚོགས་ཆུང་ཞིག་གི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་སྐད་ཆ་བཤད་ཐུབ་རྒྱུ་དང༌། ཐག་གཅོད་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཡིན་ཡང་ལས་དོན་དེ་ཚོ་ཚང་མའི་གཞི་རྩ་བཞག་ས་ྋགོང་ས་མཆོག་གིས་ཕྱི་ལོ་ ༡༩༨༧ ལོར་གསལ་བསྒྲགས་གནང་བའི་ཞི་བའི་དོན་ཚན་ལྔ་དང༌། ཕྱི་ལོ་ ༡༩༨༨ ལོར་གསལ་བསྒྲགས་གནང་བའི་སི་ཏྲས་སི་སྦག་གི་གྲོས་འཆར་དེ་གཉིས་རེད། དེ་ནི་ང་ཚོའི་རྩ་འཛིན་ཆབ་སྲིད་ཀྱི་ལམ་སྟོན་རེད། དེའི་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གང་ཐུགས་རེ་གནང་ཡོད་ཅེ་ན། མང་ཆེ་བས་མཁྱེན་རྟོགས་ཡོད་ངེས་རེད། ང་ཚོའི་འཐབ་རྩོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་རྩ་ཁྲིམས་ཀྱི་ཆ་རྐྱེན་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་དེ་རྩོད་གླེང་བྱེད་ཀྱི་ཡོད་པར་བརྟེན་ཆོལ་ཁ་གསུམ་དུ་གཏོགས་པའི་བོད་རིགས་ཡིན་ནོ་ཅོག་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་གཅིག་མཚུངས་ཀྱིས་བོད་རིགས་ཡོངས་རྫོགས་ལ་རང་སྲིད་རང་སྐྱོང་གི་གནས་བབས་དགོས་པ་དང༌། དེ་འདྲའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་གཞི་རིམ་གྱི་ཁྲིམས་གཞི་ཟུར་དུ་ཡོད་པ། དེའང་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་འགྲོ་ཐུབ་པ་ཞིག་དགོས་རྒྱུ་དེ་རེད། རྩ་འཛིན་དེ་གཉིས་ཀྱི་ཐོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་བོད་ཀྱི་མ་འོངས་པའི་མདུན་ལམ་བཙལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ད་ལྟའི་གནས་སྟངས་དང་མི་འདྲ་བ། ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་ལས་ཟུར་དུ་འགྲོ་དགོས་པའི་གནས་སྟངས་ཀྱང་མ་ཡིན་པ། དེའི་བར་དུ་ཡོད་པར་བརྟེན་དབུ་མའི་ལམ་ཞེས་གནས་ཚུལ་དེ་འདྲ་ཞིག་གི་ཐོག་ནས་རྒྱ་མི་མཉམ་དུ་ང་ཚོ་བཀའ་བསྡུར་གནང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་ཞིག་རེད། དེ་འདྲའི་གནས་བབས་ཆ་ཚང་ཞིག་བོད་རིགས་ཡོངས་རྫོགས་ལ་བྱུང་བ་ཡིན་ན་དེའི་ཐོག་ནས་བོད་མི་མང་གི་མངོན་འདོད་བསྒྲུབ་ཐུབ་པ་ཞིག་དང༌། བོད་མི་མང་གི་ཁུར་དུ་བབས་པའི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་རྒྱུ་དང༌། འཚོ་ཐབས་བཟང་པོ་སྐྱེལ་ཐུབ་རྒྱུ་དེ་གཉིས་ཀ་ཡོང་ཐུབ་རྒྱུ་ཞིག་རཻད། སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་སྤྱིའི་ནང་ཡིན་ཡང་རེད། ཕྱིའི་དཔལ་འབྱོར་དང་དངོས་པོའི་འཛུགས་སྐྲུན་ཐོག་ཡིན་ཡང་དེ་ཚོ་ཚང་མའི་ཐོག་ནས་དེང་སྐབས་འཛམ་གླིང་གི་སྤྱི་ཡོངས་འགྲོ་སྟངས་ཀྱིས་རྒྱལ་ཁབ་ཆུང་ཆུང་དང༌། མི་གྲངས་ཉུང་ཉུང་དེ་དག་ཟུར་དུ་བསྡད་དེ་འཚོ་ཐུབ་རྒྱུ་དཀའ་ལས་ཁག་པོ་ཡིན་པ་མངོན་གསལ་དོད་པོ་ཆགས་པར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་རྒྱ་གཉིས་ཕན་གྱི་ལམ་སྲོལ་དེ་འདྲ་ཞིག་དགོངས་པ་བཞེས་ཏེ་ཕྱག་ལས་གནང་བཞིན་པ་རེད། དེར་བརྟེན་ཁྱེད་རང་ཚོ་བོད་ནང་ཡོད་པའི་བོད་མི་ཚོས་ྋརྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ཞི་མོལ་ཡོང་རྒྱུར་ཕྱོགས་གཅིག་ནས་གསོལ་བ་སྨོན་ལམ་འདེབས་རྒྱུ་དང༌། ཕྱོགས་གཞན་ཞིག་ནས་སེམས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་མ་གཏོགས་དངོས་སུ་བོད་ནང་ཡོད་པའི་བོད་མིས་མངོན་གསལ་དོད་པོས་ལས་འགུལ་བརྩམས་ཏེ་རྒྱབ་སྐྱོར་བྱེད་རྒྱུའི་གོ་སྐབས་སླེབས་ཀྱི་མེད། ཁྱེད་ཚོར་སེམས་ཤུགས་དང༌། ལྷག་བསམ་ཡོད་པ་སྨོས་མ་དགོས་པ་རེད། འོན་ཀྱང་སྐབས་རེ་སེམས་ཤུགས་དང་ལྷག་བསམ་གྱིས་མ་བཞག་པར་གྱེན་ལངས་དང༌། ངོ་རྒོལ་གྱི་ལས་འགུལ་བརྩམས་པ་ཡིན་ན་གང་ལྟར་མཐའ་མ་མི་འཕྲོ་བརླག་འགྲོ་རྒྱུ་དང༌། བཙོན་ཁང་ནང་སླེབས་རྒྱུའི་གནས་བབས་མ་གཏོགས་མེད། དེར་བརྟེན་རང་གི་མི་རིགས་ཀྱི་ཤ་ཞེན་དང༌། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལྷག་བསམ་གང་འདྲ་ཞིག་ཡོད་པ་ཡིན་ཡང་སོ་སོའི་བསམ་བློའི་ནང་ཉར་ནས་གནས་སྐབས་རང་ཉིད་འཚོ་ཐུབ་པ་དང༌། ཉེན་ཁ་མེད་པར་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་པའི་ཐོག་ནས་ལས་དོན་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན། དེ་མིན་མི་མང་པོ་ཞིག་བཙོན་དུ་སླེབས་རྒྱུ་དང༌། འཕྲོ་བརླག་འགྲོ་བ། སྤྱིར་བཏང་ལུང་པའི་བདེ་འཇགས་ཞི་བདེ་བརྟན་ལྷིང་ལ་གནོད་གཞི་བྱུང་བ་ཡིན་ན་རང་གཞན་གཉིས་ཀར་ཕན་ཐོགས་མེད། ལྷག་པར་དུ་བོད་མི་ཧ་ཅང་ཉུང་ཉུང་ཡིན་པར་བརྟེན་མི་གཅིག་འཕྲོ་བརླག་ཕྱིན་པ་ཡིན་ཡང་ཕུགས་རྒྱང་རིང་པོའི་ཕན་གནོད་འབྲེལ་བའི་གནས་སྟངས་ཤིག་རེད། མི་དང༌། ས་ཆ། ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་པར་བརྟེན་བབ་ལྷིང་བརྟན་གསུམ་གནང་དགོས་རྒྱུ་དང༌། མངོན་གསལ་དོད་པོ་མེད་པའི་ཐོག་ནས་སོ་སོའི་བསམ་བློའི་ནང་མི་རིགས་ཀྱི་བསམ་ཚུལ་དང༌། ཆོས་ལུགས་ཀྱི་བསམ་ཚུལ་མ་བརླགས་པར་ཉར་ཐུབ་རྒྱུ། ཕྱིའི་ཀུན་སྤྱོད་ཐོག་ནས་ཉེན་ཁ་མེད་པར་བོད་ནང་འཚོ་ཐུབ་པ་དང༌། ལས་ཀ་བྱེད་ཐུབ་པ་དེ་འདྲའི་དགོངས་པ་བཞེས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག ྋགོང་ས་ྋསྐྱབས་མགོན་ཆེན་པོས་དགོངས་པ་དེ་རང་བཞེས་ཀྱི་ཡོད། ཁྱེད་རང་ཚོ་ཚང་མས་དེ་ལྟར་ཐུགས་ལ་བཅང་རོགས་གནང་ཞུ་རྒྱུ་ཡིན།

བཙན་བྱོལ་དུ་བོད་མི་ཆིག་འབུམ་ལྔ་ཁྲི་མ་ཟིན་ཙམ་ཡོད། དེ་དག་མང་ཆེ་བ་རྒྱ་གར་དང༌། བལ་ཡུལ། འབྲུག་ཡུལ། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ནང་སུད་སིས་གཙོས་ཡོ་རོབ་རྒྱལ་ཁབ་ཁ་ཤས་དང༌། ཨ་རི། ཁེ་ཎ་ཌའི་ནང་བསྡད་ཡོད། དེ་དག་ཚང་མ་སོ་སོའི་འཚོ་ཐབས་ཡིན་ཡང་རེད། བུ་ཕྲུག་ཚོའི་དེང་རབས་ཀྱི་སློབ་སྦྱོང་གི་འགྲོ་སྟངས་ཡིན་ཡང་རེད། ཚང་མའི་ཐོག་ལ་ཡག་ཐག་ཆོད་ཡོད་རེད། བཙན་བྱོལ་དུ་མི་ལོ་ ༤༥ ལྷག་འགྲོ་གི་ཡོད་ཀྱང༌། ཚང་མས་འཕྲལ་སེལ་གྱི་འཚོ་བ་སྐྱེལ་ཐབས་མ་གཏོགས་ཕུགས་རྒྱང་རིང་པོའི་ཐོག་ནས་ཕྱི་རྒྱལ་དུ་གཞིས་ཆགས་རྒྱུའི་བསམ་བློ་གཏོང་མཁན་ཧ་ལམ་མེད། ྋགོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟ་བཙན་བྱོལ་དུ་ཡོད་པའི་བོད་མིའི་བུ་ཕྲུག་གཅིག་ལའང་ཤེས་ཡོན་གྱི་གོ་སྐབས་མེད་པར་ལྷག་པ་བྱུང་མེད། ཕ་མའི་ངོས་ནས་ཤེས་ཡོན་ཐོག་དམིགས་བསལ་འགྲོ་སོང་དང༌། དཀའ་ལས་བརྒྱབ་མི་དགོས་པར་ཕྲུ་གུ་སོ་སོའི་ལྷག་བསམ་དང་ཤེས་རབ་ཀྱིས་ལྕོགས་པ་ཡིན་ན་ཚང་མར་མཐོ་རིམ་སློབ་གྲྭ་མ་ཐོན་བར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད། དེར་བརྟེན་བོད་མི་ན་གཞོན་མང་ཆེ་བ་ཤེས་ཡོན་ལྡན་པ་ཤ་སྟག་རེད། དེ་དག་མ་འོངས་པར་བོད་མི་རིགས་ཀྱི་འཛུགས་སྐྲུན་ཐོག་ཕན་ཐོགས་པ་ཞིག་དང༌། བོད་ཀྱི་ནང་ཞབས་འདེགས་ཞུ་ཐུབ་པ་ཡོང་རྒྱུར་ང་ཚོས་རེ་བ་རྒྱག་གི་ཡོད།

ང་ཚོ་ཚང་མས་དགའ་ཤོས་བྱེད་དགོས་པ་ཞིག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་གསལ་ཐང་ཐོག་ཡུན་རིང་བཞུགས་རྒྱུ་དང༌། མ་འོངས་པར་བོད་ནང་ཕེབས་རྒྱུའི་ཐུགས་འདུན་རྒྱུན་དུ་ཡོད་པ་ཞིག་ཡིན། དེ་མྱུར་དུ་འགྲུབ་རྒྱུར་རྒྱུན་དུ་གསོལ་བ་སྨོན་ལམ་བརྒྱབ་དགོས་པ་ཞིག་རེད། ད་ལོ་ཕྱི་ལུགས་བརྩི་སྟངས་ཐོག་ནས་ཕྱི་ལོ་ ༢༠༠༥ ལོ་འདི་ྋགོང་ས་མཆོག་དགུང་གྲངས་ ༧༠ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་འཁེལ་གྱི་ཡོད། དེར་བརྟེན་ལོ་འདིར་ྋགོང་ས་མཆོག་གི་སྐུ་ཚེ་ཚེ་སྒྲུབ་ཞུ་རྒྱུའི་ཞབས་རིམ་གཙོ་བོ་ལྷ་བླ་མའི་ལུང་བསྟན་དང༌། ྋགོང་ས་མཆོག་གང་ཉིད་ཀྱི་དགོངས་གཞི་གཉིས་ཀའི་ཐོག་ནས་སྒྲོལ་དཀར་གྱི་གཟུངས་སྔགས་དང༌། སྒྲོལ་དཀར་ཚེ་སྒྲུབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཡིན་ཞེས་ཕེབས་སོང༌། ཁྱེད་རང་ཚོ་བོད་དུ་ལོག་ནས་ལུང་པ་དང༌། དགོན་པ། ཆོས་སྡེ་ཚང་མའི་ནང་ཕྱི་ལོ་ ༢༠༠༥ ལོ་འདིའི་ནང་ྋགོང་ས་མཆོག་གི་སྐུ་ཚེའི་ཚེ་སྒྲུབ་ལ་དམིགས་ནས་སྒྲོལ་དཀར་གྱི་གཟུངས་སྔགས་གསོག་རྒྱུ་དང༌། ྋགོང་ས་མཆོག་སྐུ་ཚེ་ྋཞབས་པད་བརྟན་པའི་གསོལ་བ་སྨོན་ལམ་འདེབས་རྒྱུ་བཅས་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། བླ་མའི་བརྟན་བཞུགས་ཞབས་བརྟན་ནུས་པ་ཆེ་ཤོས་ནི་དམ་ཚིག་གཙང་མ་བྱེད་རྒྱུ་དེ་ཡིན། བླ་མ་དང་སློབ་མའི་བར་དང༌། སློབ་མ་ནང་ཕན་ཚུན་རྡོ་རྗེ་སྤུན་གྲོགས་བར་གྱི་དམ་ཚིག་ལ་བསྲེ་ལྷད་མེད་པར་ཚང་མ་དམ་ཚིག་འོ་ཆུ་གཅིག་འདྲེས་བྱས་པ་ཡིན་ན་ྋགོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་པ་དང༌། སྐུ་ཁམས་བདེ་ཐང་ཡོང་བ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་རྒྱུ་རེད། བོད་དུ་ལུང་པ་མང་པོའི་ནང་ྋགོང་ས་མཆོག་གི་སྐུ་པར་མཆོད་གཤོམ་ནང་བསྒྲིགས་ན་ཁྲིམས་ལ་ཐུག་རྒྱུའི་ཉེན་ཁ་ཡོད། དེ་འདྲའི་གནས་སྐབས་སུ་ྋགོང་ས་མཆོག་གི་སྐུ་པར་སོ་སོའི་སྙིང་གི་ནང་ཡོད་ན་ཕྱི་ལ་མ་བསྒྲིགས་ཀྱང་ཁྱད་པར་མེད། དེར་བརྟེན་སོ་སོའི་བསམ་བློའི་ནང་ནས་ྋགོང་ས་མཆོག་ལ་དད་པ་དང༌། སྐུ་ཚེ་ྋཞབས་པད་བརྟན་པ། རིང་པོ་མི་ཐོགས་པར་བོད་གངས་ཅན་ལྗོངས་སུ་ྋཞབས་སོར་འཁོད་ཐུབ་པའི་གསོལ་བ་སྨོན་ལམ་འདེབས་རྒྱུ་སུས་ཀྱང་ཤེས་ཐུབ་རྒྱུ་ཞིག་མ་རེད་ལ། སུ་ལའང་འཇིགས་སྣང་བྱེད་དགོས་པ་མེད། དེ་ནི་མངོན་གསལ་མེད་པའི་ཐོག་ནས་སེམས་ནང་ཉར་ཆོག་པ་ཞིག་ཡིན་པར་བརྟེན་ཚང་མས་ཉིན་མཚན་དུས་དྲུག་ཏུ་བྱེད་ཐུབ་པ་ཡིན་ན་བླ་སློབ་དམ་ཚིག་གི་ནུས་པ་ལ་བརྟེན་ནས་ངེས་པར་དུ་བོད་དོན་བདེན་མཐའ་གསལ་རྒྱུ་དང༌། གཞིས་བྱེས་མཉམ་འཛོམས། ྋགོང་ས་མཆོག་བོད་དུ་ྋཞབས་སོར་འཁོད་པའི་ཉི་མ་ངེས་པར་དུ་འཆར་གྱི་རེད། ྋགོང་ས་མཆོག་གིས་བོད་དོན་བདེན་མཐའ་གསལ་ལ་ཉེ་བ་ཆགས་ཡོད་ཅེས་ཡང་ཡང་བཀའ་གནང་གི་ཡོད། བོད་དོན་བདེན་མཐའ་གསལ་བར་བོད་སྤྱི་མཐུན་བསོད་ནམས་ཀྱི་ནུས་པ་སྨིན་དགོས་པར་བརྟེན་དེའི་ཆེད་དུ་ཚོགས་གསོག་སྒྲིབ་སྦྱོང་དང༌། སྤྱི་མཐུན་གྱི་བསོད་ནམས་གསོག་རྒྱུའི་ཐད་ཚང་མས་འབད་འབུང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག སང་ཉིན་བཙན་བྱོལ་གཞུང་གི་ངོས་ནས་གསོལ་བ་བཏབ་པ་བཞིན་ྋགོང་ས་མཆོག་ནས་ཆོས་འབྲེལ་དང༌། སེམས་བསྐྱེད་ཀྱི་ཆོ་ག དེ་བཞིན་གོང་ཞུས་གསར་དུ་ལྗགས་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་ལྗགས་ལུང་བཅས་བཀྲིན་བསྐྱང་རྒྱུ་རེད། གནངས་ཉིན་དངོས་གཞིའི་མཆོད་འབུལ་ཡིན། དེ་སྐབས་ཚང་མས་ལྷག་བསམ་རྣམ་དག་གིས་ྋགོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་གང་ཡོད་པ་དང༌། ཐུགས་སྨོན་གང་གནང་བ་དེ་དེ་བཞིན་འགྲུབ་པའི་སྨོན་ལམ་བཏབ་པ་ཡིན་ན་མི་མང་པོ་འདུས་པའི་མཉམ་འདུས་སེམས་ཤུགས་ཀྱི་སྟོབས་དང༌། མཉམ་འདུས་སྨོན་ལམ་གྱི་སྟོབས་དེ་གཞན་དང་མི་འདྲ་བའི་ཆེན་པོ་ཡོད་པར་བརྟེན་ངེས་པར་དུ་འབྲས་བུ་ཡག་པོ་ཡོང་གི་རེད།

རྒྱ་གར་ནང་ཞལ་ལག་དང༌། ས་ཆུ་མི་འཕྲོད་པ་བྱུང་བ་ཡིན་ན་སྐུ་མཉེལ་པོ་ཡོང་གི་རེད། དེར་བརྟེན་འཕྲོད་བསྟེན་དང་སྐུ་གཟུགས་ལ་ཐུགས་བཅག་གནང་རོགས་གནང༌། དེ་ནས་གང་མགྱོགས་སོ་སོའི་ལུང་པའི་ནང་ལོག་ཕེབས་ཐུབ་པ་དང༌། ས་གནས་རང་གི་ནང་གཞིས་ཆགས་ཏེ་རང་ཉིད་ལ་འཁྲི་བའི་མི་རིགས་ཀྱི་ལས་འགན་དེ་ངེས་པར་དུ་མི་རེ་ངོ་རེས་བསྒྲུབ་ཐུབ་པ་ཞིག་གནང་རོགས་ཞུ་རྒྱུ་ཡིན། མ་འོངས་པར་བོད་དོན་བདེན་མཐའ་གསལ་བའི་གོ་སྐབས་བྱུང་བའི་ཉིན་མོར་བོད་ཀྱི་ཆབ་སྲིད་བོད་ནང་ཡོད་པའི་བོད་མིས་བསྐྱང་དགོས་པ་ལས། བཙན་བྱོལ་དུ་ཡོད་པའི་བོད་མིས་བོད་ནང་ཆབ་སྲིད་སྐྱོང་རྒྱུ་དང༌། འགོ་ཁྲིད་བྱེད་རྒྱུ། གཞུང་འདི་ནས་འཁྱེར་སྟེ་བོད་ནང་འཛུགས་རྒྱུ་བཅས་ྋགོང་ས་མཆོག་གིས་ནམ་ཡང་དགོངས་པ་བཞེས་ཀྱི་མེད་པ་མ་ཟད། དངོས་ཡོད་ཀྱི་གནས་ཚུལ་ལའང་དེ་ལྟར་མེད། དེར་བརྟེན་སྲིད་གཞུང་རྙིང་པ་རོ་ལངས་རྒྱག་གི་ཡོད་རེད་ཟེར་བ་དང༌། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་གི་ཡོད་རེད་ཟེར་བ་དེ་དག་མགོ་སྐོར་གྱི་སྐད་ཆ་རེད། དེ་དག་ལ་བདག་སྤྲོད་དང་ཡིད་ཆེས་བྱེད་དགོས་དོན་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ལྔ་བཅུ་ང་གྲངས་ཡོད་པ་དེ་དག་ལ་དམིགས་ཀྱིས་བཀར་ནས་སྔོན་མ་ནས་ཐོབ་ཐང་ཞིག་སྤྲད་ཡོད། དེ་རྩོད་གླེང་བྱས་པར་སུས་ཀྱང་ཁྲིམས་འགལ་དང་མ་འོས་པ་རེད་ཅེས་ལབ་རྒྱུའི་གནས་སྟངས་མེད་པ་ཞིག་རེད། དེ་བོད་ནང་ཡོད་པའི་བོད་མི་ཚོས་རྩོད་གླེང་གནང་གི་ཡོད་ལ། བོད་ནང་ཡོད་པའི་བོད་མིར་འཐོབ་དགོས་པ་ཞིག་རེད། མ་འོངས་པར་བོད་ཀྱི་འཛིན་སྐྱོང་བོད་ནང་ཡོད་པའི་བོད་མི་དང༌། ལྷག་པར་དུ་ད་ལྟ་འཛིན་སྐྱོང་གི་ཉམས་མྱོང་ཡོད་པ་ཚོས་མུ་མཐུད་བྱེད་དགོས་པ་མ་གཏོགས། འདི་ནས་ཕར་འཛིན་སྐྱོང་གསར་པ་ཞིག་འཁྱེར་ཡོང་རྒྱུའི་གནས་སྟངས་ཡོང་ཐབས་མེད། གནས་ཚུལ་དེ་དག་བོད་ནང་ཡོད་པའི་བོད་མིས་གསལ་པོ་མཁྱེན་དགོས། ལྷག་པར་དུ་བོད་ནང་ཡོད་པའི་བོད་མི་ཚང་མས་བོད་རྒྱ་ཞི་མོལ་གྱི་ལམ་ནས་བོད་ཀྱི་གནས་ཚུལ་འགྲིགས་ཆགས་ཡོང་དགོས་པའི་རྒྱ་ནག་ལ་རེ་སྐུལ་བྱེད་དགོས་ཀྱི་ཡོད་ལ། བོད་མིའི་ནང་དུའང་བསམ་ཚུལ་དེ་འཁྱེར་དགོས། ད་ལྟའི་གནས་བབས་འདིས་བོད་མི་རིགས་ཀྱི་དགོས་མཁོ་བསྒྲུབ་ཐུབ་ཀྱི་མེད་པ་ཚང་མས་ཤེས་ཀྱི་ཡོད། དེར་བརྟེན་ྋགོང་ས་མཆོག་གི་དབུ་ཁྲིད་འོག་བོད་རྒྱ་ཞི་མོལ་གྱི་ལམ་དེ་ལས་ལྷག་པའི་ཐབས་ལམ་ཞིག་མེད་པ་དེ་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚང་མས་མཁྱེན་པ་གནང་དགོས། དེ་ཚང་མས་ཐུགས་ལ་འཇགས་རོགས་གནང༌། བསྐྱར་དུ་ཚང་མར་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། །