གནས་ཆུང་གྲྭ་ཚང་གི་དཔེ་མཛོད་ཁང་གི་སྒོ་དབྱེའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད།

སྐུ་ངོ་སྐུ་རྟེན་མཆོག་གིས་དབུས་པའི་དགེ་འདུན་རྣམ་པ་དང༌། ལྕམ་སྐུ་ཝེ་གར། ཆོས་རིག་དྲུང་ཆེ། གཞན་ཡང་འདི་གར་ཕེབས་པའི་སྐུ་མགྲོན་ཚང་མར་ཞུ་རྒྱུ། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་གི་ཡན་ལག་ཏུ་དཔེ་མཛོད་ཁང་གསར་པ་ཞིག་འཛུགས་སྐྲུན་གནང་བ་དེའི་སྒོ་དབྱེའི་མཛད་སྒོའི་ཐོག་བཅར་ཐུབ་པ་དེར་ཧ་ཅང་སྤྲོ་སྣང་དང་དགའ་པོ་བྱུང༌། ཚང་མར་བཀྲིས་བདེ་ལེགས་དང་དཔེ་མཛོད་འདི་ཡིས་ཚང་མར་ཕན་ཐོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན།

ད་ལྟ་སྐུ་ངོ་སྐུ་རྟེན་མཆོག་གིས་བཀའ་གནང་བ་བཞིན་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་བཟུང་འདས་པའི་ལོ་ ༣༦༡ རིང་དགའ་ལྡན་ཕོ་བྲང་གི་གཞུང་དང་གནས་ཆུང་གཉིས་བར་དམ་ཚིག་གི་འབྲེལ་བ་དམ་ཟབ་ཏུ་གནས་པ་ཞིག་རེད། དགའ་ལྡན་ཕོ་བྲང་དབུ་མ་བརྙེས་གོང་འབྲས་སྤུངས་དགོན་པ་ཕྱག་བཏབ་པ་ནས་བཟུང་འབྲས་སྤུངས་དང་ཆོས་སྐྱོང་དབར་འབྲེལ་བ་ཡོད་པ་ཞིག་རེད་ལ། རིམ་པས་གནས་ཆུང་དགོན་པ་ཡང་འབྲས་སྤུངས་ཀྱི་འདབས་འབྲེལ་དུ་ཆགས་པ་དེ་ཁྱེད་རྣམ་པས་མཁྱེན་གསལ་རེད། བཙན་བྱོལ་ལ་འབྱོར་བའི་རྗེས་སུ་ཡང་གནས་ཆུང་དགོན་པ་དེ་བསྐྱར་དུ་བཙན་བྱོལ་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ནང་དུ་ཕྱག་བཏབ་ཐུབ་པ་བྱས་ཏེ་གང་ལེགས་བྱུང་ཡོད། འདི་ནི་དམ་ཚིག་གཙང་མའི་འབྲས་བུ་རང་ཡིན་གྱི་རེད་བསམ་གྱི་འདུག ས་ཆ་ཆུང་ཆུང་ཡིན་ཙང་གུ་དོག་པོ་ཏན་ཏན་ཡོད་རེད་དེ། མིང་ལ་ བྱགནས་ཆུང་བྱ ཞེས་བརྗོད་ཀྱི་ཡོད་ཙང་མིང་དོན་མཚུངས་པ་རེད།

རྐང་བགྲེས་པ་རྣམ་པས་ཐུགས་འགན་བཞེས་པ་དང༌། ལྷག་པར་དུ་བར་ལམ་སྐུ་ངོ་སྐུ་རྟེན་མཆོག་གི་ལམ་སྟོན་འོག་གྲྭ་ཚང་འདིའི་སྣོད་བཅུད་གཉིས་ཀ་ཧ་ཅང་ཡག་པོ་ཆགས་ཐུབ་པ་དེར་ཚང་མས་རྗེས་སུ་ཡི་རངས་ནམ་རྒྱུན་ནས་ཞུ་བཞིན་པ་རེད། འདུ་ཁང་དང་གྲྭ་ཤག་རྣམས་འདུལ་བའི་ལུགས་དང་མཐུན་པ་དང༌། དངོས་ཡོད་དགོས་མཁོ་དང་འཚམས་པ། རབ་བྱུང་རྣམས་ཀྱང་བར་ལམ་ཞིག་ནས་གྲྭ་ཚང་རང་གི་སྔོན་གྱི་སྲོལ་རྒྱུན་གྱི་ཆོ་ག་ཕྱག་ལེན་སྒྲུབ་མཆོད་ལ་སོགས་པ་ཉམས་མེད་ཀྱི་ཐོག་ཏུ། ད་དུང་ནང་ཆོས་ཀྱི་གོ་བ་གཏིང་ཟབ་ཡོང་ཆེད་མཚན་ཉིད་སྦྱང་རྒྱུ་འགོ་ཚུགས་ཐུབ་པ་དེ་ཧ་ཅང་གི་གཟི་བརྗིད་ཆེན་པོ་རེད་བསམ་གྱི་ཡོད། ནང་པའི་ཆོས་ལ་བྱུང་ན་སྒྲུབ་པ་ཉམས་ལེན་བྱས་ནས་གྲུབ་པ་བརྙེས་པ་ཞིག་དགོས་རེད་དེ། འདི་ནི་ཕྲན་བུ་ཁག་པོ་རེད། དེ་མིན་ན་ཐོས་བསམ་བྱས་ནས་མཁས་པའི་གོ་འཕང་བརྙེས་པ་ཞིག་དགོས་རེད། དེ་ལ་མཚན་ཉིད་ཀྱི་གཞུང་ཕྲན་བུ་མ་ཤེས་པ་ཡིན་ན་གོ་བ་རགས་པ་ཙམ་ཞིག་མ་གཏོགས། རིགས་པས་བརྡར་ཤ་ཆོད་པའི་གོ་བ་རྙེད་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་ཙང་མཚན་ཉིད་གཟིགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གྲྭ་ཚང་འདིར་དེང་སང་དགེ་འདུན་པ་མང་པོ་འདུག ལྷག་པར་དགེ་འདུན་པ་གཞོན་སྐྱེས་མང་པོ་འདུག ཁྱེད་ཚོས་མཚན་ཉིད་ཀྱང་གཟིགས་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་ང་ཚོས་རེ་བ་ཆེན་པོ་བརྒྱབ་ཀྱི་ཡོད། སྔོན་མ་ང་འདི་གར་དཔེ་མཛོད་ཉེ་འགྲམ་ལ་བསྡད་སྐབས་དགོང་དྲོ་ཁྱེད་རང་ཚོས་རྩོད་པ་རྩོད་པ་དང༌། ཞལ་འདོན་གནང་བ་ཐོས་སྐབས་ཧ་ཅང་སྐྱིད་པོ་ཡོང་གི་ཡོད། དེང་སང་ངའི་ཤག་ཕར་སྤོས་ཏེ་དེ་དག་ཐོས་རྒྱུ་མེད་པ་ཆགས་སོང༌།

དཔེ་མཛོད་ཟེར་བའི་ལམ་སྲོལ་དེ་ཐོག་མར་ནང་པས་བཙུགས་པ་ཞིག་མིན་ནམ་བསམ་གྱི་འདུག དཔེ་མཛོད་ཀྱི་ཚན་རིག་གི་བསམ་ཚུལ་དེ་དུས་རབས་བདུན་པའི་སྐབས་སུ་ཐོག་མར་བོད་ལ་བྱུང་བའི་བཟོ་འདྲ་ཞིག་ཡོད་རེད། དཔེ་མཛོད་ཟེར་བའི་ཚིག་དེ་དབྱིན་སྐད་ནས་ཚུར་བསྒྱུར་བ་ཞིག་མ་རེད། དབྱིན་སྐད་ཀྱི་ Library ཟེར་བ་དེ་ང་ཚོས་མ་ཐོས་གོང་ནས་བོད་སྐད་ནང་དུ་དཔེ་མཛོད་ཟེར་བའི་ཚིག་དེ་ཡོད་པ་རེད། དེང་སང་དཔེ་མཛོད་ཀྱི་ཚན་རིག་ཅེས་བརྗོད་ཀྱི་ཡོད། དཔེ་མཛོད་ཀྱི་ཚན་རིག་ནི། རྫས་སྦྱོར་དང་དངོས་ཁམས་རིག་པ་ལྟ་བུའི་ཚན་རིག་གཙང་མ་ Pure Scienceཟེར་བ་དེ་མ་ཡིན་པར་སྒྱུ་རྩལ་ལ་ཚན་རིག་གི་མིང་བཏགས་པའི་སློབ་ཚན་མང་པོ་ཞིག་ཡོད་པ་དེ་ཚོའི་ནང་ནས་དཔེ་མཛོད་ཀྱི་ཚན་རིག་Library Scienceཟེར་བ་དེ་ཡང་རིག་གནས་རང་རྐང་པ་གཅིག་རེད། དཔེ་མཛོད་ཀྱི་ཚན་རིག་དེ་བསྡོམས་བརྒྱབ་པ་ཡིན་ན། སྡེ་ཚན་དབྱེ་འབྱེད་དང་དཀར་ཆག་འགོད་སྟངས་Classification and Catalogueབཅས་དོན་དག་སྣ་ཁ་གཉིས་རེད། ནུབ་ཕྱོགས་སུ་དཔེ་མཛོད་ཀྱི་ཚན་རིག་དར་ནས་ཕལ་ཆེར་ལོ་ཉིས་བརྒྱ་ལྷག་ཙམ་མ་གཏོགས་ཕྱིན་མེད། དེང་སྐབས་ལག་ལེན་བྱེད་བཞིན་པའི་སྡེ་ཚན་དབྱེ་སྟངས་དང་དཀར་ཆག་འགོད་སྟངས་གསར་ཤོས་དེ་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་དྲུག་ཅུའི་ནང་གཞི་ནས་ལེགས་བཅོས་དང་ཡར་རྒྱས་ཕྱིན་པ་ཞིག་རེད། ང་ཚོས་དཀར་ཆག་བཟོ་འགོད་དང་བརྗོད་བྱའི་དབྱེ་བ་འབྱེད་རྒྱུ་རྣམས་དུས་རབས་བདུན་པའི་ནང་བོད་ལ་ནང་ཆོས་བསྒྱུར་མགོ་ཚུགས་པ་ནས་བཟུང་དར་བ་ཞིག་རེད། དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་དེ་དག་དཀར་ཆག་ནང་ནས་རྙིང་ཤོས་གྲས་རེད། ལྡན་དཀར་མའི་ནང་ལ་སྡེ་ཚན་དབྱེ་བ་ཕྱེ་མེད། རྒྱ་གར་ནས་བསྒྱུར་བའི་མདོ་སྔགས་རིག་གནས་ཚང་མ་མཉམ་དུ་བསྒྱུར་བའི་གོ་རིམ་བཞིན་བཞག་ཡོད་རེད། རྗེས་ལ་སྡེ་ཚན་དབྱེ་བ་འབྱེད་མགོ་ཚུགས་ཏེ་ཐོག་མར་མདོ་དང་སྔགས་གཉིས་སུ་ཕྱེ། སྔགས་དེ་རྒྱུད་སྡེ་བཞིར་ཕྱེ་བ་དེ་དག་ Classification རང་རེད། དེ་བཞིན་མདོ་ཕྱོགས་རྣམས་འདུལ་བ་དང༌། ཕར་ཕྱིན། མངོན་པ་སོགས་སུ་ཕྱེ་སྟེ་དཀར་ཆག་བཀོད་སྟངས་དེ་དུས་རབས་བདུན་པ་ནས་བོད་ནང་དར་ཡོད་ཀྱང་རྗེས་སུ་ཡར་རྒྱས་མ་ཕྱིན་པ་རེད། བོད་ཀྱི་ནང་ལ་གསུང་རབ་དཔེ་ཆ་ཡོད་པ་ནང་བཞིན་འཛམ་བུ་གླིང་གང་དུའང་ཡོད་མ་རེད་བསམ་གྱི་འདུག བོད་མི་ས་ཡ་དྲུག་ཟེར་དུས་ཧ་ཅང་ཉུང་ཉུང་རེད། རྒྱ་གར་གྱི་གྲོང་ཁྱེར་ཞིག་གི་མི་འབོར་ལས་མེད། དེ་ནས་སངས་རྒྱས་ཀྱི་ཆོས་དར་ནས་མི་ལོ་ ༡༢༠༠ ལྷག་ཙམ་མ་གཏོགས་ཕྱིན་མེད་པའི་ལོ་རྒྱུས་ཐུང་ཐུང་ཞིག་ནང་ལ། དཔེ་ཆ་བསྒྱུར་བ་དང༌། དཔེ་ཆ་བརྩམས་པ། དཔེ་ཆ་པར་བརྒྱབས་པ། དཔེ་ཆ་བཤུས་པ་སོགས་བོད་མི་རིགས་ཀྱིས་བྱས་པ་བཞིན་འཛམ་བུ་གླིང་མི་རིགས་གཞན་སུས་ཀྱང་བྱས་ཐུབ་མེད། སྤུས་ཀའི་ཐོག་ནས་བལྟས་པ་ཡིན་ནའང་འདྲ། གྲངས་ཀྱི་ཐོག་ནས་བལྟས་པ་ཡིན་ནའང་འདྲ། ང་ཚོས་དངོས་གནས་ཧ་ལས་དགོས་པའི་བྱུང་རབས་ཤིག་བཞག་ཡོད། བྱས་ཙང་བོད་པའི་མི་རིགས་ནང་མཁས་པ་ཐོན་པ་བཞིན་མི་རིགས་གཞན་པ་གང་ལའང་ཐོན་ཡོད་མ་རེད་ཅེས་ལབ་ཀྱི་ཡོད། གང་ལགས་ཟེར་ན། མི་ཉུང་ཉུང་དང༌། དུས་ཚོད་ཐུང་ཐུང་ནང་ལ་ཇི་ཙམ་བསྟན་བཅོས་བརྩམས་པའི་གྲངས་འབོར་ལ་བལྟས་ན་འཛམ་གླིང་ནང་རྩོམ་པ་པོ་དེ་འདྲ་བྱུང་མ་མྱོང་བ་ཞིག་རེད་བསམ་གྱི་འདུག བླ་མ་རེ་རེའི་གསུང་འབུམ་ལ་པོ་ཏི་ ༡༥ ༢༠ ༣༠ ཡོད་རེད། དེ་འདྲ་བའི་བླ་མ་བརྒྱ་ཕྲག་མང་པོ་ཆོས་བརྒྱུད་ཚང་མའི་ནང་དུ་བྱུང་ཡོད། དཔེར་ན། བོ་དོང་གི་གསུང་གཅིག་པུ་ལ་ཆ་བཞག་ན་པོ་ཏི་བརྒྱ་ལྷག་ཙམ་ཡོད་རེད།

ད་ལྟ་སྐུ་ངོ་སྐུ་རྟེན་གྱིས་བཀའ་གནང་བ་བཞིན། བོད་དུ་གྲྭ་ཚང་མང་ཆེ་བ་ལ་དཔེ་མཛོད་ཟེར་བ་དེ་ཡོད་པ་རེད། ཡིན་ནའང་དེ་རྣམས་ད་ལྟ་ནང་བཞིན་ཁང་པ་གཅིག་ནང་དཔེ་ཆ་ཡོངས་རྫོགས་བསྡུ་རུབ་བྱས་ཏེ། གྲྭ་པ་ཚོ་དེའི་ནང་ཕྱིན་ནས་དཔེ་ཆ་ཀློག་པ་དེ་འདྲའི་ལམ་སྲོལ་མེད། དཔེ་ཆ་དེ་སོ་སོའི་ཤག་ཏུ་གཡར་ནས་ཀློག་གི་ཡོད་པ་རེད། བློ་གསལ་གླིང་དཔེ་མཛོད་ལ་ཆ་བཞག་ནའང༌། གྲྭ་པ་དཔེ་ཆ་ལྟ་མཁན་ཚོ་ལ་ཡིག་ཆས་མཚོན་པའི་དཔེ་ཆ་གལ་ཆེ་བ་ཡོངས་རྫོགས་དཔེ་མཛོད་ཀྱིས་པར་བརྒྱབས་ནས་བཀྲམས་གྱི་རེད། བཀྲམ་ནས་ཡར་བསྡུས་ཀྱི་ཡོད་པའི་སྐད་ཆ་རེད་དེ། གྲྭ་སར་བསྡད་པའི་རིང་བསྡུས་དགོས་ཀྱི་མེད། རྗེས་མ་ཡར་བསྡུས་སྐབས་རལ་པ་དང་ཤོག་བུ་མ་ཚང་བ་ཞིག་མ་གཏོགས་ཆ་ཚང་ཞིག་ཕལ་ཆེར་ལྷག་གི་མ་རེད། གང་ལགས་ཟེར་ན། ལོ་བཅོ་ལྔ་ཉི་ཤུ་ཙམ་ཞིག་ཉར་བསྡད་པ་རེད། བྱས་ཙང་གྲྭ་པ་དཔེ་ཆ་བ་ཚོས་དཔེ་ཆ་ཁྲོམ་ནས་བླུ་ཡོན་ཞུས་པའི་ལུགས་སྲོལ་ཕལ་ཆེར་ཡོད་པ་མ་རེད། གྲྭ་ཚང་སོ་སོའི་དཔེ་མཛོད་ནས་འཛིན་གྲྭ་ཡར་འགྲོ་རིམ་བཞིན་འཛིན་གྲྭ་གོང་མའི་དཔེ་ཆ་རྣམས་བཀྲམ་གྱི་ཡོད་རེད། ད་དེང་སང་ང་ཚོས་ནུབ་ཕྱོགས་ནས་རྣམ་དཔྱོད་གསར་པ་ཞིག་ག་རེ་ལེན་ཡོད་རེད་ཟེར་ན། ཁང་པ་སྐྱིད་པོ་ཞིག་བཟོས། དེའི་ནང་ཅོག་ཙེ་དང་གདན་འདྲ་བཞག་ནས་དཔེ་ཆ་ཤག་ལ་འཁྱེར་མི་དགོས་པར་མི་ཚོ་ཡར་ཡོང་ནས་ཀློག་རྒྱུ་ཡོད་པ་དེ་རེད། དེ་ཡག་པོ་རེད་བསམ་གྱི་འདུག དཔེ་ཆ་རེ་གཉིས་ལས་མེད་ནའང་མི་མང་པོ་ཞིག་ལ་ཕན་ཐོགས་ཀྱི་ཡོད་རེད། དེ་བཞིན་ལུང་པ་ཚ་བ་ཡོད་ས་དེ་ཚོར་དཔེ་མཛོད་ནང་གྲང་གློག་ཡོད་པ་ཞིག་ཡིན་ན། མི་དེ་ཚོས་ཚ་གཡོལ་གྱི་ཆེད་དུ་དཔེ་མཛོད་ནང་འགྲོ་བ་དེ་འདྲ་མང་པོ་ཡོད་རེད། དེ་འདྲ་དེ་འདྲ་བྱས་ནས་དཔེ་ཆ་དང་དེབ་ཀློག་རྒྱུའི་གཤིས་ཀ་འབྱར་འགྲོ་བ་དེ་འདྲའང་ཡོད་པ་རེད།

ད་ལྟ་དཔེ་མཛོད་ཁང་འདི་ཧ་ཅང་ཡག་པོ་བཟོས་འདུག ནང་གི་བཀོད་པ་དང་འཛིན་ཆས་དེ་ཚོ་ཚད་དང་ལྡན་པ་མཐོང་དུས་ཧ་ལས་པ་འདྲ་པོ་བྱུང་སོང༌། དེང་སང་དཔེ་མཛོད་ཚན་རིག་པ་ཚོས་དཔེ་མཛོད་ནང་བང་ཁྲི་བཟོ་སྟངས་དང་དཔེ་ཆ་འཇོག་སའི་ཕྱག་སྒམ་སོགས་ཀྱི་ཐོག་ལའང་བཤད་པ་མང་པོ་བརྒྱབ་རྒྱུ་ཡོད་རེད། ཡིན་ནའང་དེ་ཚོ་ཚང་མ་སྙིང་རྗེ་པོ་དང་འདྲ་ཆགས་པོ་ཡོད་པའི་ངེས་པ་གང་ཡང་མེད། འདི་ག་ས་ཆ་ཆུང་ཆུང་ཞིག་གི་ནང་ཁང་པའི་བཀོད་པ་བཟོ་སྟངས་དང༌། གློག་སྒྲིག་སྟངས། ཕྱག་སྒམ་བཟོ་སྟངས་དེ་ཚོ་ཡག་པོ་བྱུང་འདུག རྡ་རམ་ས་ལ་གངས་ཅན་སྐྱིད་གཤོངས་ནང་ཁང་པ་མང་པོ་ཡོད་རེད་དེ། མང་ཆེ་བ་བཀོད་པ་ཡག་པོ་ཡོད་པ་མ་རེད། དཔེ་མཛོད་འདིའི་བཀོད་པ་ཡག་པོ་བྱུང་འདུག མ་འོངས་པར་ཁྱེད་རང་ཚོས་དཔེ་ཆ་ཡག་པོ་ཀློག་ཐུབ་པ་དང༌། དེ་ལ་བརྟེན་ནས་ཤེས་ཡོན་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དཔེ་མཛོད་འདིའི་འཆར་གཞི་བཟོ་མཁན་དང༌། ནང་གི་བཀོད་པ་བཟོ་མཁན། དེ་རིང་སྒོ་འབྱེད་མཛད་སྒོའི་གོ་སྒྲིག་གནང་མཁན། དེ་བཞིན་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། འདིས་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན།