གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

༄༅། །དེ་རིང་འདིར་བོད་ཀྱི་གསར་འགོད་ལྷན་ཚོགས་ཀྱི་ཟབ་སྦྱོང་དང་ཚོགས་ཆེན་ཐེངས་བཞི་པའི་འགོ་འཛུགས་ཀྱི་ཚོགས་འདུར་ཕེབས་པའི་ྋདཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང༌། མཆོག་ཏུ་བཀུར་བར་འོས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག གསར་འགོད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སྐུ་མགྲོན་དུ་ཕེབས་པའི་གཞུང་གི་ལས་བྱེད་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་གསར་འགོད་པ་རྣམ་པ་ཚང་མར། ཐོག་མར་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཞི་པའི་ཐོག་བཙན་བྱོལ་བོད་གཞུང་བཀའ་ཤག་ངོས་ནས་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

ད་རེས་ཚོགས་འདུ་འདིའི་ཚེས་གྲངས་དང་དུས་ཚོད་ཐོག་འགྱུར་བ་མང་པོ་ཞིག་བྱུང་བ་དེའི་གཞི་རྩ་དེ་ང་ལ་ཐུག་ཡོད། ཕལ་ཆེར་ཟླ་བ་གཅིག་གཉིས་སྔོན་དུ་ཕྱི་ཟླ་ ༩ ཚེས་ ༥ ཉིན་ཚོགས་འདུ་འདི་ཚོགས་རྒྱུ་ཡིན། དེའི་ཉིན་མོར་ཁྱེད་རང་ཡོང་དགོས་ཞེས་ཕྱག་བྲིས་ཤིག་གནང་འདུག དེ་དུས་ངའི་ཉིན་དེབ་ནང་སྟོང་པ་འདུག དེར་བརྟེན་ངེས་པར་དུ་བཅར་གྱི་ཡིན་ཞེས་ཁས་ལེན་ཞུས་པ་རེད། ཉིན་དེབ་རིམ་པས་ཁེངས་འགྲོ་གི་ཡོད། འོན་ཀྱང་ཉེ་ཆར་ཞིག་ལ་ཚེས་ ༥ ལ་མིན་པར་ཚེས་ ༦ ལ་རེད་ཅེས་ལྗགས་ལན་གནང་སྐབས་ཚེས་ ༦ ཉིན་སྟོང་པ་མི་འདུག དེར་བརྟེན་བཅར་ཐུབ་པ་མི་འདུག དགོངས་འགལ་མེད་པ་ཞེས་ཞུ་དགོས་བྱུང༌། གང་ལགས་ཤེ་ན། ཚེས་ ༦ ཉིན་ཅན་དི་སྒར་དུ་འགྲོ་རྒྱུའི་ལས་རིམ་སྔ་མ་ནས་བསྒྲིགས་ཟིན་པར་བརྟེན། དེར་འགྲོ་གི་མིན་ཞེས་བརྗོད་ན་མི་འགྲིགས། འོན་ཀྱང་དགོངས་སེལ་ཞུས་ཟིན་རྗེས་སླར་ཡང་ཚེས་ ༥ ལ་ཚུར་འཐེན་གྱི་ཡིན། ང་ངེས་པར་དུ་ཡོང་དགོས་བཀའ་གནང་གི་འདུག་ཅེས་བཤད་དུས་ང་ཡ་མཚན་པོ་ཞིག་བྱུང༌། ང་གསར་འགོད་པ་ནི་མིན་ལ། གསར་འགོད་རིག་པའི་སློབ་སྦྱོང་ཡོད་པའང་མིན། དེ་བཞིན་རྩོམ་སྒྲིག་བྱས་མྱོང་བའང་མིན་པར་བརྟེན། ད་རེས་ཀྱི་སྐུ་མགྲོན་གཙོ་བོར་ང་ངེས་པར་དུ་ཡོང་དགོས་པ་དེ་གང་ཡིན་ནམ་སྙམ་པའི་དྭོགས་པ་སྐབས་དེ་དུས་བྱུང༌། ད་གཞི་ནས་ང་འདིར་ཡོང་དགོས་པ་དེ་ཤེས་རྟོགས་བྱུང༌། ད་ལྟ་ཁྱེད་ཚོས་བེད་སྤྱོད་གནང་བའི་ཚིག་དེ་རང་བེད་སྤྱོད་བྱེད་ན་ང་ཉན་མཁན་གྱི་དམིགས་འབེན་Target Audience དེ་རེད་འདུག ཁྱེད་ཚོས་དུས་ཚོད་དེ་ཡར་འཐེན་མར་འཐེན་གྱིས་ང་ངེས་པར་ཡོང་བ་བཟོ་དགོས་པ་དེ་ཉན་མཁན་གྱི་དམིགས་འབེན་Target Audienceགྱི་ཆེད་དུ་བཟོས་པ་ཞིག་ལ་ད་ལྟ་གཞི་ནས་ཤེས་སོང༌།
ཕྱག་བྲིས་དེའི་ནང་བོད་ཀྱི་གསར་འགོད་རིག་པའི་བཅའ་ཡིག་དང་གསར་འགོད་པ་རྣམས་ཀྱི་འོས་འགན། མང་གཙོ་དང་བཙན་བྱོལ་བོད་གཞུང༌། བོད་པའི་གསར་འགོད་པའི་ལས་རིགས་བཅས་པའི་བར་གྱི་འབྲེལ་བའི་སྐོར་ལ་དགོངས་ཚུལ་དང་ལམ་སྟོན་གནང་རྒྱུ་ཞེས་བྲིས་འདུག བརྗོད་གཞི་དེ་རིང་པོ་ཞིག་འདུག་པས་ཚང་མའི་ཐོག་ཞུ་ཐུབ་མིན་མི་ཤེས་ཀྱང༌། འབད་རྩོལ་ཞུ་རྒྱུ་ཡིན།
གསར་འགོད་རིག་པ་ཞེས་པ་ནི་ནུབ་ཕྱོགས་པའི་རིག་གནས་ཤིག་དང༌། འདས་པའི་ལོ་གསུམ་བརྒྱ་ཡས་མས་ཤིག་ལ་དར་ཁྱབ་བྱུང་བའི་རིག་གནས་གསར་པ་ཞིག་ཀྱང་རེད། དེང་སྐབས་འཛམ་གླིང་འདིའི་ཐོག་གལ་ཆེ་བའི་རིག་གནས་ཤིག་ཏུ་གྱུར་ཀྱང༌། གསར་འགོད་རིག་པའི་བརྒྱུད་ལམ་ལ་འགྱུར་བ་ཕྱིན་པ་ཞིག་ལས་རིག་གནས་གཞན་བཞིན་ཚོད་བལྟའི་ལམ་ནས་ཡར་རྒྱས་ཆེ་བ་གང་ཡང་བྱུང་མེད།
ངོས་ནས་གསར་འགོད་རིག་པའི་ཐོག་མཐར་ཕྱིན་པའི་སྦྱོང་བརྡར་བྱས་མྱོང་མེད་ཀྱང༌། ཝཱ་ཎར་རྒྱུན་རིང་སྡོད་སྐབས་སྦེ་ན་རཱསིའི་ཧིན་རྡུའི་གཙུག་ལག་སློབ་ཁང་ཆེན་མོའི་ BHUགསར་འགོད་རིག་པའི་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་བྷེ་ནར་ཇི་སོགས་ཀྱི་ལྷན་གསར་འགོད་རིག་པ་དང་ནང་པའི་ལྟ་གྲུབ། དེ་བཞིན་གསར་འགོད་རིག་པ་དང་ཤར་ཕྱོགས་པའི་བསམ་ཚུལ་སྐོར་ལ་བགྲོ་གླེང་མང་པོ་བྱུང་བར་བརྟེན་གོ་མྱོང་ཐོས་མྱོང་དང་རྒྱུས་མངའ་ཅུང་ཟད་ཡོད་པ་རེད།
བདག་ཉིད་ཆེན་པོ་གཱན྄་དྷཱིས་རང་ཉིད་གསར་འགོད་པ་དང་རྩོམ་སྒྲིག་པ་ཞིག་ཡིན་དགོངས་ཀྱི་ཡོད་འདུག ཁོང་གིས་བརྩམས་པའི་རྒྱ་གར་རང་དབང་ཧིནྡ་སྭརཱཇ་ཞེས་པ་དེ་རྩོམ་སྒྲིག་པ་དང་གསར་འགྱུར་ཀློག་མཁན་གཉིས་བར་གྱི་དྲི་བ་དྲིས་ལན་གྱི་ཚུལ་དུ་བྲིས་ཤིང༌། དེབ་དེའི་འགོ་འཛུགས་སུ་གསར་འགོད་པའི་ལས་འགན་གང་ཡིན་ནམ་ཞེས་པ་དེ་འཁོད་ཡོད། གསར་འགོད་རིག་པའི་ཐོག་བདག་ཉིད་ཆེན་པོའི་དགོངས་ཚུལ་དང་ནུབ་ཕྱོགས་པའི་ལྟ་སྟངས་གཉིས་རྦད་དེ་ཕྱོགས་འགལ་ཡིན་ཞིང༌། ནུབ་ཕྱོགས་པའི་གསར་འགོད་པས་ཐོག་མ་གསར་འགོད་པའི་ཐོབ་ཐང་མ་གཏོགས་གསར་འགོད་པའི་ལས་འགན་སྐོར་བཤད་ཀྱི་མེད། གང་ལྟར་གསར་འགོད་པའི་ཐོབ་ཐང་དང་སྨྲ་བརྗོད་ཀྱི་རང་དབང་ཁོ་ན་བཤད་པར་བརྟེན། དུས་རབས་ཉི་ཤུ་དང་ཉི་ཤུ་རྩ་གཅིག་པའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྔར་མ་བྱུང་བའི་བརྡལ་བཤིག་ཚབས་ཆེན་བྱུང་ཡོད་པ་རེད། དེབ་དེའི་ནང་བདག་ཉིད་ཆེན་པོ་གཱན྄་དྷཱིས་གསར་འགོད་པའི་ལས་འགན་གསུམ་གཏན་ལ་ཕབ་པ་ལས།
དང་པོ། མང་ཚོགས་ཀྱི་བསམ་ཚུལ་གང་ཡོད་ཤེས་པ་བྱ་རྒྱུ་དང་ཤེས་ནས་མངོན་པར་གསལ་བའི་ལམ་ཁ་སྤྲད་རྒྱུ་དེ་རེད། མདོར་ན་མང་ཚོགས་ཀྱི་བསམ་ཚུལ་ཇི་ལྟ་བ་གསར་འགོད་པས་ཤེས་པ་བྱ་རྒྱུ་དེ་རེད། མང་ཚོགས་ཀྱི་བསམ་ཚུལ་ཇི་བཞིན་མ་རྟོགས་པར་གསར་འགོད་པས་རང་གི་བསམ་ཚུལ་དེ་མང་ཚོགས་ཀྱི་བསམ་ཚུལ་གྱི་ཚབ་བྱས་ཏེ་གསར་འགོད་བྱེད་ན། གསར་འགོད་པའི་ལས་འགན་དང་པོ་དེ་དང་འགལ་འགྲོ་བ་ཡིན། ལར་ནས་མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་བྱ་རྒྱུ་ལས་སླ་པོ་ཞིག་མིན་ཞིང༌།མང་ཚོགས་ཁྲོད་དུ་སོང་སྟེ་གནས་ཚུལ་ངོ་མ་འཚོལ་སྒྲུབ་བྱེད་དགོས་ཀྱི་ཡོད། མང་ཚོགས་ཁྲོད་ནས་གནས་ཚུལ་འགའ་ཤས་ཤེས་རྟོགས་བྱུང་བ་དང༌། ཡིག་ཐོག་ནས་གསལ་བསྒྲགས་ཁ་ཤས་ལེན་ཐུབ་པ་ཙམ་གྱིས་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་མཚོན་མི་ཐུབ་ལ། གསར་འགོད་པས་འཚོལ་སྒྲུབ་བྱས་པའི་གནས་ཚུལ་རྩོམ་སྒྲིག་བྱེད་སྟངས་ཐད་ཇི་བཞིན་ཐུབ་མིན་ཡང་ཡོང་སྲིད། དེ་ནི་གང་ལྟར་མང་ཚོགས་ཀྱི་བསམ་ཚུལ་ངོ་མ་ཤེས་པ་དང༌། དེ་ཇི་མ་ཇི་བཞིན་གསར་འགོད་བྱེད་དགོས་པ་དེ་རེད། མང་ཚོགས་ཀྱི་བསམ་ཚུལ་ཚད་ལྡན་ཞིག་གསར་འགོད་རིག་པའི་རྩོམ་ཡིག་གི་ལམ་ནས་མངོན་པར་གསལ་བ་བྱེད་རྒྱུ་དེ་གསར་འགོད་པའི་ལས་འགན་དང་པོ་རེད།
གཉིས་པ། གལ་གནད་ཆེ་བའི་བསམ་ཚུལ་དགོས་ངེས་རིགས་མང་ཚོགས་ཁྲོད་དུ་མེད་ཚེ་མང་ཚོགས་ནང་དུ་བསྐྲུན་དགོས་པ་དེ་ཡིན། བོད་མིའི་སྤྱི་ཚོགས་ལ་མཚོན་ན། ང་ཚོ་མང་གཙོའི་རིང་ལུགས་ལ་ཡིད་ཆེས་བློ་གཏད་ཀྱིས་མཐའ་གཅིག་ཏུ་བསྐྱོད་རྒྱུ་ཡིན་ཟེར་ཡང་སྐབས་རེ་གཞི་རིམ་མང་ཚོགས་ཀྱི་མང་གཙོའི་བསམ་བློ་འཁྱེར་སྟངས་ཐད་མ་འདང་བ་ཆགས་ཡོང་བར་བརྟེན་གཞི་རིམ་མང་ཚོགས་ནང་དུ་མང་གཙོའི་ལྟ་གྲུབ་ཀྱི་བསམ་ཚུལ་བསྐྲུན་ཐུབ་པ་བྱ་རྒྱུ་དེ་རེད། མདོར་ན། མང་ཚོགས་ཁྲོད་བསམ་ཚུལ་གྱི་ཚོར་བ་ཡོད་དགོས་པ་དེ་མེད་ན་དེ་བསྐྲུན་དགོས་པ་དེ་གསར་འགོད་པའི་ལས་འགན་གཉིས་པ་རེད།
གསུམ་པ། མང་ཚོགས་ཀྱི་བསམ་བློ་དང༌། མང་ཚོགས་ཀྱི་སྨྲ་བརྗོད། མང་ཚོགས་ཀྱི་སྤྱོད་ལམ་སོགས་ཀྱི་ཐད་སྐྱོན་ཆ་ཞིག་ཡོད་ན་གསལ་བཏོན་བྱ་དགོས་པ་དེ་རེད། གང་ལྟར་མང་ཚོགས་ནང་གི་དགེ་སྐྱོན་གསལ་བཤད་བྱེད་དགོས་རྒྱུ་དེ་གསར་འགོད་པའི་ལས་འགན་གསུམ་པ་རེད། དེ་ལྟར་བདག་ཉིད་ཆེན་པོ་གཱན྄་དྷཱིས་གསར་འགོད་པའི་ལས་འགན་ཐད་སྡོམ་ཆེན་པོ་ཞིག་གནང་ཡོད།
ཁ་ཤས་ཀྱིས་དེ་རིང་གི་སྐུ་མགྲོན་གཙོ་བོས་དུས་རབས་བཅུ་དགུ་ཉི་ཤུའི་ནང་གི་གཏམ་རྙིང་པ་ཞིག་བཤད་པ་ལས། གསར་འགོད་པའི་ཐོབ་ཐང་དང་རང་དབང་སྐོར་བཤད་ཀྱི་མི་འདུག་དགོངས་སྲིད། གཤམ་དུ་དེ་ཚོའི་སྐོར་ལ་ཞུ་རྩིས་ཡོད། འོན་ཀྱང་ཚང་མས་མཁྱེན་དགོས་པ་ཞིག་ལ། ང་ཚོ་ད་ལྟ་དུས་རབས་ཉེར་གཅིག་ནང་ཡོད་ཀྱང༌། ང་ཚོའི་བསམ་ཚུལ་དེ་དུས་རབས་ཉེར་གཉིས་དང་ཉེར་གསུམ་ནང་སླེབས་མ་ཐུབ་པར་ད་ལྟའང་དུས་རབས་ཉི་ཤུའི་ནང་ལུས་ན་རྗེས་ལུས་ཐེབས་རྒྱུ་ལས་མདུན་བསྐྱོད་མི་ཐུབ། ཁྱེད་ཚོས་ལོ་བརྒྱ་ཉིས་བརྒྱ་ཞིག་རྗེས་ལུས་ཐེབས་འདུག་དགོངས་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཡིན་མིན་ངེས་པར་དུ་ཞིབ་འཇུག་གནང་དགོས། ད་ལྟ་ནས་རྩིས་པའི་ལོ་བརྒྱ་དང་ཉིས་བརྒྱའི་རྗེས་ལ་ག་རེ་ཡོང་མིན་དེ་ལ་ཚོད་དཔག་དང་བསམ་ཤེས་ཐུབ་དགོས།
ངོས་རང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་དང་བཅའ་ཁྲིམས་གཏན་འབེབས་ཀྱི་བརྒྱུད་རིམ་འགོ་ནས་མཇུག་བར་ཡོད་པ་མ་ཟད། བཅའ་ཁྲིམས་ནང་གང་ཞིག་འཁོད་ཡོད་མེད་ཀྱང་གསལ་རྟོགས་ཡོད། དེ་ནི་རྒྱ་གར་གྱི་རྩ་ཁྲིམས་ལ་དཔེ་བལྟས་ནས་བཟོས་པ་མིན་ཡང༌། མང་པོ་ཞིག་གིས་དེ་ལྟར་ཡིན་པར་ངོས་འཛིན་གནང་གི་ཡོད། སྤྱིར་རྒྱ་གར་གྱི་རྩ་ཁྲིམས་རྒྱས་པོ་དང་གང་ལེགས་ཡོད་རུང་དེ་སྐབས་བོད་བསྒྱུར་བྱས་མེད། འོན་ཀྱང་རྒྱལ་ཁབ་འགའ་ཞིག་གི་རྩ་ཁྲིམས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་གཟིགས་ཞིབ་ཆེད་བོད་བསྒྱུར་བྱས་ཡོད། ལར་ནས་རྒྱ་གར་གྱི་རྩ་ཁྲིམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་སྒྲོམ་གཞི་ཕྲན་བུ་མི་འདྲ་ཞིང༌། རྒྱ་གར་གྱྀ་མང་གཙོའི་ལམ་སྲོལ་དང་ད་ལྟ་ང་ཚོའི་ལག་བསྟར་བྱེད་བཞིན་པའི་མང་གཙོའི་ལམ་སྲོལ་གཉིས་ཀྱང་ཕྲན་བུ་མི་འདྲ་བར་བརྟེན། རྒྱ་གར་གྱི་རྩ་ཁྲིམས་ནས་ལེགས་ཆ་བླངས་ཡོད་ཀྱང༌། དེ་ནས་དཔེ་བླངས་པའམ་ལེབ་བཤུས་བྱས་པ་ཞིག་ནམ་ཡང་མིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་བཙན་བྱོལ་བའི་གནས་སྐབས་སུ་ལག་བསྟར་ཆེད་ཡིན་པར་བརྟེན་ཧ་ཅང་རྒྱས་པོ་མེད་རུང༌། སྨྲ་བརྗོད་ཀྱི་རང་དབང་ལྟ་བུ་ཞིག་ལ་མཚོན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང་རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༡༩ པའི་ནང་གི་སྨྲ་བརྗོད་རང་དབང་ལས་མང་བ་ཡོད་ཅིང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་ནང༌། བྱབྱབོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་འདོམས་བྱ་དགོས་དང་བྱབྱ ཞེས་འཁོད་ཡོད་སྟབས། བོད་མིའི་འཕྲལ་ཕུགས་རྩ་དོན་དང་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་ཞིག་གི་འོག་ཏུ་བཀག་འདོམས་བྱེད་རྒྱུ་གསལ་པོར་བསྟན་ཡོད། ད་ལྟ་འདིར་དྲི་བ་ཞིག་བྱུང་སྟབས་ཞུ་གི་ཡོད། དེས་ན་བཅའ་ཁྲིམས་དོན་ཚན་བཅུ་གཉིས་པའི་འོག་ལ་ཡོད་པའི་སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་གཞི་ཞིག་གིས་བཀག་དགོས་པ་ལས། འཛིན་སྐྱོང་གི་བཀོད་ཁྱབ་དང་མང་ཚོགས་ཀྱི་སྐུལ་སློང་སོགས་ཀྱི་འོག་ནས་བཀག་མི་ཐུབ། དེར་བརྟེན་ང་ཚོའི་བཅའ་ཁྲིམས་ནང་སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་ལ་འགན་ལེན་ཡོད་པ་ཞིག་རེད།
ལར་ནས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནང་གསར་འགོད་པའི་རང་དབང་ཐོག་གནོད་སྐྱོན་དང་དོ་ཕོག་འགྲོ་བའི་ལམ་ཞིག་མེད། བཀའ་ཤག་གི་ངོས་ནས་ཀྱང་དེའི་ཐད་ཚོར་སྣང་ཧ་ཅང་སྐྱེན་པོ་ཡོད་ཅིང༌། གསར་འགོད་དང་གཏམ་བརྗོད་ཀྱི་རང་དབང་ལ་དངོས་ཤུགས་བརྒྱུད་གསུམ་ནས་དོ་ཕོག་འགྲོ་ན་མི་འགྲིགས་པའི་བསམ་བློའི་ཆོད་སེམས་ཡོད་པ་ཙམ་དུ་མ་ཟད། དོ་ཕོག་འགྲོ་མིན་ཡང་རྒྱུན་དུ་བརྟག་ཞིབ་བྱེད་མུས་ཡིན།
གོང་དུ་གསར་འགོད་པའི་རང་དབང་ཐོག་དོན་དག་ཁ་ཤས་ཞུ་འདོད་ཡོད་ཞུས་པ་བཞིན་གསར་འགོད་པའི་རང་དབང་ཐད་ཉེན་ཁ་ཆེ་ཤོས་ནི་དཔལ་འབྱོར་གྱི་གནོན་ཤུགས་དང༌། ཕྱིའི་སླུ་བྲིད་ཀྱི་གནོན་ཤུགས་འོག་ནས་ཡོང་གི་ཡོད། དེང་སྐབས་གསར་འགོད་ཀྱི་རང་དབང་དང་ཐོབ་ཐང་ཞེས་ཧ་ཅང་བཤད་རུང་རང་དབང་གི་ཐོག་ནས་གསར་འགོད་བྱེད་མཁན་བརྒྱ་ཐམ་པའི་ནང་གཉིས་ཀྱང་མེད་སྙམ། མ་རྩའི་རིང་ལུགས་ཀྱི་གསར་འགོད་པ་ཞིག་ཡིན་ན་མ་རྩའི་རིང་ལུགས་པས་གང་བཤད་དེ་འབྲི་དགོས། དེ་བཞིན་དམར་ཤོག་རིང་ལུགས་པའི་གསར་འགོད་པ་ཞིག་ཡིན་ན་དམར་ཤོག་རིང་ལུགས་པས་གང་བཤད་པ་དེ་འབྲི་དགོས་པ་ལས། རང་དབང་གི་བསམ་ཚུལ་བཤད་ས་མེད། བསམ་བློ་ཞིབ་མོ་བཏང་ན་ད་ལྟའི་ཆར་བསམ་བློའི་རང་དབང་ཆུང་ཤོས་ཡོད་པ་ནི་ཚན་རིག་པ་དང་གསར་འགོད་པ་གཉིས་རེད། ཚན་རིག་པ་རྣམས་དངུལ་གྱིས་ཉོས་ཟིན་ཞིང༌། གང་གི་དོན་དུ་ཉམས་ཞིབ་བྱེད་དགོས་མིན་དེ་དངུལ་སྤྲོད་མཁན་དེས་ཐག་གཅོད་པ་མ་གཏོགས་ཚན་རིག་པས་ཐག་གཅོད་ཐུབ་ཐབས་མེད། དེ་བཞིན་གསར་འགོད་པས་གང་དྲིལ་བསྒྲགས་བྱེད་དགོས་པ་དེ་དངུལ་སྤྲོད་མཁན་ནམ་ཡང་ན་གསར་ཤོག་ཉོ་མཁན་གྱིས་ཐག་གཅོད་པ་མ་གཏོགས་གསར་འགོད་པ་ལ་རང་དབང་མེད། ད་གིན་གོང་དུ་ཞུས་པ་བཞིན་ངས་ཝཱརཱཎསཱིའི་གསར་འགོད་པའི་ཚོགས་འདུ་ཆེན་པོ་ཞིག་ཐོག་དྲི་བ་དེ་བཀོད་མྱོང་ཞིང༌། ག་རེ་བྱས་ནས་གསར་འགྱུར་དང་རྩོམ་ཡིག་ཐབས་ཆག་དེ་འདྲ་གསར་ཤོག་ཆེན་པོའི་ནང་བཀོད་ཀྱི་ཡོད་དམ་ཞེས་དྲིས་སྐབས། གསར་ཤོག་གི་རྩོམ་སྒྲིག་པ་ཆེ་ཤོས་དེ་དག་གིས་ཧ་ལམ་མཇིང་པ་འབྲེག་པའི་འགྲན་བསྡུར་ནང་ང་ཚོའི་གསར་ཤོག་དེ་འཚོང་དགོས་ཤིང༌། ཉོ་མཁན་མེད་ན་མི་འགྲིགས་པར་བརྟེན། མི་མང་གི་དགའ་ཚོར་ལ་བལྟས་ནས་མ་གཏོགས་ལྟ་གྲུབ་དང་ཚུལ་ཁྲིམས་ཡོད་མདོག་གིས་གསར་འགྱུར་བཀོད་ན་ཉིན་གཅིག་གསར་ཁང་སྒོ་བརྒྱབ་རྒྱུ་རེད་ཅེས་བཤད་ཀྱི་འདུག དེ་ལ་ངས་དེ་ལྟར་བྱས་ན་གསར་འགྱུར་གྱི་བརྒྱུད་ལམ་ནང་མང་ཚོགས་ཀྱི་མངོན་འདོད་དང་བསམ་ཚུལ་བསྐྲུན་མི་ཐུབ་པ་དེ་གསལ་པོ་ཆགས་པ་རེད། གསར་འགྱུར་གྱི་དགོས་མཁོ་མེད་པར་གྱུར་པར་བརྟེན་སྒོ་བརྒྱབ་ན་མི་ལེགས་སམ་ཞེས་བཤད་སྐབས། ཁོ་ཚོས་སྒོ་བརྒྱབ་ན་ལས་ཀ་བྱེད་མཁན་མི་མང་པོ་ཞིག་ཡོད་པ་དེ་དག་གང་དུ་འགྲོ་དགོས། སྦྱིན་བདག་གི་ཚོང་ག་འདྲ་བྱེད་ཀྱི་རེད་ཅེས་སོགས་བཤད་ཀྱི་ཡོད། དེས་ན་ཁོ་ཚོའི་རང་དབང་རྦད་དེ་བརླགས་ཟིན། གང་ལྟར་གསར་ཤོག་ཇི་ལྟར་བཙོང་ཐུབ་མིན་དང་ཁེ་བཟང་ཇི་ལྟར་བཟོ་ཐུབ་མིན་གྱི་བསམ་ཚུལ་ལས་སྨྲ་བརྗོད་དང་བསམ་སྤྱོད་ཀྱི་རང་དབང་རྩ་བ་ནས་བསྡད་མེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་སྟབས་ཉེས་པའམ། ཡང་ན་སྟབས་ལེགས་པ་ཞིག་ལ་ད་ལྟ་གསར་ཤོག་དེ་ཚོ་ཚོང་ཆེན་པོ་ཆགས་ཐུབ་མེད་ཅིང༌། རོགས་རམ་ལ་བརྟེན་པ་མ་གཏོགས་གསར་འགྱུར་ཚོང་གི་ངོ་བོར་བསྒྱུར་ཐུབ་མེད་པ་དེ་ཡག་པོ་བྱུང་བ་རེད། དེར་བརྟེན་ད་ལྟ་གང་འཚམས་ཀྱི་རང་དབང་ལྷག་མ་ཞིག་བསྡད་ཡོད་ཅིང༌། གང་འབྲི་འདོད་པ་དེ་འབྲི་ཐུབ་པ་དང་བཤད་འདོད་པ་དེ་བཤད་ཐུབ་ཀྱི་ཡོད། དེ་མིན་ཉིན་ཞིག་རྒྱ་གར་གྱི་གསར་ཤོག་དེ་དག་བཞིན་ཚོང་ཆེན་པོ་ཞིག་ཆགས་ན་ཚོང་གི་དབང་བསྒྱུར་འོག་ནས་མ་གཏོགས་སྨྲ་བརྗོད་རང་དབང་ཐོག་ནས་འབྲི་རྒྱུའི་གནས་སྟངས་ཤིག་མེད་པར་བརྟེན། གསར་འགོད་པའི་རང་དབང་གི་གནས་ཚུལ་ཆེ་ཤོས་ནི་དཔལ་འབྱོར་གྱི་གནོན་ཤུགས་དང༌། ཆབ་སྲིད་ཀྱི་གནོན་ཤུགས། ཤོག་ཁག་གི་གནོན་ཤུགས། སོ་སོའི་དགའ་མིན་དགའ་མདོག་གི་གནོན་ཤུགས་བཅས་ཀྱི་འོག་ནས་རང་དབང་ཐོབ་དགོས་པ་དེ་ཧ་ཅང་གལ་ཆེ་ཞིང༌། རྩོམ་སྒྲིག་པ་དང་གསར་འགོད་པ་ཞིག་གིས་གང་ཟག་བྱེ་བྲག་པ་ཞིག་ལ་མ་དགའ་བ་ཡོད་ན། དེའི་དོན་དུ་གསར་འགྱུར་སྡུག་ཅག་འབྲི་རྒྱུ་དང༌། གང་ཟག་བྲེ་བྲག་པ་ཞིག་ལ་དགའ་བ་ཡོད་ན་དེ་ཡར་འདྲེན་པའི་ཆེད་གསར་འགྱུར་ཡག་པོ་འབྲི་བའི་གནས་ཚུལ་བྱུང་ཚེ་སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་མེད་པར་ཆགས་སྡང་ཕྱོགས་ཞེན་འོག་ཕྱིན་ནས་ཐབས་ཆག་ཆགས་ཟིན་པས་འགན་འཁྱེར་བའི་གསར་འགོད་པའི་རང་དབང་དེ་ལྷག་མེད།
དེ་རིང་ཚོགས་འདུ་འདི་ཐོག་མ་ཚོགས་སྐབས་གསར་འགོད་པ་དང་རྩོམ་སྒྲིག་པ་རྣམས་ཀྱི་མིང་དང་ལས་གནས་སོགས་ངོ་སྤྲོད་གནང་སོང་ཡང༌། བོད་མིའི་གསར་ཤོག་དེ་ཚོའི་ནང་རྩོམ་ཡིག་ལ་མིང་མེད་མང་པོ་ཞིག་ལས་མིང་ཡོད་པ་ཧ་ཅང་ཉུང༌། སྨྱུག་མིང་འོག་གབ་སྟེ་སོ་སོའི་མིང་མ་བཏོན་པ་དེ་ནི་སྨྲ་བརྗོད་ཀྱི་རང་དབང་དང་འགལ་ཟླ་ཆེན་པོ་ཞིག་རེད། སྨྱུག་མིང་འོག་ནས་རྩོམ་ཡིག་འབྲི་བ་དེ་ནི་རང་དབང་གིས་མིན་པར་ཞེད་སྣང་ཐོག་ནས་བཤད་ཅིང༌། བཤད་དགོས་པ་ལ་ཁུངས་བསྐྱལ་རྒྱུ་མེད་བསམས་ནས་མིང་འདོན་ཕོད་ཀྱི་མེད། དེ་ལྟ་བུའི་འགན་ཁུར་མེད་པའི་གསར་འགྱུར་མང་པོ་ཞིག་ལ་ང་ཚོས་ངོས་ལེན་བྱེད་ན་གསར་འགོད་པའི་རང་དབང་དང་ཐོབ་ཐང༌། ཁྱད་ཆོས་བཅས་གང་ལའང་ཕན་ཐོགས་ཡོང་གི་རེད་དྲན་གྱི་མི་འདུག དེས་ན་གསར་འགོད་པའི་རང་དབང་དང་ཐོབ་ཐང་བཤད་སྐབས། རང་དབང་གི་ནང་དུ་འཇིགས་ཞུམ་མེད་པ་དེ་འདུས་དགོས། འཇིགས་ཞུམ་ཡོད་ན་རང་དབང་མེད། རང་དབང་ཞེས་པ་དེ་གང་དང་གང་ནས་ཐོབ་དགོས་ཞེ་ན། སོ་སོའི་ནང་དུ་ཡོད་པའི་ཞེད་སྣང་འཚེར་སྣང་དེ་ལས་ཀྱང་རང་དབང་ཐོབ་དགོས།
མདོར་ན་བདེན་པ་དང༌། འཇིགས་ཞུམ་མེད་པ། འཚེ་བ་མེད་པ་བཅས་ལ་གཞི་རྟེན་བཅོལ་བའི་གསར་འགོད་པ་ཞིག་བྱུང་ན། དེའི་སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་སུས་ཀྱང་འཕྲོག་མི་ཐུབ། ད་རེས་ཁྱེད་ཚོས་ཚོགས་འདུ་གལ་ཆེན་འདིའི་ཐོག་མགྲོན་གྱི་གཙོ་བོར་མགྲོན་འབོད་གནང་བར་དགའ་པོ་བྱུང༌། ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

༢༠༠༦ ཕྱི་ཟླ་ ༩ ཚེས་ ༥ ཉིན་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།